མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- ལྷུག་རྩོམ།

རེ་བའི་ཆེད་དུ་རེ་བ་ཆོངས།

རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།    2013-10-22 11:15

    རེ་བ་ནི་མེད་དུ་མི་རུང་བའི་སེམས་ཤུགས་སོ།

    ང་ཚོས་རེ་བའི་ཆེད་དུ་རེ་བ་བཅངས་དགོས། རེ་བ་ནི་ཕུགས་འདུན་གྱི་སྒུལ་ཤུགས་ཡིན་ཏེ།ང་ཚོར་རེ་བ་མོད་པས།ང་ཚོའི་གོམ་པ་ཆུང་ཆུང་དེ་མདུན་དུ་སྤོས་ཡོད་ལ།རྣམ་དཔྱོད་དང་བློ་རིག་གི་གཤོག་པ་ཆུང་ཆུང་ཡང་།རེ་བའི་མཁའ་དབྱིངས་ནས་ཤུགས་ཀྱིས་བརྡེབས་དང་རྡེབ་བཞིན་ཡོད།ང་ཚོའི་རེ་བ་ཡི་ཁྲག་དྲོན་ལྷོག་ལྷོག་ཏུ་འཁྱིལ་ཨང་།ང་ཚོ་ནི་རང་ཉིད་ཀྱི་རེ་བ་ཡིན་ལ།ཕ་མ་དང་དགེ་རྒན།སྤྱི་ཚོགས་དང་འབྱུང་འགྱུར་གྱི་རེ་བ་གསོན་པོ་ཞིག་ཡིན་པའང་།རེ་བའི་པང་ནས་ཆས་ཏེ།ཧུར་བརྩོན་དང་ལག་ལེན་གྱི་ཐང་ཆེན་ནས་མངོན་དགོས་སོ།

    སུ་ལའང་ཕུགས་འདུན་ཡོད་ལ།ཕུགས་འདུན་ནི་རེ་བ་ཡིན།རེ་བ་དེ་མངོན་དུ་འགྱུར་བར་རེ་བ་དང་མཉམ་པའི་སློབ་སྦྱོང་ནི་མེད་དུ་མི་རུང་ངོ།འབད་བརྩོན་ཡང་རེ་བ་དང་སློབ་སྦྱོང་ལ་མེད་དུ་མི་རུང་བའི་ལག་ལེན་དེ་མ་ཡིན་ནམ།ང་ཚོར་རེ་བ་ལྡན་པས།ཀ་མད་སུམ་ཅུ་ལྟ་བུའི་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་ལམ་བུ་ན།ཞོགས་པའི་ཉི་ཟེར་དང་སྙིང་གི་འཕར་ལྡིང་དང་མཉམ་དུ།མྱངས་དང་མ་མྱང་བའི་དཀའ་སྡུག་དང་བཟོད་དཀའ་བའི་གྲང་ངར་མྱོང་དགོས་མ་ཡིན་ནམ། །

    ང་ཚོར་རེ་བ་དགོས་ཤོང་།འོད་ཟེར་ལྡན་པའི་རེ་བ་དགོས།རེ་བ་དེ་སྩོལ་མཁན་ཤེས་རིག་ཡིན་ལ།ཤེས་རིག་གི་གཙང་བོར་ང་ཚོར་དགོས་པའི་རེ་བ་ཡི་བློ་གཤོག་དེ་རྩེན་ཡོད།ཤེས་རིག་གི་མཚོ་མོ་བརྒལ་བའི་གྲུ་གཟིངས་ནི་ལེ་ལོ་མིན་ལ།སྒྱིད་ལུག་ནི་དེ་བས་ཀྱང་མིན།ཤེས་རིག་གི་མཚོ་མོར་འོད་ཟེར་གྱིས་ཕྱུག་པའི་ནོར་བུ་མཆིས་ཤིང་།ནོར་བུའི་བྱིན་རླབས་ཀྱི་བློ་སེམས་ན།རང་གཞན་ཀུན་ཕན་གྱི་ལམ་བུ་འོད་ཟེར་ཅན་ཞིག་ཀྱང་མཆིས་སོ།།

    རེ་བ་ནི་མདུན་སྐྱོད་ཀྱི་ཐོག་མ་ཡིན་ཏེ།རེ་བ་རྐྱང་རྐྱང་ཙམ་བསྒོམ་པ་ནི།རྨི་ལམ་ཁོ་ནར་རོལ་བའི་སྟོང་བསམ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ལ།རེ་བ་སྒུལ་ཤུགས་སུ་བཟུང་ཞིང་འབད་བརྩོན་དང་ཧུར་བརྩོན་གྱི་ཀློང་ནས།ང་ཚོ་རེ་བའི་ཆེད་དུ་རེ་བའི་ལམ་ལ་ཆས་དགོས།རྨི་ལམ་ལ་རྨིས་མྱོང་བའི་སྨོན་པ་དང་བདེ་སྐྱིད།ད་དུང་འོད་ཟེར་དང་ལྡན་པའི་ལམ་ཆེན་གཤོག་པ་ཅན་ཞིག་གི་པང་ལ་བློ་སྤོབས་ལྡན་པས་ཆས་དགོས་སོ། །

    ཀྱེ་ཀྱེ།ང་ཡི་བློ་ལྡན་ཚོགས།ད་ནི་རང་ལ་རེ་བ་བཅངས་པའི་དུས་ཡིན་ལ།ཁྱོད་ཚོར་རེ་བ་བཅངས་པའི་དུས་ཀྱང་ཡིན་ལགས།རེ་བ་ནི་མིའི་རིགས་ཀྱི་གསོན་ཤུགས་ཡིན་ལ།སྒུལ་ཤུགས་ཀྱང་ཡིན་ལགས།རླབས་ཆེན་མི་སྣ་གང་ཞིག་ཀྱང་ཐོག་མར་རེ་བ་ནས་ཆས་ཤིང་།དཀའ་སྤྱད་སྡུག་རུས་དང་ཐོས་བསམ་བསྒོམ་གསུམ་བརྒྱུད་དེ།མིའི་རིགས་དང་ཚོགས་སྤྱི་ཞིག་ལ་མཛད་རྗེས་ཀྱི་རི་མོ་འཇོག་མཁན་དུ་གྱུར་བ་དེ།ང་ཚོས་བསླབ་གཞི་སོ་སོ་ལས་མཐོང་ཐུབ་པ་མིན་ནམ། །

    ཉི་མ་སེར་ལམ་ལམ་སྒོས་མཁའ་དབྱིངས་ན་འཛུམ་འདུག ཉི་མ་འཛུམ་གྱི་ལེར་ང་ཚོའི་མགོ་ཐོག་ན་ས་གཞི་ལ་བལྟས་ཏེ་བགད་འདུག ང་ཚོ་ནི་ཉི་མའི་འཛུལ་ཀོང་གི་བུ་ཕྲུག་ཡིན་པས།ང་ཚོའང་ས་སྒང་གོར་མོ་འདིའི་ཕང་བ་ནས།འོད་ཟེར་དང་ལྡན་པར་འཚོ་ན་འགྲིག་ཅིང་།རེ་བ་དང་ཡིད་ཆེས།བློ་སྤོབས་དང་བདེ་སྐྱིད་ཀྱིས་འཚོ་ན་འགྲིག་ཨང་།རྒྱུ་མཚན་དེའི་དབང་གིས།ང་ཚོས་རེ་བའི་ཆེད་དུ་རེ་བ་ཆོངས།རེ་བ་ནི་མེད་དུ་མི་རུང་བའི་སེམས་ཤུགས་ཤིག་ཡིན་ལ།དེར་ཅི་ནས་ཀྱང་དགོས་པ་ནི་དཀའ་སྤྱད་སྡུག་རུས་དང་འབད་པ་ལྷོད་མེད་ཡིན་ནོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག