མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

སྣ་ཚོགས་གཏམ་གྱི་སྦྱོར་བ།

རྩོམ་པ་པོ། རེང་བུ  ཡོང་ཁུངས། མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པ།  2013-10-21 09:53

སྡེ་བཞིའི་དཔལ་གྱི་ཕུན་ཚོགས་ན་དར་བའི་།།
སྐབས་གསུམ་མཐོ་རིས་ཞིང་གི་རྣམ་པས་ཀྱང་།།
ཆ་ཡི་ཆ་ལ་བསྒྲུན་པའི་གོ་ཕྲ་བ།།
དཔལ་སྟུག་ནམ་མཁའི་མཐོངས་ཀྱི་ཆེ་བ་འཛིན།།

དྲི་མེད་ནགས་ཀླུང་དཀྲིགས་པའི་ཡལ་ག་ལ།།
རོ་རྒུའི་བཅུད་ཀྱི་དྭངས་མ་ཆེར་རྫོགས་པའི་།།
སྣ་ཚོགས་གང་བུར་གཏམས་པའི་འབྲས་བཟང་ནི།།
འགྲོ་བའི་དགོས་འདོད་སྐོང་ལ་རྔ་ཡབ་ཆེ།།

ཐང་ཤིང་ཡལ་འདབ་དཀྲིགས་པའི་གར་སྟེགས་སུ།།
ཐོས་པའི་དཔལ་ལ་དྲི་ཟའི་ངག་འབྱིན་པའི་།།
ཀ་ཀོ་ལ་དང་འཇོལ་མོའི་དྲུག་འགྱུར་ནི།།
ཡིད་ལ་བདེ་དགའ་བསིལ་བའི་གཡབ་མོ་ཉིད།།

སྔོ་བསང་ནམ་མཁའི་འཕྲིན་ལས་རབ་གཉེར་བའི་།།
ལྗོངས་འདིའི་ཆོས་སྲིད་ཉི་ཟླའི་སྣང་བ་ཆེ།།
འོག་མིན་ཞིང་གི་དཔལ་སྟུག་བྱེ་བ་ཡང་།།
སྨག་པའི་ཀློང་ན་སྲིན་བུའི་གོ་འཕང་འཛིན།།

འགྲོ་བའི་འདྲེན་པ་རླུང་གི་ཀརྨ་བ།།
སྲིད་འདིའི་བསོད་ནམས་ཞགས་པས་ཉེར་བཅིངས་བས།།
ལུས་ཅན་ངག་ན་དག་ཞིང་གཉིས་པ་ཡི།།
གྲགས་པའི་མཚན་མ་རྔ་ཡབ་ཟོལ་གྱིས་གཡོ།།

སྣ་ཚོགས་རིག་པ་མ་དྲོས་འོ་མའི་མཚོ།།
དོན་གཉེར་འགྲོ་བའི་ཡིད་ཀྱི་ལྟེང་ཀ་རུ།།
ཡང་ཡང་བསྐྱིལ་བའི་དགེ་མཚན་སི་ཧ་ལ།།
ཕྱོགས་ཀྱི་སྐྱེ་བོའི་ཤངས་ཀྱི་འབྲས་སུ་རྨད།།

འཇིག་རྟེན་མེས་པོས་ཡང་ཡང་བསམ་པ་ལས།།
ཉེ་བར་ལྷགས་པའི་གྲོང་དང་གྲོང་བརྡལ་ནི།།
འདི་མིན་འཇིག་རྟེན་གསུམ་གྱི་མཚར་སྡུག་ཀྱང་།།
དེ་ཡི་དྲུང་ན་མེ་ཁྱེར་སྲིན་བུ་བཞིན།།

ཁོར་ཡུག་གངས་ཀྱིས་མུ་ཁྱུད་སྦྲེལ་བའི་ཞིང་།།
ཞིང་འདིའི་ངོ་མཚར་སྲིད་པའི་ཏོག་པོ་རུ།།
རུ་མཚོན་མེད་པར་རྒྱལ་མཚན་པ།།
པ་ཏྲའི་རིས་བཞིན་ཀུན་གྱི་ཡིད་ལ་ལྷམ།།

འཇིག་རྟེན་མེས་པོས་ཡང་ཡང་བསམ་པ་ལས།།
ལེགས་པར་ཐོན་པའི་བཀོད་པ་པ་ཏྲའི་རིས།།
མ་ཉམས་འཇིག་རྟེན་གསུམ་གྱི་འགྲོ་བ་ཡི།།
སྨོན་པའི་ངག་གི་ཅ་ཅོ་སྒྲོག་ལ་རང་།།

འགྲོ་བའི་སྙིང་གི་རེ་བ་ཁོལ་མོ་ཆེ།།
མི་ཕྱེད་མཛའ་གཅུགས་ཕྱག་གིས་མ་བཏང་བ།།
ལྷག་བསམ་འཆར་ཀའི་རྣམ་རོལ་མ་ནི་ཀ།
ས་འདིའི་ལུས་ཅན་སྤྱི་བོའི་གཙུག་ན་ཆེ།།

ཀུན་རྨོངས་དམར་ཕྱོགས་རྫོགས་པ་གསུམ་གྱི་མཁར།།
སྣ་ཚོགས་རིག་པའི་སྣང་བ་ཟླ་བའི་འཛུམ།།
སྨན་ལྗོངས་འདི་རུ་ཡང་ཡང་འགྱེད་མཁས་པའི་།།
རིག་པའི་སྲོག་དབང་བསེ་རིའི་མུ་ཁྱུད་མཛེས།།

ཕྱོགས་ཀྱི་ཁེངས་པ་བསྙིལ་བྱེད་པའི་།།
མི་འཇིགས་སྤོབས་པའི་དཔུང་པ་ཆེ།།
རྣམ་གསུམ་རུ་མཚོན་དར་མའི་སོ།།
ལུས་ཀྱི་བ་སྤུ་བཞིན་དུ་སྡེབ།།

མཚོ་དང་མཚེའུ་ངོགས་སུ་ནི།།
ཆུ་བྱའི་ཚོགས་ནི་འཕུར་ལྡིང་གི།
རོལ་རྩེད་ངོམ་ལ་སྐད་སྙན་གྱི།།
གྲེ་འགྱུར་འཁྲོལ་ལ་མང་མང་བྲེལ།།

ལྷོ་གླིང་འཛམ་བུའི་མེ་ཏོག་གད་པའི་ཞིང་།།
ཞིང་འདིར་སྙན་པའི་བླ་བྲེ་གཡོ་བ་ལས།།
ལས་རླུང་འཕྲིན་ལས་ལྷ་ཡི་རྫིང་རིང་ཉིད།།
ཉིད་བཞིན་འཕྱོ་བའི་དགེ་མཚན་ཨེ་མ་རྨད།།

ངག་རིག་སྙེ་མ་གཡོ་བའི་རླབས་ཕྲེང་གིས།།
ཡིད་ཀྱི་མཁར་ལ་བདེ་དགའི་དཔྱིད་འཇོ་བ།།
མྱ་ངན་མེད་པའི་སྙན་ཚིག་སི་ལི་ཀ།
ཡང་ཡང་སྤྲོ་བའི་སློབ་ཚོགས་ལུ་གུ་རྒྱུད།།

ས་ལ་འཁྱུད་པའི་རིས་ཀྱི་མེ་ཏོག་གིས།།
འཇིག་རྟེན་བདེ་སྡུག་ནོངས་མེད་གཟིགས་པ་ཡི།།
ང་མཚར་དཔལ་སྟུག་བྱེ་བའི་སྙིང་བོ་ཅན།།
ལེགས་པར་བཀྲ་བའི་དགེ་མཚན་ཉམས་སུ་འཛིན།།

མི་རིགས་ལས་དོན་ཡིད་ཀྱི་ལྟེང་ཀ་རུ།།
བསྐྱིལ་བའི་ལྷག་བསམ་སྟོན་ཟླ་གསལ་བའི་མདངས།།
འགྲོ་བའི་ཡིད་ལ་ཀུན་དགའ་བསྐྱེད་པའི་གཟུགས།།
རིགས་ཁག་འགོ་ཁྲིད་ཟླ་བའི་འཁྲི་ཤིང་རྨད།།

རྣམ་དཔྱོད་རླུང་བུ་ལྡིང་བའི་སྐྱེད་ཚལ་ལས།།
སྔོན་མེད་དབྱངས་གསལ་ཉི་ཟླའི་སྣང་བ་ཆེ།།
གངས་ཅན་འཛིན་མའི་སྨག་ཆེན་ལྷ་ལམ་ལ།།
ཉེ་བར་བསུ་བའི་བཀའ་དྲིན་གཞལ་དུ་མེད།།

ངལ་བ་སྟོང་གིས་འཇིགས་པ་མི་བྲི་བའི་།།
སྙིང་སྟོབས་མཁྲེགས་པོ་རུས་པའི་གཏིང་པ་རུ།།
ཟུག་པའི་སྔོན་བྱོན་ལོ་ཆེན་ལྷུན་པོའི་ཕྲེང་།།
ཕྲེང་བཞིན་བསྟར་བའི་སྐུ་དྲིན་བསམ་དུ་མེད།།

སྔོན་མེད་མཁས་མང་ཡིད་ཀྱི་མཁར་བོ་ལས།།
ཉེ་བར་ལྷགས་པའི་ཚན་རྩལ་སྨིན་ལེགས་མ།།
སྐྱེ་བོའི་ཡིད་ཀྱི་བདེ་བ་རབ་སྐོང་བའི་།།
ཐུན་མིན་ཆོས་ཀྱི་རང་བཞིན་ལྷུན་ནེར་གསལ།།

བཀྲ་ཤིས་མཁའ་ཡི་གླང་པོའི་གླལ་ཁ་ལས།།
དགེ་ལེགས་ཤིས་པའི་ཆར་ཆེན་ཉེར་བསྐྱུགས་ཏེ།།
ལྗོངས་འདིའི་སྣོད་བཅུད་འགྲོ་བའི་ཁམས་ཀྱི་ཆར།།
འདོད་རྒུ་དཔལ་དུ་འཇོ་དའི་ཚུལ་འདི་རྨད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག