མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

ཆོས་དར་དགོན།

རྩོམ་པ་པོ། ཧོང་ཧའོ།    2014-04-22 15:46

    ༄༅།།ཆོས་དར་དགོན།

    ཆོས་དར་དགོན་ཞེས་པ་གཉིས་ཡོད་དེ། གོང་སྨོས་ཤོན་ཝུ་སྒོ་མོ་ཆེར་གནས་པའི་ཆོས་དར་དགོན་དེ་ཕུད། འདིར་བཤད་པའི་ཆོས་དར་དགོན་ནི་ཤི་ཊི་སྒོ་མོ་ཆེའི་ཕྱི་ལ་སྟེ། ཀའོ་ལེང་གཙང་པོའི་འགྲམ་ལ་གནས། དགོན་འདི་དེ་སྔ་ཧྥུའུ་ཁྲེང་སྒོ་མོ་ཆེའི་ཕྱི་རོལ་གྱི་ས་ཆ་ཨར་ལི་ཀའུ་ཡི་ཧྲོང་ལིན་དགོན་ཟེར་བའི་ཤར་ངོས་སུ་ཡོད་ཅེས་ཟེར་སྲོལ་ཡང་ཡོད། གང་ལྟར་དགོན་པ་དེ“མིང་རྒྱལ་རབས་ཁྲེང་ཧྭ་ཁྲི་ལོ་དཀྱིལ་མར་བཏབ་ཅིང་། ཏ་ཤིན་ཆོས་རྗེ་རྒྱལ་འོད་རིན་ཆེན་བཞུགས་ཡུལ་བྱས། ”

    《པེ་ཅིན་ཉེ་འདབས་ཁུལ་གྱི་ལོ་རྒྱུས》ཟེར་བར་གཟིགས་ན། ཆོས་རྗེ་དང་། མཁན་པོ། ཐི་ཏུའུ་བཅས་ཀྱི་མཚན་གནས་ཐོབ་པའི་བོད་རིགས་དགེ་སློང་ཡོན་ཏན་ཅན་ཁག་གཅིག་དགོན་པ་དེར་བཞུགས་མྱོང་བ་མ་ཟད། མིང་གོང་མའི་དམིགས་བསལ་གྱི་གཟིགས་སྐྱོང་ཡང་ཐོན་ཅིང་། ལོ་རྒྱུས་དེའི་ནང“ཆོས་དར་དགོན་དེ་ཧྲོང་ལིན་དགོན་གྱི་ཤར་དུ་ཡོད། ཁྲེང་ཧྭ་ཁྲི་ལོ་ཉེར་གཅིག(སྤྱི་ལོ༡༤༨༥ལོར)བཞེངས”ཞེས་འཁོད་ཐོག་རྡོ་རིང་གི་ཡི་གེ་དྲངས་པ་སྟེ། “ངས་ཆོས་དར་ཞེས་པའི་པན་སྤྲན་ཟིན། ད་ནི་ང་ལ་རམ་འདེགས་བྱེད་པོ་དག་ལ་ཕན་པའི་ཕྱིར་དགོན་པ་དེ་ཉིད་ཏ་ཤིན་ཆོས་རྗེ་རྒྱལ་འོད་རིན་ཆེན་མཆོག་བསྙེན་སྒྲུབ་མཛད་སར་ཆེད་དུ་ཕུལ་བ་དང་། གོ་ཤྲི་གྲགས་པ་བཟང་པོ་དགོན་པའི་ཐི་ཏུའུ་ཆོས་དཔོན་དུ་བསྐོས། བསོད་ནམས་དཔལ་ལྡན་མཁན་པོ་ཏུའུ་ཀང་ཞེས་པ་གཅིག་ལྕོགས་དང་། འཇམ་དབྱངས་གྲགས་པ་མཁན་པོར་བསྐོས་ནས་གྲྭ་དམངས་ལ་སྣེ་ཁྲིད་དེ་ཉིན་མཚན་བསྟུད་མར་ཞབས་བརྟན་བྱེད། ཡང་དགོན་ཞིང་ཁལ་ང་བརྒྱད་དང་བྲེ་བཅུ་བླུས་པའི་ཁྲལ་འབབ་འབྲུ་རྩྭ་གང་ཐོབ་འབྲེལ་ཡོད་དོ་དམ་པར་རྩ་ཆག་དགོས་པའི་བཀའ་བཏང་ཐོག ཞིང་དེ་རྣམས་སྔར་བཞིན་དགོན་སྡེས་གཉེར་རྒྱུ་བྱས་ཀྱང་རྒྱལ་འོད་རིན་ཆེན་ནས་དེ་ལྟར་ཡུན་རིང་སོང་ཚེ་ནམ་ཞིག་གཞན་གྱིས་བཙན་འཕྲོག་བྱེད་ལ་དྭོགས་ནས། དེའི་འཛིན་དབང་མཚོན་པར་བཀའ་གཏན་ཐོབ་རྒྱུའི་རེ་བ་གནང་བ་བཞིན་གཏད་དགོས་ལ། ད་ནས་བཟུང་དཔོན་འབངས་དམག་སྡེ་རིས་སུ་གྱུར་པས་དགོན་པ་དེའི་བདག་ཐོབ་ས་ཞིང་བཙན་བཟུང་ངམ། བསྙད་བརྐོ་ཐུབ་ཚོད་སོགས་ཆོས་དགེའི་བྱ་སྒོར་གནོད་འཚེ་གཏོང་བའི་རིགས་གཏན་ནས་མི་ཆོག་པའི་བཀའ་དེར་རྩིས་མེད་བྱེད་ཕོད་མཁན་ཡོད་ཚེ། ཁྲིམས་ལྟར་གཏོང་བ་ལས་འོས་མེད་པའི་བཀའ་ཁྲེང་ཧྭ་ཁྲི་ལོ་ཉེར་གཅིག་ཟླ་དྲུག་པའི་ཚེས་ཉེར་དགུ་ལ་དམིགས་སུ་བཏང་ངོ”ཞེས་སོགས་འཁོད། འདིར་མི་བཞི་བྱུང་བ་ད་དུང་བརྟག་དགོས་ཏེ། 《མིང་གོང་མའི་མཛད་པ་ཐོ་གསལ》ནང“ཁྲེང་ཧྭ་ཁྲི་ལོ་ཉེར་གཅིག(སྤྱི་ལོ༡༤༨༥ལོ)ཤིང་ཁྱི་ཟླ་དགུ་པར། དབུས་གཙང་ཆོས་རྗེས་མངགས་པའི་བླ་མ་བཀྲ་ཤིས་བཟང་པོ་རིག་འཛིན་སོགས་ལྔ་ལ། དབང་སྐུར་ཏ་གོ་ཤྲི་དང་། དབང་སྐུར་གོ་ཤྲི་དང་། སྒོམ་ཆེན་པ་དང་། ཏུའུ་ཀང་སོགས་ཀྱི་མཚན་གནས་སུ་ཕུལ་ཅིང་། བཀའ་ཡིག་དང་། ཐམ་ག དབུ་ཞྭ། ཆོས་གོས་བཅས་ཀྱང་གནང”ཞེས་འཁོད་པ་ལས། བོད་རིགས་བླ་མ་དེ་རྣམས་ཀྱི་མཚན་མི་སྣང་བས། གོང་སྨོས་རྡོ་རིང་ཡི་གེར་གསལ་བའི་མི་བཞི་པོ་དེ་འདིར་དྲངས་པའི་བླ་མ་ལྔའི་གྲས་ཡིན་མིན་ཡང་བརྟག་དགོས་པ་ཡོད།

    མདོར་ན། བོད་རིགས་དགེ་འདུན་པ་ཚོས་ཆོས་དར་དགོན་པར་སྤེལ་བའི་བྱ་སྒོ་དེ་དག་གི་ཐོག་ནས་དགོན་པ་དེ་བོད་རིགས་དགེ་འདུན་པས་ཡོངས་སུ་བདག་འཛིན་དང་། དགོན་པའི་ལས་སྣེ་མིང་གོང་མས་ཐད་ཀར་བསྐོ་མངགས་བྱེད་པ་གསལ་པོར་བསྟན་པ་བཅས་གནས་ལུགས་རབས་དང་རིམ་པ་དེ་རྣམས་ལས། མེས་རྒྱལ་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོའི་ནང་། བོད་རིགས་ལ་རྒྱལ་ཁབ་ཀྱི་བརྩི་བཀུར་དང་། སྲུང་སྐྱོབ་ཐོབ་པ་དེ་ནི། དུས་ཡུན་རིང་པོའི་ཚུན་ལ་བོད་རིགས་དེ་མེས་རྒྱལ་འདི་ཉིད་གྲུབ་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་འདྲ་ཞིག་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་སོ།།

    ༡༩༨༢ལོའི《བོད་ལྗོངས་ཞིབ་འཇུག》དེབ་གསུམ་པ་ལས་བཤུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག