མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

གཡུང་དགོན།

རྩོམ་པ་པོ། ཧོང་ཧའོ།    2014-04-22 15:48

    ༄༅།། གཡུང་དགོན།

     ད་ཡོད་པེ་ཅིན་གྱི་བོད་ལུགས་གྲྭ་དགོན་ཆེ་ཤོས་ནི་གཡུང་དགོན་ཡིན། གཡུང་དགོན་ཞེས་པ་བོད་ཡིག་ཏུ“དགའ་ལྡན་བྱིན་ཆགས་གླིང”ཞེས་ པའི་དོན་ལྡན། ཡང་བོད་ཡིག་གི《བླ་མའི་གསུང་རྟེན》ཞེས་པའི་ནང་དགོན་པ་དེར“གཞལ་ཡས་ཁང”དང་། 《ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དྲུག་པའི་གསུང་རྣམ》ནང“ཡུང་དགོན”ཞེས་འབོད་དོ། །

    གཡུང་དགོན་ནི་ཁང་ཞི་ཁྲི་ལོ་སོ་གསུམ(སྤྱི་ལོ༡༦༩༤ལོ)ལ་བཏབ་ཅིང་། ཐོག་མར་གོང་མའི་སྐུ་མཆེད་གཡུང་ཆིལ་ཝང་གི་ཕོ་བྲང་ཡིན་ཏེ། གཡུང་ཀྲེང་ཁྲི་ལོ་གསུམ་པར(སྤྱི་ལོ༡༧༢༥ལོ)གཡུང་དགོན་ཞེས་མིང་བཏགས། 《རྒྱལ་ས་རྙིང་པའི་རིག་དངོས་སྐོར་ལམ་ཙམ་བརྗོད་པ》ཞེས་པ་གཞིགས་ན། གོང་མ་གཡུང་ཀྲེང་རྒྱལ་སྲིད་བཞེས་རྗེས་ཕོ་བྲང་དེ་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་མཚམས་བཞུགས་གནས་སུ་འབུལ་གནང་མཛད་འདུག

    ཕོ་བྲང་དེའི་འཛུགས་སྐྲུན་རྒྱས་སྤྲོས་ཆེ་ལ་བརྗིད་ཉམས་ལྡན་པ་ཡིན། དེ་ཡང་ཡོངས་སུ་བོད་ལུགས་དགོན་སྡེ་ཚད་ལྡན་གྱི་རྣམ་པར་དཔེ་བྱས་ཏེ་བཞེངས་ཤིང་། དེར་སྨན་དཔྱད་གླིང་དང་། སྐར་རྩིས་གླིང་། ཆོས་བཤད་གླིང་། གསང་སྔགས་གླིང་བཅས་གླིང་བཞི་ཡོད་པ་དེ་དག་རིམ་པ་བཞིན། དགོན་ནང་གྲྭ་པའི་ཚད་གཞི་མི་གྲངས་བརྒྱད་བརྒྱ་དང་། མང་ཆེ་བ་སོག་པོ་དང་དེ་ནས་བོད་རིགས་ཡིན་ཀྱང་། ཆོས་དཔེ་གཞུང་འཁྲིད་མཁན་པོ་གཙོ་བོ་རིམ་བྱོན་རྣམས་ཐད་ཀར་བོད་ནས་ཏཱ་ལའི་བླ་མ་མཆོག་གིས་བསྐོ་མངགས་གནང་བ་བཞིན་བོད་རིགས་བླ་མས་མཛད། དགོན་པའི་དཔལ་འབྱོར་འབྱུང་ཁུངས་ནི། རྒྱལ་ཁབ་ནས་ཧོ་པེ་ཞིང་ཆེན་གྱི་རྫོང་འགོ་ཉེར་དགུར་དགོན་པའི་མཆོད་ཡོན་གཏོང་རྩ་ས་ཞིང་སོན་ཁལ་བཞི་ཁྲི་ལ་ཉེ་བ་སྤྲད་པའི་ཡོང་བབ་བསྡུ་རྒྱུ་ཡོད་པས་ཁ་གསབ་ཐུབ། (དེ་རྣམས《གཡུང་དགོན་གནས་གཟིགས་སྣེ་ཤན་དུས་དེབ》གཉིས་པ་ལས་དྲངས།)

    དགོན་ནང་ལྷ་ཁང་མང་ཆེ་བའི་རྟེན་གཙོ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཡིན་པ་དང་། ཆོས་འཁོར་གླིང་གི་ཙོང་ཁ་པའི་སྐུ་ཟངས་ལས་གྲུབ་པ་དེ་ནི་སྐུ་ཚད་ཆེ་ཤོས་ཡིན་ལ་བཟོ་བཀོད་མཛེས་ཆའང་ཤིན་ཏུ་དོད། གསང་སྔགས་ལྷ་ཁང་ནང་གསང་སྔགས་ཀྱི་ལྷ་འཇིམ་སྐུ་དང་། ཐང་ག་དེ་བཞིན་ལྡེབས་རིས་སོགས་ཚང་མར་བོད་ལུགས་ཀྱི་ཉམས་འགྱུར་དང་ལྡན་ཞིང་། དེ་མིན་གྱི་ལྷ་ཁང་རྣམས་ཀྱང་དེ་དང་མཚུངས་པ་ཡིན། འཛུགས་སྐྲུན་གྱི་ཁྱད་ཆོས་ནས་མཚོན་ན། ཆོས་འཁོར་ལྷ་ཁང་དེ་རྒྱ་བོད་བཟོ་དབྱིབས་མཉམ་བསྲེས་ཀྱི་སྐྲུན་དངོས་ཡིན། དེ་ཡི་རྒྱ་ཕེབས་སེར་རྩི་མ་རི་བོ་ལངས་གཟུགས་ཅན་གྱི་རྩེ་མོར་གྷནྫིརའི་ཏོག་གསུམ་སྣང་བ་ནི་བོད་ཀྱི་དགོན་སྡེའི་ཆ་དབྱིབས་ལས་བླངས་པ་དང་། དགོན་ཡོངས་ཀྱི་ཆོས་ཕྱགས་མཛད་སྒོ་ཆེ་རིགས་ཚང་མ་ལྷ་ཁང་དེར་སྤེལ།

    གཡུང་དགོན་དེ་བཞིན་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དང་འབྲེལ་བ་ཡོད་ཅིང་། ཆན་ལུང་ཁྲི་ལོ་ཞེ་ལྔར(སྤྱི་ལོ༡༧༨༠ལོ)གོང་མ་ཆན་ལུང་གི་འཁྲུངས་ལྷ་རྟེན་གསོལ་མཛད་སྒོར་ཕེབས་པའི་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་ཟླ་བདུན་པར་པེ་ཅིན་ལ་ཕེབས་འབྱོར་བྱུང་བ་དང་། གོང་མའི་སྣེ་ལེན་རྒྱ་ཆེ་གཟབ་རྒྱས་ཐོབ། མི་རིགས་ཁག་གི་དགེ་འདུན་པ་དང་། འབངས་མི་སེར་རྣམས་ཀྱིས་ཀྱང“དགའ་སྤྲོ་གུས་ཕྱག་མི་བྱེད་པ་གཅིག་ཀྱང་མེད།” པཎ་ཆེན་པེ་ཅིན་དུ་བཞུགས་རིང་གཡུང་དགོན་ལ་ཐེངས་མང་ཕེབས་ཤིང་། གོང་མ་ཆན་ལུང་གི་རྒྱལ་སྲས་དྲུག་པ་དངོས་ཀྱིས་ཀྱང་པཎ་ཆེན་གྱི་ཕྱག་རོགས་ཞུས་ཏེ་གཡུང་དགོན་ལ་བྱོན་མྱོང་། དེ་རྗེས“གཡུང་དགོན་མཁན་པོས་འབུལ་བ་ཕུལ་ཞིང་བཀའ་ཆོས་ཞུས།”མི་རིང་བར་པཎ་ཆེན་གྱིས་འདིར་མི་དགུ་བཅུ་ལྷག་ཙམ་ལ་སྡོམ་པ་འབོག་པའི་ཆོ་ག་གནང་ནས་ནམ་ཕྱེད་བར་དུ་བཞུགས། ལྷག་པར་པཎ་ཆེན་གྱིས་གཡུང་དགོན་དུ་གོང་མ་ཆན་ལུང་ལ་སྡོམ་པ་གནང་། ད་ལྟའི་གཡུང་དགོན་གྱི་ཆོས་འཁོར་སྣང་རྒྱས་གླིང་ཞེས་པའི་ཤར་ངོས་སུ་པཎ་ཆེན་གཟིམ་ཆུང་ཞེས་འབོད་པའི་ཁང་པ་ཐོག་བརྩེགས་ཆུང་ངུ་མདའ་གཡབ་བརྩེགས་མ་དེ་ནི། སྔར་པཎ་ཆེན་གྱི་བཞུགས་གནས་ཡིན་པ་དང་། དངོས་སུ་མཐོང་མྱོང་བ་རྣམས་ཀྱིས་ཁང་པ་ཐོག་བརྩེགས་མ་དེའི་ནང་ཡུན་རིང་བར་པཎ་ཆེན་གྱི་སྐུ་པར་བཀལ་ནས་ཡོད་ཟེར(མཆན། གོང་མ་ཆན་ལུང་གིས་འབྲི་མྱོང་འདུག)ཆོས་འཁོར་གླིང་གི་ནུབ་ངོས་སུ་སྡོམ་ཁང་ཐོག་བརྩེགས་ཅན་ཞིག་ཡོད་པ་ནི་སྔར་པཎ་ཆེན་གྱིས་གོང་མ་ཆན་ལུང་ལ་སྡོམ་པ་གནང་ས་ཡིན་ཟེར་སྐད། གཞན་ཡང《ཧོར་བོད་ཆོས་འབྱུང》ནང་གསལ་ལྟར་ན། གཡུང་དགོན་ལ་ད་དུང་གསེར་བུམ་དཀྲུགས་ནས་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་སྲོལ་ཡང་འདུག་སྟེ། གོང་མ་ཏའོ་ཀོང་གི་སྐབས་སུ་འདི་གར་གསེར་བུམ་དཀྲུགས་ནས་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་བདུན་པའི་ཡང་སྲིད་གཏན་འབེབས་བྱས།

      གཡུང་དགོན་དེ་བཞིན་པེ་ཅིན་དུ་རྒྱ་བོད་སོག་གསུམ་གྱི་རིག་གཞུང་སྤེལ་རེས་བྱེད་ས་གལ་ཆེ་ཞིག་ཀྱང་ཡིན། སྔ་དུས་ནས་སྲོལ་ཆགས་པ་ལྟར། ཐ་ན་ལོ་རབས་སུམ་ཅུ་པའི་སྐབས་ལའང་ཏཱ་ལའི་བླ་མ་ནས་འདི་གར་སྔར་བཞིན་མཁན་པོ་དང་མགྲོན་གཉེར། ལོ་ཙཱ་བ་བཅས་མཁན་མགྲོན་ལོ་གསུམ་དུ་གྲགས་པའི་བཅའ་སྡོད་སྐུ་ཚབ་མི་གསུམ་མངགས་གཏོང་གནང་མུས་ཡིན(མཆན། དེ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭའི་དགེ་རྒན་ཆེ་མོ་སྐུ་ཞབས་ཡུས་ཏའོ་ཆོན་ལགས་ཀྱིས་དྲན་གསོ་གནང་བར་གཞིགས)པ་དེ་ཚོས་དགོན་ནང་དགེ་འདུན་པ་དང་མཉམ་དུ་པེ་ཅིན་ལས་རིགས་ཁག་དང་རིག་གཞུང་སྤེལ་རེས་ཀྱི་འབྲེལ་མམ་རྒྱུན་འཁྱོངས་བྱས་ཤིང་། རང་རྒྱལ་གྱི་བོད་ཀྱི་རིག་པ་མཁས་ཅན་རྙིང་གྲས་དགེ་རྒན་ཆེ་མོ་ཡུས་ཏའོ་ཚན་དང་། སྐད་རིག་མཁས་ཅན་སྐུ་ཞབས་ལོ་ཁྲང་ཕེ་རྣམ་གཉིས་ཀྱང་ཐོག་མར་དགོན་འདི་ནང་གི་བོད་རིགས་ཡོན་ཏན་ཅན་དགེ་རྒན་དུ་བསྟེན་ནས་བོད་ཡིག་བསླབ་པ་དང་། སྐད་རིག་མཁས་ཅན་སྐུ་ཞབས་ཀྲའོ་ཡོན་རིན་ཡང་གོང་མཚུངས་སྐུ་ཞབས་ཡུས་ཏའོ་ཆོན་བརྒྱུད་ནས་དགོན་ནང་གི་བོད་རིགས་ཡོན་ཏན་ཅན་གདན་ཞུ་བྱས་པར་བརྟེན་ཅུང་སྔ་ཙམ་གོང་ནས་བོད་ཡིག་བེད་སྤྱད་དེ་ལཱ་ཏིང་གི་སྒྲ་བཀོད་པའི་ཆོས་ཉིད་ཞིབ་འཇུག་གནང་ཐུབ་པ་བྱུང་། དེ་མིན་དགོན་ནང་ད་དུང་བོད་ཡིག་གི་བཀའ་བསྟན་འགྱུར་སོགས་དཔེ་ཆ་མང་པོ་དང་། ལོ་རྒྱུས་ཀྱི་གསུང་རབ་སྣ་ཚོགས་ཉར་ཚགས་ཀྱིས་འདི་གར་སློབ་སྤྱོང་ལ་ཕེབས་མཁན་རྣམས་ཀྱི་སྤྱན་ལམ་དུ་མཁོ་འདོན་བྱེད་པ་བཅས། མདོར་ན་དགོན་པ་དེས་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་རྒྱ་བོད་དབར་རིག་གཞུང་སྤེལ་རེས་ཀྱི་ཐད་ལ་གལ་འགངས་ཆེ་བའི་ཕན་ནུས་ཐོན་ཡོད་དོ། ། ༡༩༨༢ལོའི《བོད་ལྗོངས་ཞིབ་འཇུག》དེབ་གསུམ་པ་ལས་བཤུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག