མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

ཁྱི་རྒན་དེ་ལ་བདག་གིས་གནོང་འགྱོད་ཞུ།

རྩོམ་པ་པོ། རེང་བུ །  ཡོང་ཁུངས། མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པ།  2013-10-21 09:53

སེམས་ཀྱི་ཡན་འགྲོས་ལུས་ཀྱི་སུག་བཞིར་བཏེགས།།
སུག་བཞིའི་རང་དབང་ལྕགས་ཀྱི་ཐ་གུར་བསྒྲིལ།།
ལྕགས་ཀྱི་རྒྱུན་བུ་རྡོ་བའི་གཏིང་ལ་འབྱར།།
རྡོ་བ་དེ་ནི་སྲིད་པའི་ཁོག་ལ་ཟུག།

ཟས་ཀྱི་སྐོམ་པ་བདག་མོའི་ཕྱག་ལ་བཏབ།།
བདག་མོའི་གདོང་འདི་ཕྱི་ཡི་རྐྱེན་ལ་བརྟེན།།
ཕྱི་ཡི་རྐྱེན་འདི་རླུང་བུའི་རྒྱ་ལ་འཕྱང་།།
རླུང་བུའི་རྒྱུ་བ་སྤང་གཞོང་སྒང་ལ་འཚུབ།།

དགུ་སྟུག་མུན་པ་མིག་གི་གཏིང་སར་འཁྱིལ།།
རི་སྤྱང་དཀར་པོའི་ངུ་ཟུག་མཁའ་རུ་བསྐྱིལ།།
བདག་པོའི་སྔུར་བ་གཡག་ཆེན་སྒྲ་དང་སྡེབ།།
ཁྱོད་ཀྱིས་ད་དུང་ཅི་ཞིག་སྲུང་ལ་བྲེལ།།

སེམས་ཀྱི་དྲོད་ཐིག་ལྷག་མའི་ཟས་ལ་བཏེགས།།
ལྷག་མའི་ལྟོ་འདི་བདག་པོའི་གདོང་དུ་བསྐྱིལ།།
རྣ་ཅོག་ཁྲོག་ཁྲོག་བྱེད་པའི་མཚན་ཐུན་ལ།།
ཞེ་སྡང་ལྷག་ལྷོག་བྱེད་པ་ཅི་ཡི་དོན།།

རླུང་བུའི་འུར་འུར་སྒྲ་ཡིས་འཚེ་བར་བྱེད།།
མུན་པའི་མག་མོག་སྨག་གིས་གནོད་པར་བྱེད།།
མཚན་ཐུན་འདི་ཡི་འཇིགས་པ་ཟ་ཟི་ལ།།
ཧྲེང་པོར་ཁད་ཀྱིས་འགྲེང་བ་གང་གིས་དོན།།

མཁའ་ཡི་སྐར་ཚོམ་གྲང་བས་མིག་ཆུ་འབྱིན།།
ས་ཡི་གཙང་ཆུ་ཙག་གིས་འཁུན་བུ་འདོན།།
ཁྲག་ལ་བསྒྲེས་པའི་ཟུག་སྐད་རེ་རེ་ཡིས།།
དབེན་འཇགས་འདི་ཡི་སྲོག་རྒྱུ་དམ་དུམ་ཟོས།།

དབྱར་གྱི་ཚ་བ་ཆུ་ཁོལ་བཞིན་དུ་གདུ།།
སྟོན་གྱི་བསེར་རླུང་ཚེར་མ་བཞིན་དུ་བསྲིངས།།
དགུན་གྱི་གྲང་རེག་མཆེ་བ་བཞིན་དུ་གཙིགས།།
ང་ཡི་ལུས་གོག་སྟོན་མར་བཞིན་དུ་རྙི།།

ཕྱི་ཡི་རླུང་བུ་རྣོ་གྲི་བཞིན་དུ་གཡུག།
ནང་གི་བགྲེས་ལྟོགས་ཚ་ཁོག་བཞིན་དུ་གདུ།།
དུས་ཀྱིས་བསྐྲད་པའི་ན་ཟུག་གཏིང་ནས་ཁོལ།།
ང་ཡི་ཁྱི་རྒན་ཞེ་ཆུང་ཤིན་ཏུ་སྨྲེང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག