མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

ཤང་ཧྲན་ཇོ་བོའི་ལྷ་ཁང་།

རྩོམ་པ་པོ། ཧོང་ཧའོ།    2014-04-22 15:48

    ༄༅།། ཤང་ཧྲན་ཇོ་བོའི་ལྷ་ཁང་།    

    སྤྱི་ལོ༡༧༨༠(ཆན་ལུང་ཁྲི་ལོ་བཞི་བཅུ་པ)ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་གིས་གོང་མ་ཆན་ལུང་གི་ཐུགས་བརྩེ་ཟབ་མོའི་གདན་ཞུར་དང་ལེན་གནང་སྟེ་བོད་ནས་ཞལ་གྱེས་ཀྱིས་རེ་ཧོ་ཞིང་ཆེན་བརྒྱུད་པེ་ཅིན་ལ་ཕེབས་འབྱོར་བྱུང་།

    པཎ་ཆེན་སྐུ་ཕྲེང་དྲུག་པར་གོང་མ་ཆན་ལུང་གི་གུར་བཀུར་ཟབ་མོ་ཐོབ་པ་དང་། པཎ་ཆེན་གྱི་བཞུགས་གནས་དོན་དུ་གོང་མས་ཐུགས་འགན་ཆེ་བཞེས་ཀྱིས་གང་དགའ་ཅི་ལེགས་མཛད། རེ་ཧོ་ཞིང་ཆེན་ལ་ཁོང་གི་ཆེད་དུ་བོད་ལུགས་དབྱིབས་ཅན་གྱི་བཀྲ་ཤིས་ལྷུན་པོ་དགོན་བཏབ་པ་དང་། ཁོང་པེ་ཅིན་ལ་ཕེབས་རྗེས་སླར་ཡང་བཞུགས་གནས་ཁག་གཉིས་ཏེ། དབྱར་གནས་རི་བོ་ཤང་ཧྲན་གྱི་ཇོ་བོའི་ལྷ་ཁང་དང་། དགུན་གནས་རྡོ་ཧྲེང་སྒོ་མོ་ཆེའི་ཕྱི་རོལ་གྱི་དགོན་པ་ཧོང་ཟི་ནུབ་མ་བཅས་བཀོད་སྒྲིག་མཛད། དེ་མིན་པཎ་ཆེན་གཡུང་དགོན་ལའང་བཞུགས་མྱོང་ཐོག ལྡུམ་ར་ཡོན་མིང་ཡོན་དང་། སྲང་ཀྲུའུ་དགོན། ཙན་དན་དགོན། མཆོད་རྟེན་དཀར་པོ་དགོན། ཁྲི་ལོ་བརྟན་པ་དགོན་སོགས་ལའང་ཁོང་གི་ཞབས་རྗེས་གསལ་ཡང་དེ་དག་ནི་གནས་གཟིགས་དང་། དབང་ལུང་གནང་བ། ཡང་ན་སྤྲོ་འཆམ་བཅས་ཀྱི་དོན་དུ་ཕེབས་པ་ཙམ་ཡིན། ཇོ་ཁང་དེ་ཤང་ཧྲན(དབེན་སྐྱིད་ལྡུམ་རྭ)གྱི་ཅན་ཤིན་ཀྲའེ་དང་། གཡུ་རྩི་མཆོད་རྟེན་གྱི་གཤམ་འོག་རི་སྐེད་མཚམས་སུ་ཁ་ཤར་གཏད་དུ་གནས་པ་དང་། རྩིག་གྱང་དམར་སྨུག་ཡིན་ལ་ཁང་རྩེག་མཐོ་བ་དང་། ཐང་ཤིང་ཤུག་པ་སོགས་ཀྱིས་ཉི་འོད་སྒྲིབ་སྟེ། འཁོར་ཡུག་དབེན་ཅིང་ཡུལ་ལྗོངས་ལྟ་ན་སྡུག་པར་ཆགས་པ་བཅས་ལྷ་ཁང་ཆགས་ཡུལ་དེ་ནི་སྔར་མཉྗུ་གོང་མ་ཚང་གི་ཤ་བའི་རྩེད་རྭ་ཡིན་པ《རྒྱལ་ས་པེ་ཅིན་གྱི་མཐོང་ཐོས་རྙིང་པར་དཔྱད་པ》ཞེས་པའི་བམ་པོ་གྱ་བདུན་པར་གསལ།

    ཆན་ལུང་གིས་ཇོ་ཁང་དེ་བཞེངས་པའི་དགོས་པ་ཡང་རེ་ཧོ་ཞིང་ཆེན་ལ་གདན་བཀྲ་ཤིས་ལྷུན་པོ་བཞེངས་པ་དང་མཚུངས་པར་གཙོ་དོན་ཆན་ལུང་དགུང་ལོ་བདུན་ཅུར་སོན་པའི་འཁྲུངས་སྐར་ལ་པཎ་ཆེན་ནས་རྟེན་གསོལ་གནང་བའི་མཛད་རྗེས་ལ་བདག་རྐྱེན་གནང་བ་ཡིན་ཞིང་། དེ་སྐོར་ཇོ་ཁང་ནང་ཆན་ལུང་གི་ཕྱག་བྲིས་ཕྱག་བསྟར་མ་ལས་བརྐོས་པའི་རྡོ་རིང་ཡི་གེར“རེ་ཧོར་བཀྲ་ཤིས་ལྷུན་པོ་དགོན་བཏབ་རྗེས་སླར་ཡང་ཤང་ཧྲན་གྱི་དབེན་སྐྱིད་ལྡུམ་རར་ཇོ་བོའི་ལྷ་ཁང་འདི་བཞེངས་པ་ཡང་པཎ་ཆེན་ཐག་རིང་ནས་རྟེན་གསོལ་དུ་བྱོན་ལྷག་བསམ་གྱི་ཆེད་དང་། མ་ཟད་རང་ཡུལ་ཀྲུང་ཧྭ་ཡོངས་ལ་ཞྭ་སེར་གྱི་བསྟན་པ་ཁྱད་པར་ཅན་དར་བའི་མཚོན་བྱེད་དུ་ཡིན་ནོ།”ཞེས་བཀོད་པ་ལྟར་རོ། །

    ཇོ་ཁང་དེའི་མིང་ཆ་ཚང་ལ་ཇོ་བོའི་ལྷ་ཁང་ཆེ་མོ་ཆོས་ཀྱི་མེ་ལོང་ཞེས་གསོལ། ཇོ་བོའི་ལྷ་ཁང་ཞེས་པའི་ཚིག་དེ་རྒྱ་ཡིག་ལ“ཀྲའོ་མེའོ”ཞེས་བྱ་སྟེ“ཀྲའོ”ནི་མགོན་པོའམ་གཙོ་བོའི་དོན་ཡིན་པས་འདིར་ཇོ་བོ་ཤཱཀྱ་ཐུབ་པར་བརྗོད་དོ། ཇོ་ཁང་དེའི་གཞི་རྩའི་བཟོ་དབྱིབས་ལ་མཚོན་ན་བོད་ཀྱི་བཙན་མཁར་གཟུགས་ཀྱི་ཁང་པ་ཞིག་ཡིན། འོན་ཀྱང་དེར་རྒྱ་ལུགས་ཨར་སྐྲུན་གྱི་ཁྱད་ཆོས་མཚོན་པའི་སྣོན་ཆ་ཡང་ཞར་དུ་ལྡན། ལྷ་ཁང་གི་གཙོ་གཟུགས་ནི་མཁར་དབྱིབས་གྲུ་བཞི་ཅན་ལ་རྩིག་གདན་རྒྱ་རྡོ་དཀར་པོ་དང་། རྩིག་མདོག་དམར་སྨུག་རྩིག་གཞི་རྔམ་མཐོ་ལ་ཞེང་ཆེ་བ་སྲ་མཁྲེགས་ཕུགས་འཕེར་དུ་བསྐྲུན་ཅིང་། རྩིག་གཞིའི་སྟོང་ཆ་ཕྱོགས་བཞི་ལ་བོད་ལུགས་སྐས་གཟུགས་སྒེའུ་ཁུང་མཚམས་ཚད་སོ་སོར་བཏོན་པའི་སྟེང་དུ་རྒྱ་ལུགས་ཆུ་ཁེབས་ཀྱིས་སྤུད་ཅིང་། བོད་ལུགས་ཨར་རྒྱག་གི་རྣམ་པ་ཟབ་མོས་ཕྱུག་པའི་གནས་འདིར་བྱོན་པ་ན་བོད་ཀྱི་རི་ཁྲོད་དགོན་པ་ཞིག་ཏུ་དངོས་སུ་སླེབས་པ་ལྟ་བུའི་ཚོར་སྣང་སྟེར། གཞན་ཡང་ལྷ་ཁང་དཀྱིལ་དབུས་ཀྱི་གཞུང་སྒོའི་སྟེང་ལ་གཡབ་རྩེ་གྱེན་ཕྱོགས་ཀྱི་རྒྱ་ཕིབས་རྫ་གཡམ་སེར་རྩི་མ་རི་བོ་ལངས་གཟུགས་ཅན་གྱི་རྒྱ་ཁང་ཞིག་བརྗིད་ཆགས་པར་ཡོད་པས་ཇོ་ཁང་རྔམ་པོ་ཆེ་དེ་ལྷག་པར་ཉམས་དང་ལྡན་པར་གྱུར་ཏོ། །

    ཇོ་ཁང་དཀྱིལ་དབུས་སུ་གཞུང་སྒོ་བཏོད་དེ་རྡོ་རྐས་རིམ་པ་བཅུར་འཛེགས་ནས་བསྐྱོད་དགོས་ཤིང་། 《རྒྱལ་ས་པེ་ཅིན་གྱི་མཐོང་ཐོས་རྙིང་པར་དཔྱད་པ》ཞེས་པར་གཞིགས་ན། ཇོ་ཁང་དང་ཐོག་སྟེང་འོག་ཁང་རྩེག་རིམ་པ་བཞི་ཡིན་འདུག་ཀྱང་། ད་ལྟ་བེད་སྤྱོད་ཐུབ་པ་ཐོག་རིམ་སྟེང་མ་ལས་མེད། ཡང་དཔེ་དེབ་དེ་ནང་གསལ་བར་གཞིགས་ན་ཇོ་ཁང་གི་ཕྱོགས་བཞི་ཚང་མར་ལྷ་ཁང་བྱུང་མྱོང་འདུག་པ་དཔེར་ན། མེ་ལོང་ལྟ་བུའི་ཡེ་ཤེས་ལྷ་ཁང་། སོར་རྟོག་ཡེ་ཤེས་ལྷ་ཁང་སོགས་ལྟ་བུ་དང་། ཇོ་ཁང་གི་ནུབ་ཕྱོགས་སུ་རྒྱ་ལུགས་ལྷ་ཁང་རི་ལྡེབས་ལ་བརྙེས་ཏེ་གྱེན་དུ་ཆགས་ཤིང་། གཞི་ཁྱོན་ཡང་ཇོ་ཁང་གི་གཙོ་གཟུགས་ཁར་དམར་ལས་ཅུང་ཆུང་ཙམ་འདུག

    གཞན་ཡང་རྟ་བབ་གཡུ་རྩི་མ་ཞིག་དང་རྡོ་རིང་ཞིག་ཡོད་པ་དེའང་ཇོ་ཁང་གི་གལ་ཆེའི་ཆ་ཤས་ཡིན་ཏེ། རྟ་བབ་དེ་ཇོ་ཁང་མདུན་ངོས་རྡོ་སྟེགས་ཐོག་ཏུ་བསླངས་ཤིང་། སྟེང་ན་གཡུ་རྩིའི་རྒྱ་ཕིབས་འཕུར་དབྱིབས་ཅན་དང་། གཞི་རྫ་ཕག་གཡུ་རྩི་མ་སྔོ་སེར་དག་གིས་མཆོར་ཏེ་སྤྲོ་ཉམས་ཤིན་ཏུ་རྒྱས་པར་སྣང་། རྟ་བབ་དཀྱིལ་དབུས་མཐོ་ས་ངོས་གཉིས་ཀར་རྒྱ་བོད་མན་ཇུ་སོག་བཅས་ཡིག་རིགས་བཞི་ལས་འགོ་མཆན་བཀོད་དེ། ཤར་ངོས་སུ“བསྟན་པའི་བསོད་ནམས་རབ་རྒྱས”དང་། ནུབ་ངོས་སུ“ཡེ་ཤེས་སྣང་གསལ”ཞེས་བྲིས། རྡོ་རིང་ནི་ཇོ་ཁང་གི་ར་ནང་མར་ཡོད་ཅིང་། 《རྒྱལ་ས་པེ་ཅིན་གྱི་མཐོང་ཐོས་རྙིང་པར་དཔྱད་པ》ཞེས་པར་གཞིགས་ན། ཐོག་མར་རྡོ་རིང་དེ་ཕྱོགས་བརྒྱད་མདའ་གཡབ་རྩེག་མང་ཅན་གྱི་ཐིང་ཙིའི་ནང་བྱུང་འདུག་ཀྱང་། ད་ནི་ཀ་གདན་ལས་ཐིང་ཙི་དངོས་མི་སྣང་ཞིང་། རྡོ་རིང་དེ་སྤྱི་ལོ༡༧༨༠ལོའི་ལུགས་རྙིང་སྟོན་ཟླ་དགུ་པར་བཞེངས་པ་དང་། རྡོ་རིང་ཐོག་ཇོ་ཁང་གི་བསྟོད་པ་དབྱངས་ངེས་པར་དྲུག་སྟེ། ལྔ་ཚིག་གིས་རྐང་པ་རེ་བྱས་པའི་ཆན་ལུང་གི་སྙན་ངག་ཕྱག་བསྟར་མ་ཁག་གསུམ་ལ་ཚིག་དབར་མཆན་འགྲེལ་འབྱར་མར་བརྐོས་འདུག་པ་དེ་ཡང་། རྒྱ་བོད་མན་ཇུ་སོག་བཅས་ཡིག་རིགས་བཞི་ལ(བོད་ཡིག་ངོས་ནུབ་མར་བྲིས)ནང་དོན་ཇོ་ཁང་བཞེངས་པའི་ལོ་རྒྱུས་གསལ། ཆན་ལུང་གིས་ད་དུང་བཟོ་པར་ཇོ་ཁང་དེ་བཞེངས་སྐབས“བོད་དབུས་ཁུལ་གྱི་གནའ་བོའི་བཟོ་དབྱིབས་དཔེར་བགྱིས་ཏེ་བཞེངས་དགོས”གསུངས། མ་ཟད་རྡོ་རིང་ཡི་གེར་ཆན་ལུང་ནས་འདི་གར་པཎ་ཆེན་དང་མཇལ་འཛོམས་གནང་ཚུལ་ཡང་བཀོད་དེ“ཉིན་དེར་གོང་མའི་བང་སོ་མཇལ་རྗེས། འདི་ག་ཤང་ཧྲན་དུ་ཕེབས། ཇོ་ཁང་བཞེངས་སྒྲུབ་ཟིན་པས་པཎ་ཆེན་བཞུགས། གཟེངས་བསྟོད་རྟེན་འབྲེལ་ཡང་མཛད”ཅེས་གསལ། རྡོ་རིང་གི་ཚིགས་སུ“ཇོ་བོའི་ལྷ་ཁང་བཞེངས་དོན་ནི། ། སྤྲུལ་མཆོག་རིང་ནས་ཕེབས་བཞུགས་སླད། ། མ་ཟད་བསྟན་པ་བོད་དབུས་བཞིན། ། ཀྲུང་ཧྭ་ཡོངས་ལ་དར་ཆེད་དོ།”ཞེས་སོགས་འཁོད།

    པཎ་ཆེན་ནང་སར་བྱོན་པ་དེས་རྒྱལ་ནང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཡོང་ཆེད་ཕན་ནུས་ཆེས་ཆེར་ཐོན་ཞིང་། ཆན་ལུང་ངོ་མས་པཎ་ཆེན་ལ“མན་ཇུའི་ནང་ཁོངས་སྡེ་ཤོག་ཆེན་པོ་བརྒྱད་དང་། ཕྱི་རོལ་སྡེ་ཤོག་ཞེ་དགུ ཧེ་ཧ་ཁུལ་གྱི་སྡེ་ཤོག་བདུན། དེ་བཞིན་དབྱི་ལི་དང་། ཤིན་ཅང་། འཇུན་གར་སོགས་ཡུལ་ཐམས་ཅད་སྤྲུལ་མཆོག་རྒྱལ་སར་ཕེབས་པ་ནས་བཟུང་ཞི་བར་འཆུམས་པའི་ཐོག འོ་ཅག་བདུན་ཅུར་སོན་པའི་སྐྱེས་སྐར་གྱི་སྐབས་འདི་ན། སྤྲུལ་མཆོག་ཆིབས་སྒྱུར་བཀའ་དྲིན་ཆེ་བ་བཅས་རྟགས་མཚན་ཤིན་ཏུ་བཟང་ངོ”ཞེས་གསོལ། ཆན་ལུང་གིས་མཛད་པའི་རྡེ་ཧྲའུ་དགོན་གྱི་རྡོ་རིང་ཡི་གེའི་ནང་ལའང་པཎ་ཆེན་པེ་ཅིན་ལ་ཕེབས་པ་དེ“རྒྱལ་ཁབ་ཀྱི་འཕྲིན་ལས་རྒྱས་པའི་དོན་བཟང་ཞིག་གོ”ཞེས་གསལ་ལོ། །

    མདོར་ན་པེ་ཅིན་ས་ཁུལ་དུ་བོད་རིགས་དང་འབྲེལ་བའི་རིག་དངོས་གནའ་ཤུལ་མི་ཉུང་བ་ཡོད་ཁོངས་གཙོ་བོ་གོང་དུ་སྨོས་པ་དག་ཕུད། ད་དུང་ཞིབ་པར་དཔྱད་འོས་པའི་རིག་དངོས་གནའ་ཤུལ་ཡང་འགའ་ཞིག་འདུག་པ་དཔེར་ན། ཧྥང་ཧྲན་རྫོང་ཁོངས་ཧྥང་ཧྲན་རི་བོ་སྟོད་ཀྱི་དགའ་ལྡན་དགོན་ཞེས་པར་སྔར་མིང་རྒྱལ་རབས་སུ་བཏབ་པའི་བོད་ཡིག་གི་ནང་པའི་གསུང་རབ་མཚལ་ཡིག་རྒྱ་ནག་པར་མ་པོད་སྟོང་ཕྲག་ཡས་མས་ཞིག་དང་། འཕགས་ཡུལ་གྱི་ཏཱ་ལའི་ཤིང་ལོར་བཀོད་པའི་དཔེ་ཆ་མི་གཅིག་པ་བཅུ་ནས་ཉི་ཤུ་ཙམ་བསྡུ་ཉར་བྱས་པ་རྣམས་ད་ལྟ་ཡུན་ཅུད་དགོན་གྱི་པར་ཤིང་འཇོག་ཁང་དུ་སྤོས་འདུག་པ་དང(གནས་ཚུལ་དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཚན་པའི་བློ་མཐུན་ལོའོ་ཀྲའོ་ལགས་ནས་ཐོག་མའི་ཞིབ་འཇུག་བརྒྱུད་མཁོ་འདོན་གནང་བར་འབྲི་པ་པོས་འདིར་ཐུགས་རྗེ་ཆེ་ཞུ)ཤིས་ཧྲན་གྱི་དར་དམར་གྲོང་ཚོ་གནས་ཡུལ་དུ་ཆགས་པའི་ཡང་དག་རྒྱལ་བའི་ལྷ་ཁང་གི་བཙན་ལྷ་ཁྲོ་ཆུའི་དོན་རྐྱེན་སྐོར་གྱི་རྡོ་རིང་ཡིག་རིགས་བཞི་འཁོད་མ《བཀའ་ཡི་བཞེས་པའི་ཡང་དག་པར་རྒྱལ་བའི་ལྷ་ཁང་གི་རྡོ་རིང》ཞེས་པ(རྡོ་རིང་དང་ཐིང་ཙིའི་པར་རིས་བཀོད་ཡོད།)ཤིས་ཧྲན་གྱི་དར་དམར་གྲོང་ཚོར་ཡོད་པའི་གནས་རྙིང་ཡན་ཝུ་ཐིང་ཞེས་པ་དང་། ཀྲེང་པེ་ཆིའི་གྲོང་ཚོའི་ཉེ་འཁོར་རི་སྟེང་དུ་བཙན་ལྷ་ཁྲོ་ཆུའི་བོད་རིགས་ཀྱིས་བསྐྲུན་པའི་མན་ཇུ་དུས་རབས་ཀྱི་བོད་ལུགས་རྡོ་མཁར་ལྕོག་ཕུབ་ཅན(དེ་སྐོར《ཡང་དག་རྒྱལ་པོའི་ལྷ་ཁང་རྡོ་རིང་》དང《རྒྱལ་ས་པེ་ཅིན་གྱི་མཐོང་ཐོས་རྙིང་པར་དཔྱད་པ》ཞེས་པར་གཟིགས། པར་རིས་བཀོད་ཡོད)ཀུའུ་ཀུང་གི་འབྲུ་ཆར་མེ་ཏོག་བསིལ་ཁང་དུ་མཆོད་པའི་བོད་ཀྱི་ལྷ་སྐུ་དང་དེའི་བོད་ལུགས་མཆོར་རྒྱན(《རྒྱལ་ས་རྙིང་པའི་རིག་དངོས་བསྡུས་གསལ》ལ་གསལ)ཀུའུ་ཀུང་དུ་ཡོད་པའི་མིང་དང་མན་ཇུ་རྒྱལ་རབས་ཀྱི་ཡིག་ཚགས་དོ་དམ་ཁང་གིས་ཉར་ཚགས་བྱས་པ་ཏཱ་ལའི་དང་པཎ་ཆེན་རིམ་བྱོན་གྱིས་མན་ཇུ་གོང་མར་ཕུལ་བའི་ཕྱག་བྲིས་དང་ཞུ་ཡིག་དམ་འབྱར་མ་འབོར་ཆེན(ཡིག་ཚགས་ལས་ཁུངས་དེའི་བོད་ཀྱི་ཡིག་ཚགས་ལ་གཟིགས)མཚེའུ་ཀྲུའུ་ནན་ཧའི་བསིལ་ཁང་ཇི་ཀོང་ཀོ་ཞེས་པར་བྲིས་པའི་བཙན་ལྷ་ཁྲོ་ཆུའི་དམག་འཐབ་ཀྱི་རི་མོ་དང་དེ་སྐབས་བློན་བྱས་པ་ཅན་གྱི་འདྲ་རིས(《ཕོ་བྲང་གི་ཤེས་བྱ་བསྡུས་གསལ》ཞེས་པར་གསལ)སྐྱེད་ཚལ་དབྱི་ཧོ་ཡོན་གྱི་རྒྱབ་རིའི་བསིལ་ཁང་ཤང་ཡན་ཙུང་དབྱིན་ཞེས་པར་ཉེ་འགྲམ་དུ་ཆགས་པའི་བོད་ལུགས་མཆོད་ཁང་དམར་པོ་དང་། བཙན་མཁར། ནང་པའི་མཆོད་རྟེན་བཅས། གོང་མ་ཤུན་ཅི་དང་ཆན་ལུང་རྣམ་གཉིས་ཀྱིས་སྔ་རྗེས་སོ་སོར་ཏཱ་ལའི་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་དྲུག་པར་སྟོན་མོ་བཤམ་ཡུལ་སྐྱེད་ཚལ་ལྷོ་མའི་རྡེ་ཧྲའུ་དགོན(《རྒྱལ་ས་པེ་ཅིན་གྱི་མཐོང་ཐོས་རྙིང་པར་དཔྱད་པ》ཞེས་པའི་བམ་པོ༧༤《རྡེ་ཧྲའུ་དགོན་གྱི་རྡོ་རིང་ཉམས་གསོའི་གནས་བཤད》ཞེས་པར་གསལ)ཁྲའོ་ཡང་སྒོ་མོ་ཆེའི་ནང་རོལ་སྨི་ཚང་སྲང་ལམ་དུ་གནས་པ་བོད་ཀྱི་གསང་སྔགས་དཔེ་དེབ་རྒྱ་བོད་ཡིག་གཉིས་ཤན་སྦྱར་མ་དཔེ་སྐྲུན་བླུ་བྱས་པར་མིང་གྲགས་ཆེ་བའི་གསང་སྔགས་གྲྭ་ཚང་ལྟ་བུ་སོགས་གོང་གསལ་དཔྱད་གཞི་དེ་དག་ཞིབ་འཇུག་འོས་པ་ཤ་སྟག་དང་། དེ་མིན་གནས་ཚུལ་ཆེ་ལོང་ཙམ་ལས་མི་གསལ་བའི་དགོན་པ་ལྷ་ཁང་སོགས་འགའ་ཞིག་འདུག་པ་དག་ལའང་འཚོལ་ཞིབ་འཚམས་འདྲི་བྱ་རྒྱུར་ལུས་པ་བཅས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བོད་འབྲེལ་རིག་དངོས་རྣམས་ཇི་བཞིན་ཚང་བར་ཞུ་མ་ཐུབ་ཁར། འདིར་སྨོས་པ་ཡང་ཞིབ་འཇུག་གི་དཔྱད་གཞི་ཙམ་དུ་ཟད་དོ། །

    གོང་གསལ་པེ་ཅིན་ས་ཁུལ་དུ་བྱུང་བའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་རིག་དངོས་གནའ་ཤུལ་ཕྱོགས་བསྡུས་སུ་གླེང་བ་དེ་དག ལོ་རྒྱུས་ཀྱི་མེ་ལོང་རེ་རེ་བཞིན་སྔ་དུས་བོད་དང་ནང་སའི་དབར་གྱི་འབྲེལ་ལམ་ཟབ་མོ་དང་། བོད་རིགས་དང་མི་རིགས་གཞན་དག་དབར་གྱི་མཛའ་གྲོགས་མཐུན་སྒྲིལ། དེ་བཞིན་བོད་ཀྱི་རིག་གནས་སྒྱུ་རྩལ་གྱིས་རྒྱལ་སའི་གནའ་རབས་འཛུགས་སྐྲུན་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཚུལ་བཅས་རང་རེའི་མིག་ལམ་དུ་སླར་ཡང་གསལ་པོར་འཆར་བ་དང་འབྲེལ། དེ་དག་ཚང་མ་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཏུ་མི་རིགས་ཁག་གི་ཐུན་མོང་འབད་བརྩོན་ལས་བྱུང་བ་ལོ་རྒྱུས་ཀྱིས་མཚོན་ཙ་ན། རིག་དངོས་དེ་རྣམས་མིག་ལམ་དུ་འཆར་སྐབས་རང་རེས་མེས་རྒྱལ་གྱི་གཅིག་གྱུར་དང་མཐུན་སྒྲིལ་ལ་སྔར་བས་དགའ་གཅེས་དང་སྲུང་སྐྱོང་ལེགས་པར་བྱེད་དགོས་པའི་བསམ་པ་ངང་གིས་ཤར། དུས་མཚུངས་དེས་ནི་རང་རེའི་བོད་ཀྱི་རིག་པར་ཞིབ་འཇུག་གནང་མཁན་ཚོར་རིག་དངོས་ཞིབ་འཇུག་གི་ལས་དོན་བརྒྱུད་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཁྱབ་ཁོངས་ཇི་ལྟར་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་དགོས་པའི་ཞིབ་འཇུག་གི་ལས་འགན་གལ་ཆེ་ཞིག་ཀྱང་བསྟན་ཏོ། །

    ༡༩༨༢ལོའི《བོད་ལྗོངས་ཞིབ་འཇུག》དེབ་གསུམ་པ་ལས་བཤུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག