མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

དཔལ་འཁོར་ཆོས་སྡེ།

    2014-04-22 15:48

   ༅།། དཔལ་འཁོར་ཆོས་སྡེ་ཕྱག་འདེབས་པ་པོ་སུ་ཡིན་དང་། བཏབ་པའི་ལོ་རབས་ཀྱི་གནད་དོན་སྐོར། རྩོམ་པ་པོ། ཅ་ཞང་ཡུན་དང་ཧོ་ཙུང་དབྱིང་གིས།

    རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་གྲགས་པའི་དགོན་གནས་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་རྫས་སྲུང་སྐྱོབ་སྡེ་ཚན་གྱི་ཡ་གྱལ་ཞིག་རེད། དགོན་གནས་འདི་ནི་བརྗིད་ཉམས་དོད་ལ་དགེ་འདུན་པ་མང་པོ་བསྡུ་མྱོང་ཞིང་། ས་སྐྱ་དང་། དགེ་ལུགས། བུ་སྟོན་བཅས་གྲུབ་མཐའ་སྣ་ཚོགས་འཛིན་པའི་དགོན་སྡེ་ཞིག་ཡིན་པར་མ་ཟད། བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་ཚད་གཞི་ངེས་ཅན་གྱི་ཤུགས་རྐྱེན་དང་གོ་གནས་འཛིན་མྱོང་བ་ཞིག་ཀྱང་རེད། དགོན་གནས་འདིའི་འཛུགས་སྐྲུན་འཇིམ་བཟོ་དང་། ལྡེབས་རིས་ལ་སོགས་པ་གཞན་དང་མི་འདྲ་བ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་བ་དེས་ཉེ་འགྱངས་རིས་སུ་མ་ཆད་པའི་སྒྱུ་རྩལ་ལ་གཟིགས་དཔྱད་མཁས་པ་རྣམས་དང་། གནས་བསྐོར་བའི་སྐྱེ་བོ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འགུག་པར་ནུས་ཤིང་། དཔལ་འཁོར་མཆོད་རྟེན་ནམ་ཡང་ན་སྐུ་འབུམ་དུ་གྲགས་པའི་མཆོད་རྟེན་འདི་ཉིད་དཔལ་ཆོས་དགོན་གྱི་གཙོ་བོའི་འཛུགས་སྐྲུན་ཞིག་ཡིན་པར་མ་ཟད་དགོན་གནས་འདིའི་འཛུགས་སྐྲུན་ནང་གི་མཆོག་དང་རྩེ་མོར་གྱུར་པ་ཞིག་ཀྱང་རེད། དེ་ཡང་བཟོ་སྐྲུན་གྱི་འཆར་འགོད་མཁན་ནས་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་བཟོ་དབྱིབས་རྙིང་པར་ཆ་མ་བཞག་པར་དེ་རྣམས་ཀྱི་ཆ་ཚད་ཚང་ལ་མ་ནོར་བ་གཟུགས་གཅིག་ཏུ་གྲུབ་པའི་ཁྱད་ཆོས་དང་ལྡན་པའི་མཆོད་རྟེན་འདི་ཉིད་གངས་ཅན་ལྗོངས་སུ་འཛུགས་སྐྲུན་བྱས་པའི་མཆོད་རྟེན་ནང་གི་ཡང་རྩེ་ལྟ་བུར་གྱུར་པའོ། གོང་དུ་སྨྲས་པའི་ཁྱད་ཆོས་འདི་དང་དེ་འདྲ་བ་ལས་གྲུབ་པའི་དགོན་སྡེ་འདི་ནི་བོད་ཀྱི་དགོན་པ་གཞན་དང་མི་འདྲ་བའི་རྒྱུ་མཚན་ལ་བརྟེན་ནས་ཕྱོགས་གང་ཐད་ནས་གལ་པོ་ཆེར་བརྩིས་ཏེ་རྟོག་འཇུག་གི་བྱ་བར་ཞུགས་ཏེ་དགོན་པ་འདི་དང་འབྲེལ་བ་ཡོད་པའི་ཡིག་ཆ་མི་ཉུང་བ་ཞིག་འགྲེམས་སྤེལ་བྱས་འདུག འོན་ཀྱང་ཡིག་ཆ་དེ་དག་གི་ནང་ནས་ང་ཚོས་མཐོང་ཐུབ་པ་ནི་དཔལ་ཆོས་དགོན་གྱི་དགོན་པའི་མིང་ལ་ཇི་སྐད་སྨྲ་བ་དང་། ཕྱག་འདེབས་པ་པོ་སུ་ཡིན་པ། ག་དུས་བཏབ་པ་བཅས་ཀྱི་སྐོར་འགྲེལ་བཤད་དང་ཤོད་སྟངས་ནི་གཅིག་ཏུ་མ་ངེས་ཤིང་། དགོན་པ་བཏབ་ལོ་དེ་ཁོ་ནར་མཚོན་ནའང་སྤྱི་ལོ༡༣༨༡ལོ་ནས༡༣༨༥ལོའི་བར་བཏབ་ཟེར་བ་དང་། ཡང་སྤྱི་ལོ༡༤༡༤ལོར་བཏབ་ཟེར་བ། ཡང་སྤྱི་ལོ༡༤༢༢ལོར་བཏབ་ཟེར་བ། ཡང་སྤྱི་ལོ༡༤༢༩ལོར་བཏབ་ཟེར་བ། ཡང་སྤྱི་ལོ༡༤༣༩ལོར་བཏབ་ཟེར་བ་སོགས་སྣ་ཚོགས་སྣང་བར་བརྟེན་ང་ཚོར་གནད་དོན་འདི་ཐད་བརྩོན་ཞིབ་བྱེད་འདོད་ཀྱི་སྤྲོ་བ་རྨ་མེད་པ་ཞིག་བྱུང་བའི་ཉེར་ལེན་གྱིས་ང་ཚོས་ལོ་རྒྱུས་ཀྱི་ཡིག་ཆ་འགའ་ཞིག་བལྟ་ཀློག་དང་འབྲེལ་ཟིན་བྲིས་སུ་བྲིས་པའི་པིར་རིས་འདི་ཉིད་ཚུལ་འདིར་སྤྲོ་བ་དང་ལྡན་པའི་བློ་མཐུན་ཚོར་དཔྱད་གཞིར་སྟོབ་པར་འདོད་དོ།།

    དང་པོ། དགོན་པ་འདིའི་མིང་གི་རྣམ་གྲངས་སྐོར།

    དཔལ་ཆོས་དགོན་པར་གྲགས་པ་འདིའི་མིང་ཡོངས་སུ་རྫོགས་པ་ནི་དཔལ་འཁོར་ལོ་བདེ་མཆོག་རྡོ་རྗེ་ལུ་ཨི་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་རོལ་པའི་མཚོའི་ཆོས་སྡེ་ཞེས་སུ་གྲགས་པའི་བསྡུས་མིང་དཔལ་འཁོརལ་བདེ་ཆེན་དུ་འབོད་པའི་དོན་ནི་དཔལ་འཁོར་ལོ་སྡོམ་པའི་བདེ་བ་ཆེན་པོའི་དགོན་གནས་ཞེས་པ་དེའོ། རྒྱུན་གཏན་དགོན་པ་འདིའི་མིང་ལ“དཔལ་འཁོར་ཆོས་སྡེར”གྲགས་པའི“ཆོས་སྡེ”ཞེས་པའི་ཚིག་རྐང་གཉིས་ནི་དགོན་གནས་ཆེན་པོར་དེ་ལྟར་འབོད་ཅིང་། སྤྱིར་བཏང་གི་དགོན་ཆུང་ལ“ཆོས་སྡེ”ཞེས་སུ་འབོད་པར་མི་བྱའོ། དེ་ལྟ་བུ་འབོད་པར་བྱ་བའི་མིང་གི་ཐོག་ནས་དགོན་གནས་དེ་ནི་ཆེན་པོ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ། འོ་ན“དཔལ་འཁོར”ཞེས་པའི་མིང་གི་དོན་ལ་ཡང་འགྲེལ་བཤད་ཇི་ལྟར་རྒྱག་དགོས་སམ། དོན་གནད་འདིའི་ཐད་ཤོད་རྒྱུན་ཁག་གཉིས་ཡོད་པའི་དང་པོ་ནི། དགོན་པ་འདིའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་མན་ངག་གི་སྙན་བརྒྱུད་འཛིན་པའི་གྲྭ་ཚང་ཡོད་པའི་རྒྱུ་མཚན་ལས“དཔལ་དུས་ཀྱི་འཁོར་ལོའི”བསྡུས་མིང་དུ་དཔལ་འཁོར་ཞེས་སུ་འབྱུང་བས་དགོན་པའི་མིང་ལའང་དེ་ལྟར་ཐོགས་པ་ཡིན། (《མཁས་གྲུབ་རྗེའི་རྣམ་ཐར》ལ་གཟིགས)ཁག་གཉིས་པའི་སྒྲུབ་བྱེད་ནི། མང་ཚོགས་ཀྱི་ཁྲོད་དུ་ཤོད་རྒྱུན་འདི་ལྟ་བུ་ཞིག་ཡོད་པ་སྟེ། དཔལ་ཆོས་དགོན་འདིའི་ཆགས་ཡུལ་མྱང་ཆུའི་ཉེ་འདབས་སུ་གནས་པ་དེར་ཆ་འཁོར་གྱི་རྦ་འགོ་ཞིག་ཡོད་པ་དེ་ལ་བརྟེན་ནས་ས་གནས་དེའི་སྐྱེ་བོ་རྣམས་ཀྱིས་རྦ་འགོར་གྲགས་པ་དུས་ཡུན་རིང་མོ་སོང་བའི་རྗེས་རྦ་འགོར་དེ་ད་ལྟའི་དཔལ་འཁོར་དུ་འགྱུར་བ་བྱུང་ཞེས་གླེང་། ང་ཚོས་དཔྱད་པ་ཞིབ་མོར་བྱས་པ་ལྟར་ན་གོང་གི་འདོད་ཚུལ་དང་དེ་འཐད་པར་མཐོང་། ཅིའི་ཕྱིར་ཞེ་ན། མྱང་ཆུའི་འདབས་ཀྱི་ཆུ་འཁོར་གྱི་རྦ་འགོ་དང་དགོན་གནས་གཉིས་ལ་མཐུན་པའི་ཕྱོགས་ཀྱི་འབྲེལ་བ་མེད་ཅིང་། དཔལ་དུས་ཀྱི་འཁོར་ལོའི་མན་ངག་གི་སྙན་བརྒྱུད་འདི་ནི་དགེ་འདུན་པ་རྣམས་ཀྱིས་ཉམས་ལེན་བྱེད་དགོས་པའི་ནང་དོན་གྱི་གྲས་ཤིག་ཡིན་པ་དེ་ཁོ་ནའི་ཐོག་ནས་ཀྱང་གསལ་པོར་རྟོགས་ཐུབ་པ་ཡིན་ནོ།།

    གཉིས་པ། དཔལ་ཆོས་དགོན་ཕྱག་འདེབས་པ་པོ་སུ་ཡིན་སྐོར།

    སུ་ཞིག་གིས་དཔལ་ཆོས་དགོན་པ་ཕྱག་བཏབ་པ་རེད་དམ། འདི་སྐོར་ཡིག་ཆ་འགའ་ཞིག་ཏུ་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་ཕྱག་བཏབ་ཅེས་གླེང་བ་དང་། ཡིག་ཆ་ལ་ལར་བུ་སྟོན་ཐམས་ཅད་མཁྱེན་པས་ཕྱག་བཏབ་པ། ཡང་ཡིག་ཆ་ཁ་ཤས་སུ་ངོས་འཛིན་པ་ནི་མཁས་གྲུབ་རྗེ་དང་རབ་བརྟན་ཀུན་བཟང་འཕགས་གཉིས་ཐུན་མོང་ནས་ཕྱག་བཏབ་པ་བཅས་སྣ་ཚོགས་གསལ་བའི་ནང་ནས་ང་ཚོས་ཁས་ལེན་པར་འདོད་པ་ནི་ཁོང་གཉིས་མཉམ་རུབ་ཀྱིས་ཕྱག་བཏབ་པར་གླེང་བ་དེ་ཡིན། ད་ཆ་དེའི་སྐོར་གྱི་གྲུབ་བྱེད་ནི་གཤམ་དུ་གསལ་བ་ལྟར་རོ།།

    ༡(མཁས་གྲུབ་རྗེ)དང་རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་གཉིས་ཡོན་མཆོད་དུ་གྱུར་ཏེ“དཔལ་འཁོར་བདེ་ཆེན་གྱི་ཆོས་སྡེ་ཆེན་པོ་བཏབ།”(《བེེཏྰུར་སེར་པོ》ཡི་ཤོག་གྲངས༦༡ནས༦༢ལ་གཟིགས། )

    ༢ མྱང་སྟོད་རྒྱལ་རྩེའི་དཔལ་འཁོར་བདེ་ཆེན་ནི། རྒྱལ་མཁར་རྩེ་པ་སྟེ་རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་དང་མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་པོ་མཆོད་ཡོན་གཉིས་ནས་ཕྱག་བཏབ། (གོང་གི་དཔེ་ཆའི་ཤོག་གྲངས༡༩༧རྒྱབ་ཕྲེང༣ནས༤བར་ལ་གཟིགས། )

    ༣ དེ་རྗེས། ཤར་ཕྱོགས་ཀྱི་རྒྱལ་མཁར་རྩེ་པའི་ཆོས་རྒྱལ་རབ་བརྟན་ཀུན་བཟང་པ་དང་། བླ་མ་ཡོན་མཆོད་གཉིས་ནས་ཆོས་སྡེ་ཆེན་པོ་དཔལ་འཁོར་བདེ་ཆེན་ཕྱག་བཏབ། (《མཁས་གྲུབ་རྗེའི་རྣམ་ཐར》ཤོག་གྲངས༧མདུན་ཕྲེང༤ནས༥ལ་གཟིགས། )སྐབས་འདིར་སྨྲས་པའི་རྒྱལ་མཁར་རྩེ་པ་ནི་རྒྱལ་རྩེའི་མི་སྟེ་རབ་བརྟན་ཀུན་བཟང་པ་ཡིན། དེ་དང་རབ་བརྟན་ཀུན་བཟང་འཕགས་ཞེས་པ་ཡང་མི་གཅིག་གི་མིང་གི་རྣམ་གྲངས་སུ་ཤེས་དགོས།

    ༤ རབ་བརྟན་ཀུན་བཟང་འཕགས་ཀྱིས་མཁས་གྲུབ་དགེ་ལེགས་དཔལ་བ་བྱང་ཕྱོགས་ནས་ཆོས་སྡེ་འདེབས་པའི་གཙོ་སྐྱོང་གནང་བར་སྤྱན་དྲངས(《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས》བསྡུས་མིང་ལ《མྱང་ཆོས་འབྱུང་》ཞེས་སུ་གྲགས་པའི་ཤོག༡༣རྒྱབ་ཕྲེང༡ནས༢བར་ལ་གཟིགས། )

    གོང་དུ་སྨྲས་པའི་དཔེ་ཆ་ཁག་གསུམ་ནས་དྲངས་པའི་དོན་གནད་བཞིས་གསལ་བཤད་བྱེད་ཐུབ་པ་ནི་དཔལ་ཆོས་དགོན་གྱི་ཕྱག་འདེབས་པ་པོ་མཁས་གྲུབ་རྗེ་དང་རབ་བརྟན་ཀུན་བཟང་འཕགས་གཉིས་ལས་གཞན་དུ་ན་ཁོང་ཚོའི་ནང་ནས་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ།།

    གཞན་ཡང་གངས་རིའི་ལྗོངས་འདིར་དགོན་གནས་འདེབས་པའི་བྱ་བའི་བརྒྱུད་རིམ་ལ་བལྟས་ཚེ་ཆོས་སྡེ་ཆེན་པོ་གསར་དུ་འདེབས་པའི་སྐབས་སྤྱིར་བཏང་ནས་བཤད་ན་བླ་མ་ཞིག་དང་སྦྱིན་བདག་གཅིག་ཟུང་དུ་འབྲེལ་བའི་སྒོ་ནས་ཕྱག་འདེབས་ཤིང་། དེ་ཡང་དགོན་སྡེ་ཕྱག་འདེབས་པའི་འཛུགས་སྐྲུན་ནི་དཀའ་ཚེགས་ཆེ་ལ་འགྲོ་གྲོན་ཤིན་ཏུ་ཆེ་བ་བཅས་ལ་བརྟེན་བླ་མ་ཞིག་ལ་མཚོན་ན་དེ་ལྟར་སྒྲུབ་མི་ཐུབ་པ་དེའི་རྐྱེན་གྱིས་ངེས་པར་དུ་ས་གནས་དེ་གར་དབང་སྟོབས་ལྡན་པའི་མི་སྣས་མིའི་ནུས་ཤུགས་དང་། དངུལ་དང་དངོས་པོ་གང་ཐད་ནས་ནུས་པ་བཏོན་ཏེ་ལས་འགན་དེ་ཕྲག་པར་འཁུར་ཕོད་པ་ཞིག་དགོས། ས་གནས་ཀྱི་དབང་ཆ་འཛིན་པའི་མི་རྣམས་ནི་ཆོས་ལུགས་ལ་དད་མོས་བྱེད་མཁན་ཞིག་ཡིན་མོད། འོན་ཀྱང་ཁོ་ཚོ་ཆོས་ལུགས་ཁོ་ན་དོན་དུ་གཉེར་བའི་བླ་མ་མིན་པའི་རྐྱེན་གྱིས་ཆོས་ལུགས་ཀྱི་རྣམ་པར་གཞག་པ་ཡོངས་རྫོགས་བྱང་ཞིང་ཆུབ་པར་མ་གྱུར་པ། དཔེར་ན། དགོན་སྡེའི་ནང་གཙུག་ལག་ཁང་སྣ་ཚོགས་པའི་འཛུགས་སྐྲུན་གྱི་རྣམ་གཞག་དང་། སྐུ་བརྙན་གྱི་འཇིམ་བཟོ། དེ་བཞིན་ལྡེབས་རིས་ལ་སོགས་པ་བསྐྲུན་པའི་བྱ་བའི་ནང་ཆོས་ལུགས་ཁག་དང་མཐུན་པའི་མཚན་ཉིད་ཚང་ལ་མ་ནོར་བ་ཞིག་དགོས་གལ་ཆེ་བ་དང་། དེ་རྗེས་གསུང་རབ་དང་། ཤེས་ཡོན་རྒྱུན་འཛིན་གྱི་གནས་ལུགས། བསགས་སྦྱངས་ཀྱི་བཤད་པ་ལ་སོགས་པ་རྣམས་ནི་ཆོས་ལུགས་ནང་བསྟན་པའི་འཇུག་སྒོ་དེ་ཁོ་ནར་འགྲོ་དགོས་པ་དེའི་ཕྱིར་སྦྱིན་བདག་གི་ནུས་ཤུགས་ཁོ་ནས་ཆོག་པ་མིན་པ་ངེས་པར་དུ་མཁས་ཤིང་གྲུབ་པའི་བླ་མ་ཞིག་གིས་གཙོ་སྐྱོང་བྱེད་དགོས་པ་ནི་གདོན་མི་ཟ་བར་བརྟེན་བླ་མ་དེའི་སྙན་གྲགས་ལས་ཆོས་ལུགས་གྲུབ་མཐའ་གང་ཞིག་འཕེལ་རྒྱས་སུ་འགྲོ་བ་དང་། དགོན་པ་གང་ཞིག་གི་གྲགས་པ་འབར་བ། དེ་བཞིན་འདུ་ཞིང་བསྟི་བའི་སློབ་མ་ལ་སོགས་པ་ཚང་མར་ཐག་གཅོད་རང་བཞིན་ལྡན་པའི་དོན་སྙིང་ཡོད། དགོས་པ་རྒྱུུ་མཚན་དེའི་སྟོབས་ཀྱིས་རབ་བརྟན་ཀུན་བཟང་འཕགས་ཀྱིས་ཙོང་ཁ་པའི་ཐུགས་སྲས་མཁས་གྲུབ་རྗེ(པཎ་ཆེན་སྐུ་ཕྲེང་དང་པོ)དཔལ་ཆོས་དགོན་ཕྱག་འདེབས་པའི་གཙོ་སྐྱོང་གནང་བར་གདན་ཞུ་བྱས་པ་འདི་ཡང་རྒྱལ་རྩེའི་ཉེ་འགྱངས་རིས་སུ་མ་ཆད་པར་གྲགས་སྙན་ཕྱོགས་བརྒྱར་ཁྱབ་པ་དང་། རང་གིས་ཁ་ལོ་སྒྱུར་བའི་ས་གནས་ཀྱི་སྟོབས་ཤུགས་སྲ་བརྟན་ཡོང་ཐུབ་པ་བཅས་ཀྱི་ཆེད་དུ་ཡིན་པ་ནི་སོམ་ཉི་སྤྲུ་ཙམ་མི་དགོས་པ་ཞིག་གོ བུ་སྟོན་ཐམས་ཅད་མཁྱེན་པས་ཕྱག་བཏབ་པར་འདོད་པའི་ལྟ་བ་དེ་ནི་དགོན་པ་དེ་བདག་གཉེར་བྱེད་པའི་དགེ་འདུན་པའི་ཟེར་སྒྲོས་ཙམ་ལས། ལོ་རྒྱུས་དེབ་ཐེར་ནང་དེ་ལྟ་བུའི་གནས་ལུགས་འདྲེན་བྱེད་ཀྱི་ཡུལ་དུ་མ་གྱུར་སྟབས་འདིར་ཡང་དགོས་པ་མེད་པའི་གཏམ་ངག་གླེང་བར་མི་བྱའོ།།

    གསུམ་པ། དཔལ་ཆོས་དགོན་པ་ཐོག་མར་ཕྱག་བཏབ་པའི་ལོ་རབས་སྐོར།

    ཐོག་མར་གནས་ཚུལ་གཅིག་གསལ་བཤད་བྱེད་དགོས་པ་དེ་ནི་རྒྱུན་ཏུ་མཐོང་བའི་བྱ་བ་དང་། ཅུང་ཡིད་རྟོན་རུང་བའི་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་མང་ཆེ་བར་དགོན་གནས་འདེབས་པ་པོའི་སྐོར་གླེང་བ་ལས་དགོན་གནས་འདེབས་པའི་ཞིབ་ཕྲའི་དུས་ཚོད་སྐོར་རྒྱས་བཤད་མི་བྱ་བའི་ཐོག་ཡིག་ཆ་དེ་ཚོའི་ནང་འཁོད་པར་ཡང་མ་དག་པའི་ཕྱོགས་ཅུང་མང་བས་ལོ་དུས་གནད་ཕིག་པོ་ཞིག་ཡོང་བ་ཧ་ཅང་དཀའ་བར་སྣང་། དཔལ་ཆོས་དགོན་གྱི་བཏབ་ལོ་རིགས་འདེད་གཏན་འབེབས་བྱ་རྒྱུ་ཡང་འབྲེལ་ཡོད་མི་སྣའི་ཚེ་གང་གི་བྱ་གཞག་ཁོ་ནའི་ཐོག་ནས་ཚོད་དཔག་དགོས་པ་དེར་ཐུག དེ་ཡང་ལོ་རྒྱུས་ཡིག་ཆའི་ནང་འཁོད་པར་ནོར་འཁྲུལ་འགའ་ཞིག་བྱུང་བ་དེས་དོན་གནད་ནང་འགལ་བས་ཁྱབ་པར་ཞིག་ཡོང་རྒྱུ་གོར་མ་ཆག དཔེར་ན། 《མཁས་གྲུབ་རྗེའི་རྣམ་ཐར》ནང་ལྕགས་མོ་ཕག(༡༤༣༡)ལོ་མཁས་གྲུབ་རྗེ་དགའ་ལྡན་གྱི་ཁྲི་ལ་ཕེབས་ཤིང་། དེ་དུས་ཁོང་དགུང་ལོ་ཞེ་དྲུག་ཡིན་ལུགས་འཁོད་པ་དང་། ཡང་《བེེ་སེར》ནང་དུ་སྤྱི་ལོ༡༤༣༡ལོར་ཁོང་དགུང་ལོ་ཞེ་བདུན་ཕེབས་ཞེས་འཁོད་པ་བཅས་ཀྱིས་དཔལ་ཆོས་དགོན་གྱི་བཏབ་ལོའི་ལོ་རབས་རིགས་འདེད་གཏན་འཁེལ་བྱ་རྒྱུ་ཧ་ཅང་དཀའ་བ་ཙམ་དུ་མ་ཟད། ད་དུང་མཁས་གྲུབ་རྗེ་སྔོན་ལ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་པ་དང་། དེ་རྗེས་དབུས་སུ་ཕེབས་ཏེ་ཙོང་ཁ་པ་མཇལ་བའི་ལོ་རྒྱུས་ཀྱང་འདུག འོན་ཀྱང་《མཁས་གྲུབ་རྗེའི་རྣམ་ཐར》དང་《བེེ་སེར》བཅས་དང་ཁོང་དགུང་ལོ་ཉི་ཤུ་རྩ་གསུམ་པར་དབུས་སུ་ཕེབས་ཏེ་ཙོང་ཁ་པ་མཇལ་བ་དང་། དགུང་ལོ་སུམ་ཅུ་སོ་གཅིག་པར་གཞི་ནས་བསྙེན་པར་རྫོགས་ཞེས་གསལ་པོར་བསྟན་པས་བྱ་བའི་སྔ་ཕྱི་ཏག་ཏག་འགོ་མཇུག་ལོག་སྟབས་དཔལ་ཆོས་དགོན་གྱི་བཏབ་ལོ་ཞིབ་རྩིས་རྒྱག་པར་ཡང་དཀའ་ངལ་ཤིན་ཏུ་ཆེ་བ་ཞིག་ཡོང་གི་འདུག ཚང་མས་གནད་དོན་འདི་གསལ་པོར་མཁྱེན་ཐུབ་པའི་ཆེད་དུ་ང་ཚོའི་བལྟ་སྟངས་ཇི་ལྟར་ཡིན་པི་སྐོར་གཤམ་དུ་མཁས་གྲུབ་རྗེ་དང་། རབ་བརྟན་ཀུན་བཟང་འཕགས་གཉིས་ཀྱི་ལོ་རབས་གླེང་བར་འདོད་ཅིང་། དེ་ཡང་ང་ཚོའི་ཁུངས་ལུང་འདྲེན་པའི་ལོ་རྒྱུས་ཀྱི་ཡིག་ཆ་མཐའ་དག་བོད་ཡིག་ཏུ་སོང་གཤིས། བོད་ཀྱི་ལོ་ཐོའི་ལོ་རིམ་བརྩི་ཚུལ་དེ་སྔར་བཞིན་བེད་སྤྱོད་ཐོག་མི་སྣའི་ལོ་གྲངས་ཐད་བོད་ཀྱི་ལོ་རྩིས་དང་བསྟུན་པ་སྟེ་ཚང་མ་ལོ་ངོ་ཁོ་ནར་བརྩི་བ་ལས་ལོ་ཧྲིལ་པོར་བརྩིས་མེད།

    མཁས་གྲུབ་རྗེ།

    བོད་ཀྱི་རབ་བྱུང་དྲུག་པའི་ཤིང་མོ་གླང་ལོར(མིང་འུང་ཨུ་ཁྲི་ལོ༡༨པ་སྤྱི་ལོ༡༣༨༥)སྟོད་བྱང(དེང་གཉའ་ནང་ཤན(རྫོང)ཁོངས)ལ་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ཕོ་འབྲུག་ལོ(མིང་ཅན་འུན་ཁྲི་ལོ༢པ། སྤྱི་ལོ༡༤༠༠)དགུང་ལོ་བཅུ་དྲུག་པར་རབ་བྱུང་གི་སྡོམ་པ་བཞེས་ཤིང་། ཆོས་ལུགས་ནི་ས་སྐྱའི་ཁོངས་སུ་གཏོགས།

    རབ་བྱུང་བདུན་པའི་ཤིང་མོ་བྱ་ལོ(མིང་གཡུང་ལོ་ཁྲི་ལོ༣པ། སྤྱི་ལོ༡༤༠༥)དགུང་ལོ་ཉི་ཤུ་རྩ་གཅིག་པར་བསྙེན་པར་རྫོགས། རབ་བྱུང་བདུན་པའི་མེ་མོ་ཕག་ལོ(མིང་གཡུང་ལོ་ཁྲི་ལོ༥པ། སྤྱི་ལོ༡༤༠༧)དགུང་ལོ་ཉི་ཤུ་རྩ་གསུམ་པར་དབུས་སུ་ཙོང་ཁ་པ་མཇལ་བར་ཕེབས་ཏེ་ཆོས་ལུགས་ནི་དགེ་ལུགས་པར་བསྒྱུར་ཅིང་། དེ་རྗེས་གཙང་ལ་ཕྱིར་ཕེབས་པ་དང་ལྕང་ར་དགོན་གྱི་མཁན་པོ་གནང་ཐོག་རི་བོ་མདངས་ཆེན་དགོན་ཕྱག་འདེབས་པའི་གཙོ་སྐྱོང་གནང་།

    རབ་བྱུང་བདུན་པའི་ས་ཕོ་ཁྱི་ལོར(མིང་གཡུང་ལོ་ཁྲི་ལོ༡༨པ། སྤྱི་ལོ༡༤༡༦)དགུང་ལོ་སུམ་ཅུ་སོ་བཞི་པར་རབ་བརྟན་ཀུན་བཟང་འཕགས་དང་ལྷན་དུ་དཔལ་ཆོས་དགོན་ཕྱག་བཏབ།

    རབ་བྱུང་བདུན་པའི་ལྕགས་མོ་ཕག་ལོར(མིང་ཤོན་ཏ་ཁྲི་ལོ༦པ། སྤྱི་ལོ༡༤༣༡)དགུང་ལོ་བཞི་བཅུ་ཞེ་བདུན་པར་གནས་རྙིང་དགོན་དུ་ཕེབས་ཏེ་རྒྱལ་ཚབ་རྗེར་མཇལ་ཁ་ཞུས་པ་དང་། དེ་ལོར་དགའ་ལྡན་དགོན་གྱི་ཁྲི་ཐོག་གསུམ་པ་གནང་།

    རབ་བྱུང་བདུན་པའི་ས་ཕོ་རྟ་ལོར(མིང་ཀྲང་དུང་ཁྲི་ལོ༣པ། སྤྱི་ལོ༡༤༣༨)དགུང་ལོ་ལྔ་བཅུ་ང་བཞི་པར་དགའ་ལྡན་ཁྲི་པ་གནང་བཞིན་པའི་སྐབས་ཞི་བར་གཤེགས།

    རབ་བརྟན་ཀུན་བཟང་འཕགས།

    བོད་ཀྱི་རབ་བྱུང་བདུན་པའི་ས་མོ་སྦྲུལ་ལོར(མིང་འུང་ཨུའུ་ཁྲི་ལོ༢༢པར། སྤྱི་ལོ༡༣༨༩)ས་སྐྱ་དཔོན་ཆེན་ཀུན་དགའ་དཔལ་གྱི་ཁྱིམ་དུ་འཁྲུངས་ཤིང་། དེ་རྗེས་ན་ཚོད་དར་ལ་དྲག་པའི་སྐབས་སྣེ་གདོང་གོང་མའི་གཟིམས་དཔོན་གནང་སྟེ་ཡུན་རིང་མ་སོང་བར་རྒྱལ་རྩེ་ས་གནས་ཀྱི་དཔོན་པོར་བསྐོས།

    རབ་བྱུང་བདུན་པའི་ཆུ་མོ་སྦྲུལ་ལོ(མིང་གཡུང་ལོ་ཁྲི་ལོ༡༡པ། སྤྱི་ལོ༡༤༡༣)དགུང་ལོ་ཉི་ཤུ་རྩ་ལྔ་པར་ལྕང་ར་ཆོས་སྟེ་བཏབ།

    རབ་བྱུང་བདུན་པའི་ཤིང་ཕོ་རྟ་ལོར(མིང་གཡུང་ལོ་ཁྲི་ལོ༡༢པ། སྤྱི་ལོ༡༤༡༤)དགུང་ལོ་ཉི་ཤུ་རྩ་དྲུག་པར་མྱང་ཆུའི་ཐོག་ལྕང་ལོ་ཟམ་ཆེན་གསར་སྐྲུན་གནང་།

    རབ་བྱུང་བདུན་པའི་ས་ཕོ་ཁྱི་ལོར(མིང་གཡུང་ལོ་ཁྲི་ལོ༡༦པ། སྤྱི་ལོ༡༤༡༥)དགུང་ལོ་སུམ་ཅུ་པར་མིང་གོང་མའི་རྒྱལ་རབས་ཀྱི་འཇའ་ས་དང་། ཡུལ་གྱི་སྟོང་དཔོན་གྱི་ཆོ་ལོ་ཐོབ་པ་མ་ཟད། བོད་ཡིག་གི་ཡིག་ལམ་ནང་འཁོད་པར་གཞིགས་ན་ཁོང་ལ་ཏའི་སི་ཏུའི་འཇའ་ས་ཐོབ་ཡོད་ཅིང་། དེའི་དུས་མཁས་གྲུབ་རྗེ་རྒྱལ་རྩེར་གདན་དྲངས་ཏེ་དཔལ་ཆོས་དགོན་ཕྱག་བཏབ།

    རབ་བྱུང་བདུན་པའི་ལྕགས་མོ་ཕག་ལོར(མིང་ཤོན་ཏ་ཁྲི་ལོ༨པ། སྤྱི་ལོ༡༤༣༡ལོའི་གོང་དུ)དཔལ་ཆོས་དགོན་གྱི་འཛུགས་སྐྲུན་གྲུབ་པ་དང་། ལོ་དེར་མཁས་གྲུབ་རྗེ་དང་ཐུགས་སྣང་མཐུན་མིན(ཡང་ན་ཆོས་ལུགས་མི་འདྲ་བ)གྱིས་མཁས་གྲུབ་རྗེ་གཙང་ནས་ཞལ་གྱེས་འདུག་པའི་རྗེས་སུ་རབ་བརྟན་ཀུན་བཟང་འཕགས་ཀྱིས་སླར་ཡང་མི་སྣ་མངགས་ཏེ་མཁས་གྲུབ་རྗེ་གདན་ཞུ་གནང་རུང་། མཁས་གྲུབ་རྗེ་ནས་ཚང་མ་ཞལ་བཞེས་གནང་མི་འདུག དགོན་གནས་བཏབ་ལོའི་སྐོར། 《མྱང་ཆོས་འབྱུང་》ནང་འདི་འདྲའི་ཚིག་གཅིག་སྣང་བ་སྟེ་ཕོ་ཕག་ལོའི་དབྱར་ཟླ་འབྲིང་པོའི་ཆུ་སྟོད་ཟླ་བའི་ཡང་ངོའི་ཚེས་གཉིས་ལ་དགོན་གནས(དཔལ་ཆོས་དགོན)འདིའི་འདུ་ཁང་ལ་སོགས་པའི་རྨང་བཏིངས“ས་ཕོ་ཕག་ལོ་ནི་མིང་ཕྲང་ཙུའུ་ཡུང་རློའི་ཁྲི་ལོ༡༦པ་སྤྱི་ལོ༡༤༡༨ཆུ་སྟོད་ཟླ་བ་ནི་བོད་ཟླ་དྲུག་པར་བརྩི་བ་ལྟར་དཔལ་ཆོས་དགོན་གྱི་བཏབ་ལོ་ནི༡༤༡༨ལོའི་བོད་ཟླ༦ནས༧ནང་ཡིན་པར་མངོན་པ་འདི་ནི་ང་ཚོའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པའི་དགོན་གནས་བཏབ་ལོའི་སྐོར་བོད་ཡིག་གི་ལོ་རྒྱུས་ཡིག་ལམ་ནང་ནས་ངེས་པ་འདྲེན་ནུས་འབའ་ཞིག་ཏུ་གྱུར་པ་དང་། ང་ཚོའི་ངོས་འཛིན་ལ་ཡང་དགོན་གནས་བཏབ་ལོའི་ལོ་རབས་འདི་ནི་ལོ་རྒྱུས་ཐོག་གི་དངོས་ཡོད་གནས་ཚུལ་དང་ཐག་ཉེ་བར་མཐོང་ཞིང་དེའི་རྒྱུ་མཚན་ཡང་གཤམ་དུ་གསལ་བ་འདི་ལྟ་སྟེ།

    ༡.མཁས་གྲུབ་རྗེ་དང་རབ་བརྟན་ཀུན་བཟང་འཕགས་ཀྱི་ལོ་རབས་ལ་བལྟས་ན། ཁོང་ཚོས་སྤྱི་ལོ༡༣༨༡ལོ་ནས༡༣༨༥ལོའི་བར་བཏབ་པ་མ་ཡིན་ལ་སྤྱི་ལོ༡༤༣༩བར་འགྱངས་སྲིད་པ་ཡང་མ་ཡིན། ཅིའི་ཕྱིར་ཞེ་ན། སྤྱི་ལོ༡༣༨༡ནས་༡༣༨༥བར་གྱི་དུས་སྐབས་སུ་ནི་ཁོང་གཉིས་ནས་གཅིག་ནི་འཁྲུངས་རྒྱུ་ཡིན་པ་དང་། གཅིག་ཤོས་ཀྱང་ཕྲུ་གུའི་ཁུར་གཟན་གྱི་ནང་དུ་གནས་པ་བཅས་ལགས་ཤིང་། སྤྱི་ལོ༡༤༣༩ལོའི་དུས་སྐབས་དེ་ནི་མཁས་གྲུབ་རྗེ་དགོངས་པ་རྫོགས་ཏེ་ལོ་གཅིག་སོང་བ་བཅས་ཀྱིས་གོང་གི་འདོད་ཚུལ་གཉིས་པོ་ནི་འཐད་པར་མ་མཐོང་ངོ་།།

    ༢.སྤྱི་ལོ༡༤༡༤ལོར་འདོད་པའི་ཤོད་ཚུལ་དེ་ཡང་སྔོན་ལ་ཐལ་འདུག ཅིའི་ཕྱིར་ཞེ་ན། མཁས་གྲུབ་རྗེ་དགུང་ལོ་ཉི་ཤུ་རྩ་གསུམ་པར(སྤྱི་ལོ༡༤༠༧)དབུས་སུ་ཕེབས་ཏེ་ཙོང་ཁ་པ་མཇལ་བའི་རྗེས་སུ་ཙོང་ཁ་པ་དང་། རྒྱལ་ཚབ་རྗེ། འདུལ་འཛིན་གྲགས་པ་རྒྱལ་མཚན། འཇམ་དགའ་བ། རྗེ་འཇམ་དབྱངས་རྒྱལ་མཚན་བཅས་ནས་ཆོས་ཞུ་བ་གནང་རྗེས་ཕྱོགས་བཞིར་གནས་བསྐོར་བ་དང་གསང་སྔགས་ཀྱི་ཟབ་ཆོས་གསན་བསམ་དང་། དབང་ཞུ་བ་སོགས་གནང་ཞིང་དེ་རྗེས་གཙང་ལ་ཕྱིར་ཕེབས་ཏེ་ལྕང་ར་ཆོས་སྡེའི་མཁན་པོ་མཛད་ཐོག་སློབ་མ་རྒྱ་ཆེ་བསྡུས་པར་བཀའ་ཆོས་གནང་བ། དེ་རྗེས་རི་བོ་མདངས་ཆེན་དགོན་འདེབས་པའི་གཙོ་སྐྱོང་མཛད། སྤྱི་ལོ༡༤༠༧ནས༡༤༡༤བར་ལོ་དྲུག་བདུན་ཙམ་གྱི་དུས་ཚོད་ནང་ཁོང་གིས་བྱ་བ་མང་པོ་དེ་ལྟ་བུ་བསྒྲུབ་ཐུབ་པ་ནི་ཅི་ལ་སྲིད། བླ་མ་ཞིག་ལ་ཆ་མཚོན་ན་མཚམས་དང་སྒྲུབ་པ་རྒྱག་ཐེངས་རེ་རེར་དུས་ཚོད་ངེས་ཅན་ཞིག་དགོས་པ་དེ་ལྟ་བས་ན་སློབ་མར་བཀའ་ཆོས་གནང་བ་དང་མཁོ་རྒུ་གསོག་སྒྲུབ་ཀྱིས་དགོན་གནས་འདེབས་པ་བཅས་ཀྱང་དུས་ཚོད་རྒྱུན་ཐུང་ནང་སྒྲུབ་ཐུབ་པའི་བྱ་བ་ཞིག་མིན་སྟབས་ང་ཚོའི་ངོས་འཛིན་ལ་སྤྱི་ལོ༡༤༡༤ལོ་དཔལ་ཆོས་དགོན་ཕྱག་བཏབ་པའི་ཟེར་སྒྲོས་འདི་ཡང་ཁུངས་ལུང་ལྡན་པར་མ་མངོན་ནོ།།

    ༣.སྤྱི་ལོ༡༤༢༤ལོའམ་སྤྱི་ལོ༡༤༢༩ལོར་བཏབ་ཅེས་གྲགས་པ་འདི་ཡང་ཆེས་འགྱང་བར་ཐལ། ཅིའི་ཕྱིར་ཞེ་ན། བོད་ཡིག་དཔེ་ཆའི་ནང་དགོན་གནས་འདི་ཕྱག་འདེབས་པར་ལོ་བཅུ་ལྷག་ཙམ་གྱི་དུས་ཚོད་འགོར་བ་དེ་ལྟར་ན་མཁས་གྲུབ་རྗེ་དགུང་ལོ་ལྔ་བཅུ་ལྷག་ཙམ་ལ་ཕེབས་དགོས་པས་ཁོང་ལ་དུས་སྐབས་དེའི་ནང་དགའ་ལྡན་ཁྲི་པ་ལོ་བདུན་གནང་བའི་དུས་ཚོད་ཡོང་སྲིད་དམ། གནས་ཚུལ་དེའི་ཐོག་ནས་མཐོང་ཐུབ་པ་ནི་དཔལ་ཆོས་དགོན་གྱི་བཏབ་ལོ་དེ་སྤྱི་ལོ༡༤༢༤ལོའི་གོང་ལ་ཡིན་པ་སྨོས་མ་དགོས་པ་དང་། སྤྱི་ལོ༡༤༢༩ལོར་བཏབ་ཅེས་གྲགས་པ་ནི་དེ་བས་རྒྱུ་མཚན་ཡོད་པར་མངོན་ནོ།།

    ༤.གོང་དུ་གསལ་བའི་འདོད་ཚུལ་ཁག་རྣམས་གནས་ཐུབ་པ་ཞིག་མིན། འོ་ན《མྱང་ཆོས་འབྱུང》ནང་འཁོད་པ་ལྟར་གྱི་སྤྱི་ལོ༡༤༡༨ལོར་བཏབ་ཅེས་གྲགས་པ་དེ་ནི་ང་ཚོའི་ངོས་འཛིན་ལྟར་ན་ཅུང་ཟད་ལོ་རྒྱུས་ཐོག་གི་དངོས་ཡོད་གནས་ཚུལ་དང་ཐག་ཉེ་བར་མངོན། མ་གཞི་དེ་ནི་ཚད་འཛིན་ས་ཁེར་རྐྱང་ལྟ་བུར་སྣང་ཡང་མཁས་གྲུབ་རྗེའི་སྐུ་ཚེ་ཧྲིལ་པོའི་བྱ་བར་བལྟ་སྐབས་སྤྱི་ལོ༡༤༡༨ནས་སྤྱི་ལོ༡༤༣༠ལོའི་གོང་གི་དུས་ཚོད་འདིའི་ནང་མཚན་སྙན་དང་ཡོངས་སུ་མཐུན་པའི་སྐྱེ་བོའི་རེ་བ་སྐོང་བ་དང་། སྐབས་དེར་ཁོང་གཙང་དུ་བཞུགས་པ་ལས་གཞན་ཆོས་ལུགས་ཀྱི་བྱ་བ་མེད་པས་རབ་བརྟན་ཀུན་བཟང་འཕགས་དང་མཉམ་དུ་དཔལ་ཆོས་དགོན་འདེབས་པར་མཛད་པ་ནི་རྒྱུ་མཚན་ཧ་ཅང་ཆེ་བར་མཐོང་བས་ང་ཚོས་སྤྱི་ལོ༡༤༡༨ལོ་ནི་དཔལ་ཆོས་དགོན་ཐོག་མར་ཕྱག་བཏབ་པའི་ལོ་རབས་སུ་གདམ་པའི་རྒྱུ་མཚན་ཡང་དེར་ཐུག། །།

    དཔྱད་གཞིའི་ཡིག་རིགས་ཀྱི་དཀར་ཆག

    ༡ 《ཙོང་ཁ་པའི་རྣམ་ཐར》

    ༢《མཁས་གྲུབ་རྗེའི་རྣམ་ཐར》

    ༣《བེེཌྰུར་སེར་པོ》

    ༤《ལམ་རིམ་བླ་བརྒྱུད་ཀྱི་རྣམ་ཐར》

    ༥《མྱང་ཆོས་འབྱུང》

    ༡༩༨༢ལོའི《བོད་ལྗོངས་ཞིབ་འཇུག》དེབ་གཉིས་པ་ལས་བཤུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག