མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

འབྲས་སྤུངས་དགོན་པ།

    2014-04-22 15:48

    ༄༅།།འབྲས་སྤུངས་དགོན་པའི་ལོ་རྒྱུས་དང་དེ་ཕྱག་འདེབས་མཁན་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་བྱུང་བ་མདོ་ཙམ་བཀོད་པ། རྩོམ་པ་པོ། བྱམས་པ་བློ་གྲོས།

    ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་འདེབས་པ་པ་ནི་ཙོང་ཁ་པའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ཞེས་ཡོངས་སུ་གྲགས་པ་དེ་རེད། བླ་མ་འདི་ཉིད་ས་མོ་ལུག་གི་ལོ(སྤྱི་ལོ༡༣༧༩)ལ་བསམ་ཡས་སུ་སྐུ་འཁྲུངས། རྩེད་ཐང་དུ་རབ་ཏུ་བྱུང་སྟེ་གྲལ་འཛིན་མཛད། གསང་ཕུར་གཉལ་རྒོད་རིན་བསམ་དང་ལྡན་མ་དཀོན་མཆོག་སེང་གེ་ལ་ཕར་ཚད་དང་། སྐྱོར་མོ་ལུང་དུ་མཁན་ཆེན་དཀའ་བཞི་བ་ལ་འདུལ་མངོན། དགེ་ལྡན་དུ་ཙོང་ཁ་པ་ལ་གྲགས་ངེས་རྣམ་འབྱེད་དང་། རྩ་འཇུག་གི་རྣམ་བཤད། བྱང་ཆུབ་ལམ་རིམ་ཆེ་ཆུང་། སྔགས་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེར་གསན་ནས་མཁྱེན་རབ་འགྲན་ཟླ་དང་བྲལ་བར་གྱུར་པས་མཁས་དབང་ཡེ་བཟང་རྩེ་པས་རྗེ་བླ་མའི་སྲས་ཤིག་ལ་འབྲས་སྤུངས་ཆོས་རྗེ་འདི་རང་མཁྱེན་རབ་ཆེ་ཞེས་བསྔགས། ཙོང་ཁ་པས་མཁན་པོ་དང་། འདུལ་བ་འཛིན་པས་ལས་སློབ། རྒྱལ་ཚབ་ཆོས་རྗེས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། ཙོང་ཁ་པ་ཆེན་པོས་རྗེ་འདི་པ་ལ་རང་ལུགས་ཀྱི་མདོ་སྔགས་འཆད་ཚུལ་ཇི་སྲིད་བར་དར་ཞིང་རྒྱས་པའི་ཆེད་དུ་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་འདེབས་དགོས་པའི་སྐུལ་མ་མཛད་པ་བཞིན་སྣེའུ་དཔོན་ནམ་མཁའ་བཟང་གིས་སྦྱིན་བདག་གི་ཁུར་བླངས་པ་དང་བཅས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ཉིད་དགུང་གྲངས་སོ་བརྒྱད་དུ་སོན་པ་མེ་ཕོ་སྤྲེལ་གྱི་ལོ(སྤྱི་ལོ༡༤༡༦)ལ་དཔལ་ལྡན་འབྲས་སྤུངས་ཞེས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་འདི་བཏབ་པ་ཡིན་ནོ། དེ་ཡང་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གནས་འདིར་བཞུགས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དེ་ནས་འདུ་ཁང་ཆེན་མོའི་རྒྱབ་ངོས་ཀྱི་སྒྲུབ་ཁང་དུ་བཞུགས་ནས་འདུ་ཁང་ཆགས་ཡུལ་གྱི་སའི་གཞིར་དབུ་ཚད་དང་ཕར་ཕྱིན་འཆད་བཞིན་པ་ནས་ཆོས་རྗེ་དེ་ཉིད་ཀྱི་ལེགས་བཤད་ལ་འཁོར་བའི་སློབ་མ་རྣམས་དང་། གཞིས་ཀ་སྣེའུ་པས་གང་དེའི་བཞེད་དོན་སྒྲུབ་སླད་མཐུན་འགྱུར་ཞབས་འདེགས་ཀྱི་འཁུར་བླངས་ཏེ་འདུ་ཁང་དང་། སྔགས་ཁང་རྟེན་དང་བརྟེན་པ་བཅས་དང་། གྲྭ་སྤྱིལ་མང་དུ་གྲུབ་ཅིང་། རིམ་གྱིས་གཙུག་ལག་ཁང་ཆེན་མོའི་ཐུབ་དབང་གཙོ་འཁོར་དང་། སྔགས་ཁང་གི་ནག་པོ་སྐོར་གསུམ་དང་། བློས་བསླངས་རྣམས་གྲུབ། དེ་ལྟར་དགོན་གནས་ལེགས་པར་ཐེབས་ནས་ཆོས་རྗེ་ཉིད་ཀྱིས་ཙོང་ཁ་པའི་བཤད་སྒྲུབ་ཀྱི་སྲོལ་གོང་འཕེལ་དུ་མཛད་པས་མཁས་གྲུབ་ཀྱི་སློབ་མ་མུས་སྲས་པ་བློ་གྲོས་རིན་ཆེན་སེང་གེ་དང་། ཉན་བོ་ཤཀྱ་རྒྱལ་མཚན། མཁན་ཆེན་དཔལ་བློ་བ། སློབ་དཔོན་སྒ་ལེབ། སྟག་ལེབ། སྣར་ཐང་རབ་མཆོག་སོགས་དང་། གཞན་ཡང་རྟག་ལོ་ཤེས་རབ་རིན་ཆེན་སོགས་དུ་མ་འདུས་ཏེ་འཆད་ཉན་གྱི་སློབ་དཔོན་སོ་སོར་བསྐོས་པས་གྲྭ་ཚང་ཆེན་པོ་བདུན་ཆགས་པ་ནི། བློ་གསལ་གླིང་དང་། སྒོ་མང་། བདེ་ཡངས། ཤག་སྐོར། ཐོས་བསམ་གླིང་ངམ་རྒྱལ་པ། འདུལ་བ། སྔགས་པ་གྲྭ་ཚང་བཅས་སོ།།

    བློ་གསལ་གླིང་དུ་དང་པོ་སློབ་དཔོན་ལེགས་ལྡན་པས་གཞུང་ཆེན་མོ་རྣམས་བཤད། དེ་ནས་སློབ་དཔོན་གཞུ་བསོད་དང་། དཔལ་ལྡན་བློ་གྲོས་སོགས་ཀྱིས་འཆད་ཉན་མཛད། སྒོ་མང་དུ་དང་པོ་དྲུང་གྲགས་པ་རིན་ཆེན་པས་འཆད་ཉན་མཛད། དེ་ནས་རིམ་པ་བཞིན་སྒ་ལེབ་དང་། སྟག་ལེབ། གུང་རུ་ཚུལ་བཟང་བ། དཔལ་ཤེ་བ་སོགས་ཀྱིས་གདན་ས་མཛད། བདེ་ཡངས་སུ་དང་པོ་ལྕོག་པ་བྱང་དཔལ་དང་། དེ་ནས་དྲུང་ཆོས་དཔལ། གྲྭ་ཆུང་ཡོན་ཏན་རྒྱལ་མཚན་སོགས་དང་། ཤག་སྐོར་དུ་ཐོག་མར་སྣར་ཐང་རབ་མཆོག་དང་། དེ་ནས་ཉག་ཏེ་རྡོར་རྒྱལ། སློབ་དཔོན་ཉན་ཆུང་སོགས་དང་། ཐོས་བསམ་གླིང་ངམ་རྒྱལ་པ་ལ་དང་པོ་སློབ་དཔོན་ཀུན་དགའ་རིན་ཆེན་དང་། དེ་ནས་ཤཀྱ་པ། དྲུང་རྒྱལ་མཚན་པ་སོགས་དང་། འདུལ་བ་གྲྭ་ཚང་དུ་དང་པོ་དྲུང་བརྩོན་འགྲུས་གྲགས་པ་དང་། དེ་རྗེས་རིན་ཆེན་ཀུན་དགའ་རྒྱལ་མཚན་སོགས་དང་། སྔགས་པ་གྲྭ་ཚང་དུ་དང་པོ་སློབ་དཔོན་རྒྱན་ཚུལ་བ་དང་། དེ་ནས་སྦྱིན་མཆོག་པ་སོགས་བྱོན་ནས་མདོ་སྔགས་ཀྱི་བཤད་སྒྲུབ་དབྱར་མཚོ་ལྟར་འཕེལ་ཞིང་། དེ་རྣམས་ལ་གཞིས་ཀ་སྣེའུ་ནས་ལོ་རེ་བཞིན་སྨོན་ལམ་ཆེན་མོ་དང་གདུགས་དཀར་འཛུགས་པ། དབྱར་ཚུལ་དགུན་ཚུལ་བསྟར་ཆགས་པ་དང་། གཟིམ་ཁང་དང་འཆད་ཉན་ཁང་ཚོར་ན་བཟའ་གསོལ་ཆས་ནམ་དགོས་སུ་འབུལ་བར་མཛད། དགོན་མ་ལས་བུ་དགའ་བ་ལྟར་བྱུང་ནས་གྲྭ་ཚོགས་བཅའ་ཁྲིམས་འཆད་ཉན་སོགས་དཀར་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་བཞིན་དུ་འཕེལ་བར་གྱུར་ཏོ།།

    དེ་ལྟར་ཆོས་རྗེ་འདི་དགུང་གྲངས་སོ་བརྒྱད་བཞེས་པ་མེ་ཕོ་སྤྲེལ་གྱི་ལོ(སྤྱི་ལོ༡༤༡༦)ནས་དགུང་གྲངས་བདུན་ཅུ་བཞེས་པ་ས་ཕོ་འབྲུག་གི་ལོ(སྤྱི་ལོ༡༤༤༨)བར་ལོ་ངོ་སུམ་ཅུ་སོ་གཉིས་ཀྱི་རིང་ལ་གདན་ས་ཆེན་པོ་འདིར་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ས་ཕོ་འབྲུག་གི་ལོ(སྤྱི་ལོ༡༤༤༨)དགུན་ཆོས་ཀྱི་མཇུག་ཏུ་རྩེ་ཁ་བས་གདན་དྲངས་ནས་ཞག་ཤས་བཞུགས། སླར་འབྲས་སྤུངས་སུ་ཕེབས་ནས་བསླབ་ནས་བསླབ་བཏུས་ཀྱི་བརྩོན་འགྲུས་ལེའུའི་མཇུག་ཆོས་ཐུན་གཉིས་ཀྱིས་རྫོགས་པར་མཛད། དེ་ནི་སྐུ་ཚེ་དེ་ལ་འབྲས་སྤུངས་སུ་ཆོས་འཁོར་བསྐོར་བའི་མཐའ་མའོ། དུས་དེ་ནས་སྐུ་ཅུང་ཟད་བསྙུང་བས་ཕེབས་བཞུད་དཀའ་བར་ཡོད་ནའང་ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་ལ་ཕེབས། སླར་འབྲས་སྤུངས་སུ་ཕྱིར་ལོག་ཕེབས་རྗེས་ས་མོ་སྦྲུལ་གྱི་ལོའི(སྤྱི་ལོ༡༤༤༩)ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་བཤེགས། སྐུ་གདུང་དངུལ་གྱི་མཆོད་རྟེན་དུ་བཞུགས་སུ་གསོལ། དེ་ནས་གདན་སར་རིམ་པ་ལྟར་དཔལ་ལྡན་སེང་གེ། རིན་ཆེན་བྱང་ཆུབ། རྗེ་དབོན་བློ་བཟང་ཉི་མ། བློ་བཟང་གྲགས་པ། ཤཀྱ་རིན་ཆེན། སྨོན་ལམ་དཔལ་བ། འཇམ་དབྱངས་ལེགས་པ་ཆོས་འབྱོར། མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་དང་། དགེ་འདུན་རྒྱ་མཚོ་ནས་བཟུང་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པ་ལྟར་གདན་ས་མཛད་ནས་བཤད་སྒྲུབ་ལོངས་སྤྱོད་ཐམས་ཅད་ཡར་ངོའི་ཟླ་ལྟར་རྒྱས་ཤིང་། ཙོང་ཁ་པའི་རིང་ལུགས་འཛིན་པའི་མཁས་གྲུབ་རྣམས་ཀྱིས་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་། རྒྱ་བོད་ཧོར་སོགས་ཀྱི་སྐྱེ་བོ་མཆོག་དམན་ཀུན་གྱིས་སྲི་ཞུ་བཀུར་སྟི་ཕུན་སུམ་ཚོགས་པས་མཆོད། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཞེས་སྙན་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པར་གྱུར་ཏོ།།

    དེ་ལྟར་ཆོས་སྡེ་ཆེན་པོ་འདི་གཞི་འཛུགས་པ་ནས་བཟུང་སྣེའུ་རྫོང་པ་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་སྦྱིན་བདག་གི་མཐིལ་མཛད། དེ་རྗེས་སྡེ་པ་སྐྱི་ཤོད་པ་ཨ་ཁུ་བཀྲ་ཤིས་སོགས་ཀྱིས་རིམ་པར་གུས་འདུད་མཛད། དེ་ནས་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པ་དང་། གོ་ཤེ་བསྟན་འཛིན་ཆོས་རྒྱལ། སྡེ་སྲིད་བསོད་ནམས་ཆོས་འཕེལ་མཆོད་ཡོན་གྱིས་ཆོས་སྡེ་འདིར་རྟེན་གསུམ་བཞེངས་པ་དང་། ཇ་ཚུལ་རྒྱུན་འཛུགས། ཆོས་ཐོག་རྣམས་ཀྱི་ཕོགས་ཐེབས་ས་ཞིང་སྦྱོར་འཇགས་སོགས་གནང་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་པའི་ཚུལ་རྣམས་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པའི་རྣམ་ཐར་དུ་གསལ་བ་ལྟར་ཡིན། དེ་རྗེས་ཕོ་ལྷ་ཇུན་དབང་བསོད་ནམས་སྟོབས་རྒྱས་ཀྱིས་འདུ་ཁང་ཆེན་མོ་ཤིང་རྩི་ལོགས་བྲིས་བཀོད་པ་སོགས་དཔེ་དང་བྲལ་བ་བསྐྲུན། རིགས་གྲྭའི་ཐེབས་བླ་མ་སོ་སོར་དགོན་སྡེ་གསར་ཆོད་དང་མཆོད་གཞིས་རྙིང་པ་རྣམས་ཀྱི་གཏན་ཚིགས་བརྟན་དུ་བཏང་བ་དང་། རྒྱུད་སྨད་པའི་རྒྱུད་ཁང་གསར་རྒྱག བྱམས་ཆེན་གྱི་གསེར་སྐུ་ཆེན་མོ་བཞེངས་པ་དང་། སྔགས་པ་གྲྭ་ཚང་གི་གྲྭ་ཁང་གསར་དུ་བསྐྲུན་པ་སོགས་སྤྱི་དང་བྱེ་བྲག་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད།

    འབྲས་སྤུངས་དགོན་པར་ཐོག་མར་གྲྭ་ཚང་བདུན་ཡོད་ཐོག་ནས་འདུལ་བ། ཤག་སྐོར། རྒྱལ་པ་གྲྭ་ཚང་གསུམ་སྟོངས་པས་ཕྱིས་བློ་གསལ་གླིང་། སྒོ་མང་། བདེ་ཡངས། སྔགས་པ་གྲྭ་ཚང་བཅས་བཞི་ཡོད། མཚན་ཉིད་གྲྭ་ཚང་གསུམ་ནས་ཐུན་མོང་དུ་རྗེ་ཡབ་སྲས་གསུམ་གྱི་ཡིག་ཆར་འཆད་ཉན་གནང་བ་འདྲ་ནའང་། ནང་གསེས་གྲྭ་ཚང་སོ་སོའི་འཆད་ཉན་ཡིག་ཆ་ཅུང་མི་འདྲ་བ་ཡོད་པ་དཔེར་ན། བློ་གསལ་གླིང་གྲྭ་ཚང་གིས་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་དང་། སྒོ་མང་གྲྭ་ཚང་གིས་འཇམ་དབྱངས་བཞད་པའི་ཡིག་ཆ། བདེ་ཡངས་གྲྭ་ཚང་གིས་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པའི་ཡིག་ཆའི་སྟེང་འཆད་ཉན་གནང་གི་ཡོད་ལྟ་བུའོ།།

    དགོན་པའི་ནང་ཆོས་སྲིད་ཀྱི་དབང་ཆ་ཆེ་ཤོས་འཛིན་མཁན་གྲྭ་ཚང་སོ་སོའི་སློབ་དཔོན་རྣམས་ཡིན་ཞིང་། དེས་ཆོས་སྲིད་སྤྱིའི་འགན་འཁུར་གྱི་ཡོད། རྒྱུན་གཏན་བླ་སྤྱིའི་ཚོགས་འདུར་མཁན་པོ་ཁྲི་པ་སུ་ཡིན་དེས་གཙོ་འགན་བླངས་པའི་འོག སློབ་དཔོན་ལས་འཛིན་དང་མཁན་ཟུར་ཇི་ཡོད། ཚོགས་ཆེན་དབུ་མཛད། ཞལ་ངོ་གཉིས། ཕོ་བྲང་སྡེ་པ་རྣམས་ཚོགས་འདུར་ཞུགས་དགོས།

    འབྲས་སྤུངས་བླ་སྤྱི་དང་རིག་སྤྱི་གཉིས་སྒྲིག་འཛུགས་མི་འདྲ་བ་སོ་སོ་ཡིན་ཞིང་། རིག་སྤྱི་ནི་མཚན་ཉིད་གྲྭ་ཚང་གི་སློབ་དཔོན་སྒྲིག་འཛུགས་དེའི་ནང་ཞུགས་དགོས་མེད། དགོན་པའི་ཆོས་ཁྲིམས་ཀྱི་བྱེད་པོ་ནི་ཚོགས་ཆེན་དགེ་བསྐོས་གཉིས་ཡིན་པ་དང་། དགོན་པའི་སྒྲིག་ཡིག་ནི་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་བའི་བཅའ་ཡིག་དེ་ཉིད་ཡིན། ཚོགས་ཆེན་དགེ་བསྐོས་གཉིས་ལ་རྒྱུན་གཏན་དགོན་པའི་སྒྲིག་ཁྲིམས་གནོན་རྒྱུའི་དབང་ཆ་ཡོད་པ་མ་ཟད། ལོ་ལྟར་ལྷ་ལྡན་སྨོན་ཚོགས་གཉིས་འཚོག་སྐབས་གདན་ས་གསུམ་གྱི་གྲྭ་དམངས་ལ་སྒྲིག་ཁྲིམས་གནོན་རྒྱུའི་དབང་ཆ་ཡོད།

    གྲྭ་གྲངས་ཐད། སྤྱིར་བཏང་འབྲས་སྤུངས་བདུན་སྟོང་བདུན་བརྒྱ་ཞེས་བརྗོད་སྲོལ་ཡོད་ཀྱང་། འདུས་ཚོགས་མང་བའི་སྐབས་ཆིག་ཁྲི་ལྷག་ཙམ་འདུས་པ་བཅས་སོ།།

    འབྲས་སྤུངས་ཞོ་སྟོན་ནི་དབྱར་གནས་ཀྱི་དུས་སྐབས་སུ་བྱུང་བའི་དགའ་སྟོན་ཞིག་ཡིན་པ་དེ་ཡང་སྤྱིར་བཏང་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བདུན་པའི་ཚེས་སུམ་ཅུ་བར་སེ་འབྲས་དགེ་གསུམ་གཅིག་གྱུར་གཞི་གསུམ་ཆོ་གའི་ཉམས་བཞེས་ཀྱི་ནང་གསེས་དབྱར་གནས་ཞལ་བཞེས་ཀྱི་དུས་སུ་ཡིན། ལོ་ལྟར་བོད་ཟླ་བདུན་པའི་ཚེས་དགུ་ཉིན་དབྱར་ཞལ་བཞེས་ཀྱི་གྲྭ་དམངས་ལ་ཞོའི་བསྙེན་བཀུར་ཞུས་ནས་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད་པར་བརྟེན་འབྲས་སྤུངས་ཞོ་སྟོན་གྱི་མིང་ཆགས་པ་རེད་ཅེས་བརྗོད་སྲོལ་འདུག དུས་དེར་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་དགོན་པའི་ཉེ་འདབས་སུ་ཡོད་པའི་མང་ཚོགས་རྣམས་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་ལྟ་བར་འགྲོ་སྲོལ་ཡོད། དེ་སྔོན་འབྲས་སྤུངས་དགོན་པར་མ་གཏོགས་ནོར་གླིང་དུ་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་ལྟ་བར་འགྲོ་སྲོལ་ཡོད། དེ་སྔོན་འབྲས་སྤུངས་དགོན་པར་མ་གཏོགས་ནོར་གླིང་དུ་ཞོ་སྟོན་ལྷ་མོ་འཁྲབ་སྲོལ་མེད་ཀྱང་། སྤྱི་ལོ༡༩༡༣ལོར་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་གསུམ་པས་ནོར་གླིང་དུའང་ཞོ་སྟོན་ལྷ་མོ་འཁྲབ་སྟོན་དགོས་པའི་གཏན་འབེབས་གནང་བ་ལྟར་དེ་ནས་བཟུང་ལོ་ལྟར་ནོར་གླིང་དུ་གཟིགས་ཕུད་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད།

    འབྲས་སྤུངས་ཀླུ་འབུམ་དུས་ཆེན་ནི། ཏཱ་ལའི་བླ་མ་སྐུ་འཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་། སྐུ་འཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་གཉིས་ཀྱི་གདུང་རྟེན་འབྲས་སྤུངས་ཚོགས་ཆེན་ནང་ཡོད་ཅིང་། ལོ་ལྟར་བོད་ཟླ་བདུན་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་ཀླུ་འབུམ་དུས་ཆེན་ཞེས་སྐུ་གདུང་དེ་གཉིས་ལ་མཆོད་མཇལ་གཏོང་གི་ཡོད། སྤྱིར་མཆོད་རྟེན་ལ་འབུམ་པ་དང་སྐུ་གདུང་མཆོད་རྟེན་ལ་སྐུ་འབུམ་ཞེས་བརྗོད་སྲོལ་ཡོད་པ་ལྟར་སྐུ་འབུམ་ཟེར་རྒྱུ་ལ་སྒྲ་ཉམས་ནས་ཀླུ་འབུམ་ཞེས་བརྗོད་པ་ངག་རྒྱུན་དུ་གྲགས།

    འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཁང་ཚན་བཅུ་དྲུག་ཡོད་པ་ནི། ཧར་གདོང་ཁང་ཚན། བསམ་ལྷོ་ཁང་ཚན། གུང་རུ་ཁང་ཚན། སྦ་ཏི་ཁང་ཚན། བྱ་ར་ཁང་ཚན། གྲ་ཉེ་ཁང་ཚན། རི་རྩ་ཁང་ཚན། ཆུ་བཟང་ཁང་ཚན། ཆད་པ་ཁང་ཚན། མངའ་རིས་ཁང་ཚན། ཟུང་ཆུ་ཁང་ཚན། ཐེ་པོ་ཁང་ཚན། རྟ་ཡོན་ཁང་ཚན། དགའ་ཤིང་ཁང་ཚན། ཀླུ་འབུམ་ཁང་ཚན། གཞུང་པ་ཁང་ཚན་བཅས་ཡིན་པ་དང་། ཧར་གདོང་ཁང་ཚན་ཁོངས་མི་ཚན་དགུ་ཡོད་པ་སྟེ། བཙན་པོ་མི་ཚན། ཧོར་མི་ཚན། ཇུར་ཕྱེད་མི་ཚན། ཐོར་རྒོད་མི་ཚན། མཚོ་ཕག་མི་ཚན། དགོན་ལུང་མི་ཚན་བཅས་དྲུག་དང་། ཝ་ཤུལ་མི་ཚན་ལ་ནང་གསེས་མི་ཚན་གསུམ་དུ་ཡོད་པ་བཅས་བསྡོམས་པའི་མི་ཚན་དགུ་ཡོད།

    བསམ་ལྷོ་ཁང་ཚན་གྱི་ཁོངས་ལམ་པ་དང་། ཉན་པོ། ཁལ་ཁ། བིན་དུ་བཅས་མི་ཚན་བཞི་ཡོད། བོད་པ་གཞུང་མི་ཚན་དང་། དགའ་གདོང་མི་ཚན་གཉིས་ལ་ཁང་ཚན་མེད།

    བློ་གསལ་གླིང་གྲྭ་ཚང་གི་ཁོངས་ལ་ཚ་བ་དང་། སྤྲེ་ཧོར། གོང་པོ། ཕུ་གང་། ཉག་རེ། གཙང་པ། མི་ཉག སྤོམ་འབོར་ར། རྩེད་ཐང་། ཚུའུ་ཁང་། ལྷོ་པ། དབུ་སྟོད། རྒྱལ་རོང་། ཕ་ར། རོང་པོ། རྒྱལ་པ། གྲགས་པ། འདན་མ། པེ་ཐུག གོ་འོ། ཉ་མགོ། གླིང་། གུ་གལ། རྒྱ་བཅས་ཁང་ཚན་ཉི་ཤུ་རྩ་བཞི་ཡོད། ཚ་བ་ཁང་ཚན་ལ་གཉེར་པ་མི་ཚན། མཚོ་སྨད་མི་ཚན། དེང་ག་མི་ཚན་བཅས་གསུམ་ཡོད། བོད་པ་གཞུང་མི་ཚན་འདི་ལ་ཁང་ཚན་མེད།

    ཆོས་སྡེ་ཆེན་པོ་འདིར་སྐུ་གསུང་ཐུགས་ཀྱི་རྟེན་གཞུགས་ཚུལ་རགས་རིམ་ཞིག་བརྗོད་ན། ཐོག་མར་འདུ་ཁང་ཆེན་མོའི་རྒྱབ་ཏུ་འཇམ་དབྱངས་ལྷ་ཁང་ཞེས་སུ་གྲགས་པ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་པ་དེ་ཉིད་ཀྱི་སྒྲུབ་ཁང་རང་ཤོང་མའི་ནང་ཕ་བོང་གི་ངོས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་ཡོད་པ་དང་། ལྷ་ཁང་དེའི་མདུན་ཕྱོགས་སུ་གཞིས་ཀ་སྣེའུ་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་ཐོག་མའི་སྦྱིན་བདག་མཛད་ནས་བཞེངས་པའི་འདུ་ཁང་དང་དེའི་དྲི་གཙང་ཁང་གསུམ་བཅས་ཡོད་པའི་གཙང་ཁང་དབུས་མའི་ནང་དུ་སྣེའུ་རྫོང་པས་སྦྱིན་བདག་མཛད་ནས་བཞེངས་པའི་དུས་གསུམ་སངས་རྒྱས་ཀྱི་གསེར་སྐུ་ལ་བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བ། གཙོ་བོ་གསེར་སྐུ་ཆེན་མོའི་ནང་རྟེན་ལ་དབུའི་དབྱིངས་སུ་སངས་རྒྱས་ཀྱི་རིང་བསྲེལ་རྟ་མགོ་མར་གྲགས་པ་བདུན་དང་། སངས་རྒྱས་གསེར་ཐུབ་ཀྱི་ཚེམས། ཙོང་ཁ་པའི་ཚེམས། ལྷོ་བྲག་ཕྱག་རྡོར་གྱི་དབུ་ལོ། མཐིང་ཤོག་ལ་འཛམ་བུ་ཆུ་གསེར་གྱིས་བྲིས་པའི་བླ་མ་བརྒྱུད་པའི་མཚན་སྔགས། མགྲིན་པར་ནུབ་ཕྱོགས་རྒྱ་མཚོའི་འགྲམ་ནས་གདན་དྲངས་པའི་དུང་དཀར་གཡས་འཁྱིལ་ཀར་ཤ་པ་ཎ་ངོ་མཚར་ཅན། ཐུགས་ཀར་བཅོམ་ལྡན་འདས་ཀྱི་སྐུ་ལྕགས་ཁྲུ་གང་པ། ཐུབ་པ་ཆེན་པོ་རྒྱ་གར་མ། འཇམ་དཔལ་རྡོ་རྗེ། བྱང་ཆུབ་ཤིང་འདོམ་གང་། སངས་རྒྱས་ཀྱི་བསྟོད་འབུམ། བཀྲ་ཤིས་བེའུ་བུམ། ཙོང་ཁ་པས་དབུ་མའི་ལྟ་ཁྲིད་གསན་པའི་བརྗེད་བྱང་བཀོད་པའི་ཕྱག་དཔེ། སངས་རྒྱས་ཀྱི་ཞབས་རྗེས་སུ་གྲགས་པ་རྣམས་བཞུགས། རྗེ་རིན་པོ་ཆེའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཐོག་ཚད་མ་དང་། འཇམ་དབྱངས་ཆོས་རྗེའི་སྐུ་བརྙན། ཏཱ་ལའི་བླ་མ་སྐུ་འཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་སྐུ་བརྙན་རྣམས་བཞུགས།

    བྱམས་ཁང་རྙིང་པར་ཙོང་ཁ་པས་ལྗགས་བཀོད་གནང་བ་ལྟར་སྣེའུ་རྫོང་ནས་བཞེངས་པའི་རྒྱལ་བ་མི་ཕམ་པ་དགུང་ལོ་བརྒྱད་པའི་ཚད་རྒྱུ་གསེར་ཟངས་ལས་གྲུབ་པ་ལོངས་སྐུའི་ཆ་ལུགས་ཅན། དེའི་ནང་རྟེན་དུ་སངས་རྒྱས་ཀྱི་འཕེལ་གདུང་དུ་གྲགས་པ་ཆེ་བ་བྱ་སྒོང་ཙམ་དང་། ཆུང་བ་ཉུང་འབྲུ་ཙམ་གྱི་བར་མ་རྡའི་བྲེ་ཆེན་གང་། ཙོང་ཁ་པའི་དབུ་ལོ། འཕགས་པ་ཐོགས་མེད་ཀྱི་དབུ་ལོ། སྤྱན་རས་གཟིགས་ཁ་སར་པ་ནིའི་སྐུ་བརྙན་རྒྱ་གར་མ། མགྲིན་པར་ཙོང་ཁ་པར་ཀླུའི་རྒྱལ་པོ་དུང་སྐྱོང་གིས་དབུས་ཁར་ནག་མཚོ་འགྲམ་དུ་ཕུལ་བར་གྲགས་པའི་དུང་དཀར་གཡས་འཁྱིལ་གསུམ་འབྲེལ་རྟེན་འབྲེལ་སྙིང་པོས་བརྒྱན་པ། ཐུགས་དཀར་རྒྱལ་པོ་དོན་གྲུབ་ཀྱི་དབུ་རྒྱན་དང་། ཤེལ་སྒ་རིན་ཆེན་སྤུངས་པ། ཞྭ་ནག་གསེར་མདོངས་མ། ཇོ་བོ་ཆེན་པོའི་སྟག་གི་བཞུགས་གདན་སྤོས་ཀྱིས་བགོས་པ། རྡོ་རྗེ་གདན་ནས་བྱོན་པའི་བྱང་ཆུབ་ཤིང་གི་མ་ཧའ་བོ་རྡི། རྒྱ་གར་གྱི་ལྷ་ཨ་མོ་ག་བཛ། དཔལ་ན་རོ་པའི་གདུགས་དཀར་གསེར་གྱི་ཡུ་བ་ཅན་རྗེ་མར་པ་ལ་རྩལ་བ། མི་ལ་བཞད་པ་རྡོ་རྗེའི་ཟྭའི་ཁོག་མ། གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག ཙོང་ཁ་པའི་ན་བཟའ་ཆ་ཚང་། འཕགས་པ་ཐོགས་མེད་ཀྱི་སྐུ་ཆོས། རྣམ་སྲས་མདུང་དམར་ཅན་གྱི་མདུང་། གཟུངས་ཆེན་སྡེ་ལྔ་མ་ཁ་གསེར་སྦྱངས་བཙོ་མས་བྲིས་པ་སོགས་མང་དུ་བཞུགས་པ་བཅས་རིན་བྲལ་གྱི་དངོས་པོ་ཐམས་ཅད་གཅིག་ཏུ་སྤུངས་པ་འདི་ལ་ཙོང་ཁ་པས་རབ་གནས་མཛད།

    དངུལ་གདུང་ལྷ་ཁང་དུ་ཏཱ་ལའི་བླ་མ་སྐུ་འཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་གདུང་དངུལ་སྲང་བདུན་སྟོང་བཞི་བརྒྱ་ལས་གྲུབ་པ། ནང་རྟེན་དུ་རྗེ་དེ་ཉིད་ཀྱི་ཐུགས་ལྗགས་སྤྱན་གསུམ་དང་། དབུ་ཀླད་ཞུན་ཐིག སངས་རྒྱས་ཀྱི་འཕེལ་གདུང་དུ་གྲགས་པ་སོགས་མཐའ་ཡས་པ་བཞུགས། ཏཱ་ལའི་བླ་མ་སྐུ་འཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་སྐུ་རྒྱུ་ཚད་སོགས་གོང་དང་འདྲ་བའི་ནང་རྟེན་དུ་རྗེ་དེ་ཉིད་ཀྱི་ལྗགས་དང་། གདུང་རུས། གདུང་ཐལ། གཞན་ཡང་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས།

    འཁྲུངས་རབས་ལྷ་ཁང་དུ་གནས་ཆེན་བརྒྱད་ཀྱི་ས་དང་། མཆོད་རྟེན་བརྒྱད་ཀྱི་ས། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་། ཙན་དན་གོར་ཤི་ཤ། ཀ་མ་རུའི་རྡོ། ཀླུ་འཇིམ། ཆུ་བོ་གསེར་ལྡན་ཀྱི་ཟངས། གསེར་ཕྱེ་རྣམས་ལས་གྲུབ་པའི་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པའི་སྨན་སྐུ། ནང་རྟེན་ལ་སངས་རྒྱས་རབས་བདུན་གྱི་འཕེལ་གདུང་དུ་གྲགས་པ་དང་། འབྲོམ་རིན་པོ་ཆེའི་ཚེམས། ཙོང་ཁ་པའི་སྐུ་ཆོས་སོགས་ཡོད།

    ཇོ་བོ་ལྷ་ཁང་གི་རྟེན་གྱི་གཙོ་བོ་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་ཇོ་བོ་རིན་པོ་ཆེ་སྲིད་ཞིའི་འཇིགས་སྐྱོབ་མར་གྲགས་པ་དང་། ནང་རྟེན་དུ་སངས་རྒྱས་གསེར་ཐུབ་ཀྱི་འཕེལ་གདུང་དུ་གྲགས་པ། ཤ་རིའི་བུའི་དབུ་ལོ། མོང་གལ་གྱི་བུའི་རྣམ་སྦྱར། པཎ་ཆེན་ཤཀྱ་ཤིརིའི་སྐུ་ཆོས། བྲག་ལྷོ་ཕྱག་རྡོར་གྱི་དྲིལ། ཙོང་ཁ་པའི་དབུ་ཞྭ་སོགས་མཐའ་ཡས་པ་བཞུགས།

    གནས་བཅུ་ལྷ་ཁང་དུ་ཐུབ་པའི་དབང་པོ་གཙོ་འཁོར་གསུམ་བྱང་ཆུབ་ཤིང་ལས་གྲུབ་ཅིང་། གཞན་རྣམས་ཙན་དན་དཀར་པོ་ལས་གྲུབ་པ་དེ་ཡང་སྔོན་རྒྱ་ནག་ཏུ་གནས་བརྟན་བཅུ་དྲུག་སྤྱན་དྲངས་ཏེ་དབྱར་ཟླ་གསུམ་ཞལ་གྱིས་བཞེས་ནས་དགག་དབྱེ་མཛད་དེ་རང་གནས་སུ་གཤེགས་ཁར་དད་པའི་རྟེན་དུ་སོ་སོ་ནས་རང་རང་གི་འདྲ་འབག་རེ་ཕྱག་བཟོ་མཛད་ནས་གནང་བ་ཡིན་ཞེས་བརྗོད་སྲོལ་ཡོད་པ་དེ་སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་བ་རིམ་གྱིས་ཀརྨ་པའི་ཐུགས་དམ་རྟེན་དུ་ཀོང་པོ་རྩེ་ལྷ་སྒང་དུ་བཞུགས་པ་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པས་ཐུགས་དམ་གྱི་རྟེན་དུ་སྤྱན་དྲངས་ཏེ་འདིར་བཞུགས་པ་ཡིན།

    བྱམས་ཁང་གསར་པ་འདིར་བཞུགས་པའི་བྱམས་པ་མགོན་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་སྨན་འདམ་ལས་གྲུབ་པ་འདི་ནི་གདན་ས་འདིའི་མཁན་ཆེན་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་བཀོད་པ་མཛད་ནས་སྣེའུ་རྫོང་ནས་སྦྱིན་བདག་གནང་སྟེ་བཞེངས་ཤིང་། ཆོས་སྡེ་ཆེན་པོ་འདིའི་མཁན་བརྒྱུད་སྔ་མ་རྣམས་ཀྱང་དེ་སྐབས་བཞེངས་པ་ཡིན་ལ། བྱམས་ཆེན་འདིའི་ནང་རྟེན་དུ་དེ་བཞིན་བཤེགས་པའི་རིང་བསྲེལ་དུ་གྲགས་པ་དང་། ཙོང་ཁ་པའི་སྐུ་བརྙན། གཞན་ཡང་རྒྱ་བོད་ཀྱི་པཎ་གྲུབ་མང་པོའི་དབུ་སྐྲ། ན་བཟའ་སོགས་མཐའ་ཡས་པ་བཞུགས། དེའི་གཡས་ཀྱི་དངུལ་གདུང་གཉིས་པ་འདིའི་ནང་དུ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་དེ་ཉིད་ཀྱི་སྐུ་གདུང་རིལ་པོ་བཞུགས་ཡོད་དོ།།

    བཀའ་འགྱུར་ལྷ་ཁང་ནང་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པས་བཀའ་གནས་བ་ལྟར་སྡེ་སྲིད་བློ་བཟང་མཐུ་སྟོབས་ཀྱིས་མཐིང་ཤོག་ལ་གསེར་བཙོ་མ་འབའ་ཞིག་གིས་བཞེངས་ཤིང་། ཙན་དན་གྱི་གླེགས་ཤིང་གདོང་བརྐོས་བ་སོ་ལ་པ་ཀྲའི་རིས་དང་། ཆོས་ཐག་ཆོས་ཆབ་སོགས་བཀོད་པས་མཛེས་པར་རབ་གནས་ལྔ་པ་ཆེན་པོས་གནང་བ་བཀའ་འགྱུར་འཛམ་གླིང་གཡས་བཞག་ཏུ་གྲགས་པ་བཞུགས།

    སྐལ་བཟང་ལྷ་ཁང་ནང་སངས་རྒྱས་སྟོང་གི་སྐུ་བརྙན་ཛེ་ཀིམ་སྐུ་ཤ་གྲང་གསེར་གསོལ་བ་ལྔ་པ་ཆེན་པོས་རབ་གནས་མཛད་པ་བཞུགས། ཆོས་སྡེ་འདི་ཡི་ནང་རྟེན་གྱི་གཙོ་བོ་ནི་ཙོང་ཁ་པས་འགོག་པ་རི་ལས་གཏེར་ནས་བཞེས་པར་གྲགས་པའི་དུང་དཀར་དེ་ཡིན།

    སྔགས་ཁང་རྟེན་དང་བརྟེན་པར་བཅས་པ་ནི་ཙོང་ཁ་པས་བཀའ་གནང་ལྟར་ནམ་མཁའ་བཟང་དཔོན་བློན་གྱིས་སྦྱིན་བདག་མཛད་ནས་བཞེངས་པ་ཡིན་ལ། དེ་ཡང་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་པར་རྒྱལ་བ་ཞལ་དགུ་ཕྱག་སོ་བཞི། ཞབས་བཅུ་དྲུག་པ་འདིའི་འཇམ་དཔལ་གྱི་ཞལ་གྱི་ནང་དུ་སངས་རྒྱས་ཀྱི་འཕེལ་གདུང་བྱ་སྒོང་ཙམ་གྱིས་མཚོན་འཕེལ་གདུང་མང་དུ་བཞུགས་པར་གྲགས། གཞན་ཡང་ར་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་སྐུ་གདུང་ཕྱག་མཛུབ་གཅིག་མ་གཏོགས་པ་རིལ་པོ་བཞུགས། གཡོན་ངོས་ཀྱི་བཀའ་སྡོད་ལས་ཀྱི་གཤིན་རྗེ་དེ་ཡང་སྐུ་རྒྱུ་སོགས་འཇིག་བྱེད་དང་ཁྱད་པར་མེད། མགོན་པོ་ཕྱག་དྲུག་པ་དང་། ཁེ་ཀྲ་པ་ལ་ནི་བླ་མ་དབུ་མ་པས་བཞེངས་ཤིང་རབ་གནས་མཛད་པ་ཡིན་ལ། འདི་རྣམས་ལ་ཙོང་ཁ་པས་ཀྱང་རབ་གནས་མཛད།

    འཇིགས་བྱེས་ཀྱི་གཡས་ཕྱོགས་སུ་བཞུགས་པའི་ཙོང་ཁ་པའི་སྐུ་དེ་ནི་རྗེ་ཉིད་ཀྱིས་ཕྱག་བཟོ་མཛད་པ་ཡིན། སྟེང་གི་བློས་བསླངས་དེ་དག་ཀྱང་ཙོང་ཁ་པའི་ཕྱག་ལེན་ལྟར་སྣེའུ་པས་སྦྱིན་བདག་མཛད་དེ་ཙན་དན་དཀར་དམར་ལས་བཞེངས་པ་དང་། དཔལ་རྡོ་རྗེ་འཇིག་བྱེད་དེ་ནི་སྣེ་ཆུང་བའི་ཕྱག་བཟོ་ཡིན་ནོ།།

    (ཆོས་སྡེ་ཆེན་པོ་འབྲས་སྤུངས་དགོན་གྱི་ལོ་རྒྱུས་འདི། ཕུར་ལྕོག་ངག་དབང་བྱམས་པས་བརྩམས་པའི་དཀར་ཆག་པད་དཀར་ཕྲེང་བ་དང་། པཎ་ཆེན་བསོད་ནམས་གྲགས་པའི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་གཉིས་ལ་ཁུངས་སུ་བྱས་ནས་བསྒྲིགས་པ་ཡིན།)

    ༡༩༨༣ལོའི《བོད་ལྗོངས་ཞིབ་འཇུག》དེབ་གཉིས་པ་ལས་བཤུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག