མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

དམའ་འབྲིང་སྐབས་ཀྱི་སྙན་ངག་ཅིག

རྩོམ་པ་པོ། རེང་བུ །  ཡོང་ཁུངས། མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པ།  2013-10-21 09:53

འཇིགས་མེད་དཔུང་བ་སྟོབས་བཅུའི་རང་མདངས་སུ།།
ལི་ཁྲིའི་རྡུལ་ཆགས་ལང་ཚོའི་སྦམ་པ་ཅན།།
ལེགས་བྱས་འོ་མ་འདྲེན་པའི་ཡུར་བ་ལས།།
སྐྱེ་རྒུའི་རྒུད་པ་གསོ་བའི་མགོན་དེ་རྒྱལ།།

བློ་གྲོས་གོམ་སྟབས་ཆེན་པོ་གཅིག་གིས་ཀྱང་།།
སྲིད་ཞིའི་ཆོས་ཀུན་མ་ལུས་གཞལ་བ་ལ།།
མི་མངོན་ལྷ་ལས་བརྐུས་པའི་སྙིང་གི་དབྱིག།
ལུས་ཀྱི་སྤུ་ལོང་བཞིན་དུ་ཉམས་སུ་འཛིན།།

སྨན་ལྗོངས་འདི་ན་ཨ་ནུ་གཉིས་པ་ཡི།།
གྲགས་པའི་མཚན་མ་ཕྱོགས་ཀྱི་སྡིངས་ཀ་རུ།།
འབྲུག་གི་སྒྲ་དང་རྔ་བོའི་ཟོལ་གྱིས་ནི།།
སྐྱེ་རྒུའི་ཡིད་ཀྱི་བཅུད་ལེན་གཅིག་པུ་ཉིད།།

དཔག་ཡས་ཡོན་ཏན་ནོར་བུའི་རུ་མཚོན་གྱིས།།
དྲེགས་པའི་ཁེངས་པ་བསྙིལ་ཏེ་ཞབས་ཀྱི་སེན།།
རལ་བའི་ཕུད་ལ་མེ་ཏོག་བཞིན་བཀོད་པའི་།།
མི་འཇིགས་སྟོབས་ཀྱི་ལང་ཚོ་གཉེན་དུ་འཛིན།།

མཐའ་ཡས་འགྲོ་ལ་ཐུགས་རྗེའི་སྣང་བ་ཡི།།
ཉེ་བར་བཅིངས་པའི་ཡོན་ཏན་དཀར་པོའི་གཟི།།
བདེ་རླག་བགྲོད་པའི་ཐར་བའི་ཐེམ་སྐས་ལ།།
ལེགས་པར་འཁྱུད་པའི་སྐུ་དྲིན་བསམ་དུ་མེད།།

ཐུབ་བསྟན་སྤྲིན་ཆེན་དཀྲིགས་པའི་ལང་ཚོ་ལས།།
ཞི་བསིལ་ཕན་བདེའི་དུས་ཆར་འཇོ་བ་ཡིས།།
འགྲོ་བའི་ཚལ་འདི་ཁོ་ལག་བསྐྱེད་པས་ཀྱང་།།
གང་ཁྱོད་གཅིག་པུ་སྙིང་གི་ཐིག་ལེར་སིམ།།

ཡོན་ཏན་ནོར་བུས་འཆོར་སྒེག་རབ་སྤྲས་པའི་།།
སྙིང་སྡུག་སྙིང་གི་ཐིག་ལེའི་གོང་བུ་ཁྱོད།།
མཐོང་བ་ཙམ་གྱིས་དགའ་བའི་སེན་རིས་ཀྱིས།།
རྩེད་འཇོར་མི་བགྱི་དྲན་དབང་གང་ཞིག་སྲིད།།

གདུལ་བྱའི་པད་ཚལ་འཁྲིགས་པའི་དོ་ར་ལ།།
ལེགས་བྱས་འོ་མའི་རྒྱུན་བཟང་འཇོ་བ་ཡི།།
སྲིད་འདིའི་དཔལ་འདི་དག་པའི་སྐྱེད་ཚལ་གྱི།།
མིང་གི་ཆོ་ལོ་དོན་གྱིས་ཚང་བར་བྱས།།

ཕྱག་གི་མེ་ཏོག་གཡོ་བའི་སྟང་སྟབས་ལས།།
འཇིག་རྟེན་བདེ་སྡུག་ནོངས་མེད་རིས་བཞིན་དུ།།
ལེགས་པར་འཁྲུངས་པའི་རྣམ་དཔྱོད་ཁོ་ནས་ཀྱང་།།
མཁས་པའི་ཡིད་ནི་དབང་མེད་བཟུང་ལ་ལྟོས།།

སྡེ་བཞིའི་སྲོག་གི་ཉག་མ་མ་བཏང་ཞིང་།།
སྒྲ་དོན་ནོར་བུའི་འཆོར་སྒེག་རབ་སྤྲས་པའི་།།
རིག་བྱེད་ངག་གི་སིལ་མ་དོག་པོས་ཀྱང་།།
མཁས་པའི་ཡིད་ནི་དགའ་བ་འབུམ་གྱིས་བཟུང་།།

འཇིགས་མེད་གསུང་གི་ལེགས་བཤད་ལ་ཟོས་པའི་།།
ལུང་རིགས་བྱེ་བའི་རུ་མཚོན་དར་མའི་ཟིལ།།
བསྟན་སྲིད་རིལ་བུར་མིད་པའི་བདུད་དཔུང་གི།།
སྙིང་རྩར་གཏད་པའི་སྙིང་སྟོབས་འཇའ་བཞིན་ཡལ།།

འགྲོ་ལ་ཕྱོགས་པའི་ཐུགས་རྗེ་ཟླ་བའི་འཛུམ།།
ཚོགས་གཉིས་དཔུང་བས་མཁའ་ལ་ལེགས་བཏེགས་པའི་།།
སྨན་ལྗོངས་འདི་ཡི་ཆོས་སྲིད་སྒེག་མོའི་དཔལ།།
གྲགས་པའི་མཚན་མ་གནམ་མཐའི་ཁྱོན་ན་གཡོ།།

མཐོ་རིས་འཇིག་རྟེན་འཆར་བའི་སྙིང་བོ་འདིར།།
ལུགས་གཉིས་འདོད་འཇོའི་དཔག་བསམ་ལྗོན་པ་བཟང་།།
དེ་ཡི་མཆེད་པོར་བཞེངས་པ་འགའ་ཞིག་ནི།།
གནམ་སའི་བར་ལ་བཙལ་ཡང་ང་བའི་རྒྱུ།།

ལེགས་པར་ཁུགས་པ་རྫོགས་ལྡན་དུས་ཀྱི་དཔལ།།
ལྗོངས་འདིར་འགུག་པའི་སྙིང་སྟོབས་མ་ཞན་པས།།
སྲིད་འདིའི་སྙན་པའི་བླ་བྲེའི་ཆ་རེ་ཡང་།།
འཇིག་རྟེན་ལྷ་མིའི་རྣ་བའི་བཅུད་ལེན་ཡིན།།

ཀུན་ལ་སྙོམས་པ་ཐུགས་རྗེ་དཀར་པོའི་འོད།།
མ་ལུས་འགྲོ་བའི་པད་ཚལ་འཁྲིགས་པ་ལ།།
ལེགས་པར་རྐྱོངས་པའི་ལྷག་བསམ་འོ་མའི་མདངས།།
དེང་འདིར་སྐྱེ་བོའི་ངག་ན་རླུང་བཞིན་འགྱུ།།

མི་རྟག་སྲིན་པོ་ཁྲོས་པའི་མཆེ་བ་ལས།།
ལུས་ཀྱི་མེ་ཏོག་ཉེ་བར་ཟོས་པའི་ཁྲག།
ཕྱོགས་ཀྱི་ཐ་གྲུ་གོ་མེད་གཏམས་པས་ཀྱང་།།
ཡིད་ལ་མྱ་ངན་ཆུ་ཡི་རྫིང་བུ་བསྐྱིལ།།

སྲིད་ཞིའི་མཚར་སྡུག་བྱེ་བའི་དཔྱིད།།
ལེགས་པར་སྨིན་པའི་དགེ་མཚན་གྱིས།།
ཕྱོགས་ཀྱི་མཁས་པའི་ཡིད་དབང་ནི།།
ཀྱོ་བ་མེད་པར་དམ་དུ་བཟུང་།།

དམ་པའི་གསུང་གི་འབྲས་བུ་ལས།།
ཟེགས་པའི་ཟེའུ་འབྲུ་ལ་འཐུང་པའི་།།
བློ་ལྡན་རྣམས་ནི་སྦྲང་བུ་བཞིན།།
གང་དྲུང་དགའ་བའི་ཚལ་ལ་རྒྱུ།།

ཐལ་ངག་རིགས་པའི་རུ་མཚོན་གྱིས།།
ལོག་པའི་སྙིང་ལ་གཏད་པ་ཡི།།
བདེན་པའི་ཟླ་བ་ནམ་མཁའ་རུ།།
ཉེ་བར་བསུ་བའི་བྱེད་པོར་བཞེངས།།

སྣ་ཚོགས་ཤེས་བྱའི་རི་མོ་ཀུན།།
ཐུགས་ཀྱི་མེ་ལོང་ཡངས་པོ་རུ།།
ལུས་པ་མེད་པར་འཆར་མཛད་པས།།
ཕྱོགས་ཀྱི་མཁས་པས་འགྲམ་ཆུ་བསིལ།།

འཆད་རྩོད་རྩོམ་པའི་འཕྲིན་ལས་ཀྱིས།།
དྲེགས་པའི་བློ་ནི་འཇའ་ལྟར་ཡལ།།
རིག་པ་ཟ་བའི་དོན་གཉེར་ནི།།
ཁྱོད་དྲུང་དགའ་བའི་ཚལ་དུ་རྒྱས།།

བཤད་སྒྲུབ་གཤོག་ཟུང་མཉེན་མོ་ཡིས།།
ཐུབ་བསྟན་མཁའ་ནི་རབ་གཞལ་ཞིང་།།
སྲིད་འདིའི་འགྲོ་བའི་ངག་ན་ནི།།
ཁྱོད་ཡོན་བརྗོད་པའི་ངལ་བ་འཛིན།།

རིག་བྱེད་ངག་གི་མེ་ཏོག་གིས།།
ཚངས་པའི་དབྱངས་ནི་ཁྲེལ་བྱེད་ཅིང་།།
བློ་ལྡན་བློ་ནི་རི་དྭགས་བཞིན།།
འཐོར་བྱེད་ལ་ཡང་མི་འཇིགས་བཞིན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག