མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- ལྷུག་རྩོམ།

རྒྱལ་སྲས་སེམས་དཔའ།

རྩོམ་པ་པོ། རྟ་མགྲིན་ཚེ་རིང་།    2013-10-18 10:31

    ང་རང་རི་སྐྱེས་སྲོག་ཆགས་ལ་ཧ་ཅང་དགའ། རྒྱུ་མཚན་ནི་རི་དྭགས་དང་སྲོག་ཆགས་མེད་པའི་འཇིག་རྟེན་འདི་ཧ་ཅང་ལྷིང་འཇགས་དང་སྟོང་བ་ཞིག་རེད།རི་དྭགས་དང་སྲོག་ཆགས་དག་གིས་ང་ཚོ་མིའི་རིགས་ལ་བདེ་སྐྱིད་དང་དྲོད་ཁོལ་ཁྱེར་ནས་མི་ཡུལ་གྱི་དག་ཞིང་འདིར་ཡོང་བ་ཡིན།རི་སྐྱེས་སྲོག་ཆགས་ནི་ང་ཆེས་དགའ་སའི་སྲོག་ཆགས་ཉག་གཅིག་ཡིན།སྲོག་ཆགས་དང་རི་དྭགས་མེད་པའི་དག་ཞིང་འདིར་གྲག་འགུལ་མེད་པའི་སྟོང་སངས་ཀྱི་གོ་ལ་ཟླུམ་པོ་ཞིག་དང་ཡང་ན་ཡང་སྙིང་མེད་པའི་རྡོ་ཡི་སེང་གེ་བཞིན་དོན་སྙིང་ཅི་ཡང་མི་འདུག་བསམ།།

    ང་ཚོ་ལ་སྨྲ་ཤེས་ཤིང་དོན་གོ་བ་ཞེས་མིའི་མཚན་ཉིད་བཏགས་ཡོད་ཀྱང་། ཐ་ན་སྲོག་ཆགས་འདི་དག་གི་སྙིང་སྟོབས་དང་བྱ་སྤྱོད་ལ་ཡང་འགྲན་མི་ནུས་པ་རེད།དཔེར་ན།ཁྱོད་ཚོས་ཁྱིའི་གཏམ་རྒྱུད་ཞེས་པའི་དཔེ་ཆ་དེ་ལྟོས་ཨེ་མྱོང་།གལ་སྲིད་ཁྱོད་ནི་ཁྱིའི་གཏམ་རྒྱུད་ནང་གི་ཁྱི་ཕྲུག་དེ་ཡིན་ན་དེ་ལྟར་བྱེད་ཐུབ་བམ།ཁྱིའི་རང་ཉིད་ཀྱི་བདག་པོ་ཕྱིར་ཡོང་བར་སྒུག་སྟབས།དུས་ཚོད་ཐུང་ངུ་ཞིག་མིན་དེ།ཉིན་གཅིག་མིན་ལ་ཟླ་གཅིག་ཀྱང་མིན།དེ་ནི་ལོ་གཅིག་ཀྱང་ག་ལ་ཡིན།ཁྱི་ཕྲུག་དེས་རང་ཉིད་ཀྱི་བདག་པོ་ཡོང་བར་སྒུག་མཐར་མི་ཚེ་ཧྲིལ་བོ་འདི་ལྟར་བསྐྱལ།ཐ་ན་ཤི་དུས་ཀྱང་མེ་འཁོར་འབབ་ཚིགས་སུ་བདག་པོ་ལ་སྒུག་བཞིན་མི་ཚེ་ཧྲིལ་བོ་འདི་ལྟར་བསྐྱལ།ཁོས་སྐད་ཆ་མི་ཤེས་པ་མ་གཏོགས།གལ་སྲིད་ཁོས་སྐད་ཆ་བཤད་ཤེས་རྒྱུ་ན།འཆི་ཁ་ཡང་བདག་པོ་ལ་སྐྱེ་བ་ཕྱི་མ་ཡང་ཁྱེད་ཀྱི་ཁྱི་ཕྲུག་བྱེད་རྒྱུ་ཡིན་ཞེས་བཤད་པ་ཁག་ཐག་རེད།ང་ཚོའི་འདི་ལྟར་བྱེད་ཐུབ་བམ།ཐ་ན།རང་ཉིད་ཀྱི་གྲོགས་པོ་ཚོགས་འདུ་ཞིག་གམ་དུས་བཅད་ལ་དུས་ཚོད་རེ་འགའི་རྗེས་སུ་ལུས་ནའང་།ང་ཚོས་དེ་ལ་གཤེ་གཤེ་དང་སྡིག་དམོད་དང་རྒྱུ་མཚན་གནས་ལུགས་བཤད་པ་ཁོ་ཐག་རེད། དེའི་ཕྱིར་ང་རང་སྲོག་ཆགས་འདི་དག་ལ་དགའ། །

    སྲོག་ཆགས་དང་རི་དྭགས་མེད་པའི་འཇིག་རྟེན་འདི་ཧ་ཅང་ལྷིང་འཇགས་དང་ཧ་ཅང་མུན་ནག་ཞིག་རེད།དེ་ལྟར་ཡིན་པ་མ་བཤད་ཡང་ཤེས་ངེས། དཔེར་ན།༡༩༦༢ལོར་པར་ཏུ་བསྐྲུན་པའི《ལྷིང་འཇགས་ཀྱི་དཔྱིད་ཀ》ཞེས་པའི་ནང་དུ་ཡང་།མ་འོངས་བར་མིའི་རིགས་ནི་ཕལ་ཆེར་བྱ་བྱེའུ་དང་བུང་བ། ཕྱེ་མ་ལེབ་མེད་པའི་ལྷིང་འཇགས་ཀྱི་འཇིག་རྟེན་ཞིག་ཏུ་ལྷགས་སྲིད་པ་ཞིབ་མོར་བརྗོད་ཡོད་པ་ལྟ་བུའོ།

    ནགས་ཚལ་ནི་སྐམ་སའི་སྐྱེ་དངོས་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་དགུ་བཅུ་ཡི་ཁྱིམ་གཞི་ཡིན་མོད། འོན་ཀྱང་ནགས་ཚུལ་གྱི་རྒྱ་ཁྱོན་མྱུར་དུ་ཇེ་ཆུང་དུ་སོང་བས། མིག་སྔར་འཛམ་གླིང་ཡོངས་ཀྱི་ལྔ་ཆའི་གཅིག་གི་ནགས་ཚལ་དུ་སྔར་བཞིན་ཁྱོན་ཅུང་ཆེ་ཞིང་ལྟོས་བཅས་སུ་རང་བྱུང་ཡིན་པའི་སྐྱེ་ཁམས་མ་ལག་རྒྱུན་འཁྱོངས་བྱེད་བཞིན་ཡོད། ལོ་ངོ་སྟོང་ཕྲག་གཉིས་ཀྱི་སྔོན་ལ།རང་རྒྱལ་གྱི་ནགས་ཚལ་ཁྱབ་ཚུལ་བརྒྱ་ཆའི་ལྔ་བཅུ་ལ་སླེབས་ཡོད་མོད།ད་སྔ་བརྒྱ་ཆའི་བཅུ་དྲུག་ཚེག་ལྔ་ལྔ་ལས་མེད།

    གཙོད་ནི་རང་རྒྱལ་ཁོར་ལྡན་པའི་རི་དྭགས་ཤིག་ཡིན།དེའི་ཁུ་ལུ་ནི་གསེར་ལས་ཀྱང་རྩ་་ཆེན་ཡིན་པས།རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན། ༡༩༨༦ལོར་བོད་ ལྗོངས་དང་ཞིན་ཅང་། མཚོ་སྔོན་ཞིང་ཆེན་གསུམ་གྱི་གཙོད་སྡོད་གནས་སུ་ཆ་སྙོམས་སྤྱི་ལེ་གྲུ་བཞི་མ་རེའི་ནང་ན་གསུམ་ནས་ལྔ་ཡོད་པ་དང་།དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་མགོར། ཆ་སྙོམས་སུ་སྤྱི་ལེ་གྲུ་བཞི་མ་རེའི་ནང་དུ་ཐིག་ཚེག་གཉིས་མ་གཏོགས་མེད།ཉེ་བའི་ལོ་འགའི་ནང་དུ། གཙོད་རྩ་མེད་དུ་གྱུར་བའི་མཚམས་སུ་སླེབས་ཡོད་ནའང་།ལྐོག་གསོད་མཁན་གྱིས་མེ་མདའི་སྒྲ་གྲགས་བཞིན་ཡོད། །

    གཙོད་ནི་ཧ་ཅང་སྙིང་རྗེ་བ་དང་ཡ་ང་བ་ཞིག་རེད། དེ་ཚོས་རང་ཉིད་ཀྱི་བདེ་སྐྱིད་རང་གིས་ལོངས་སུ་སྤྱོད་ཅིང་།རང་ཉིད་ཀྱི་སྡུག་བསྔལ་ཡང་རང་གིས་ལོངས་སུ་སྤྱོད་བཞིན་ཡོད།

    ཡིན་ནའང་།འདི་ལ་མེ་མདས་རྒྱག་ཕོད་མཁན་ཞིག་ཀྱང་ཡོད་དམ།མེ་མདས་རྒྱག་མཁན་དེ་ཚོ་ངོ་མ་སྙིང་རྗེ་ཟེར་བ་ཞིག་དང་སྡིག་པ་ཟེར་བ་ཞིག་དངོས་གནས་མི་འདུག ཁྱོད་ཀྱིས་མེ་མདའ་གཅིག་གིས་གཙོད་ཕྲུག་ལ་དབང་བའི་ཕ་མའི་བརྩེ་འདང་བཅོམ་སོང་ལ།གཙོད་ཕྲུག་དེ་ལ་དབང་བའི་རང་དབང་དང་བདེ་སྐྱིད་བཅོམ་སོང་། གཙོད་ཕྲུག་དེ་དག་གི་ཕ་མ་མེད་པའི་སྡུག་བསྔལ་དང་བཀྲེས་སྐོམ་མྱང་བའི་སྡུག་བསྔལ་དེ་ཨེ་ཚོར། དེ་ནི་གཙོད་ཕྲུག་གཅིག་དང་གཉིས་མིན་ལ།

    གཙོད་ཕྲུག་ཁྲི་ཕྲག་འབུམ་ཕྲག་དག་ཡིན།དེ་ཚོས་ངུ་འབོད་ཁྱོད་ཚོས་ཚོར་ཨེ་བྱུང་། གཙོད་དེ་དག་གི་ཁུ་ལུ་ཁྱོད་ཚོས་དཔལ་འབྱོར་དུ་བསྒྱུར། ཡིན་ནའང་གཙོད་ཕྲུག་ཁྲི་ཕྲག་དག་གི་ངུ་འབོད་ཐོས་ཨེ་བྱུང་།

    རྒྱལ་སྲས་སེམས་དཔའ། རྒྱས་བཟང་བསོད་ནམས་དར་རྒྱས།མི་གཅིག་གིས་ཀྱང་གཙོད་ཕྲུག་དག་གི་སྡུག་བསྔལ་མ་ཚོར་ལ།ཡིན་ནའང་།རྒྱས་བཟང་བསོད་ནམས་དར་རྒྱས།ཁྱེད་ཀྱིས་ཐོག་མར་གཙོད་ཕྲུག་དག་གི་སྡུག་བསྔལ་དང་ངུ་འབོད་ཚོར་བྱང་།རྒྱལ་སྲས་སེམས་དཔའ།ཁྱེད་ནི་གཙོད་ཕྲུག་དེ་དག་གི་མགོན་སྐྱབས་ཉག་གཅིག་ཡིན།གལ་སྲིད་ཁྱེད་མེད་ན་གཙོད་ཕྲུག་དག་གི་ཕ་མ་ཕར་ཞོག ཐ་ན་གཙོད་ཕྲུག་རང་ཉིད་ཀྱི་ཚེ་སྲོག་རྟ་རྔ་འདྲ་བོ་ཡང་ཤོར་སྲིད།རྒྱལ་སྲས་སེམས་དཔའ།རྒྱས་བཟང་བསོད་ནམས་དར་རྒྱས།ཁྱེད་ཡོད་པ་ནས་བཟུང་།ད་གཟོད་གཙོད་ལྤགས་རླངས་འཁོར་དང་རླངས་འཁོར་བྱས་ནས་འགྲོ་བ་རྒྱུན་ཆད་སོང་ལ། རླངས་འཁོར་དེ་དག་གི་དུང་བརྡ་ཡང་རྒྱུན་ཆད་སོང་།ཁྲག་དྲི་བྲོ་བའི་ལོ་རབས་དེ་ཡང་མཇུག་རྫོགས་སོང་ངོ་།།

    རྒྱལ་སྲས་སེམས་དཔའ། རྒྱས་བཟང་བསོད་ནམས་དར་རྒྱས། ཁྱེད་ནི་ང་ཚོ་རྒྱལ་ཁབ་འདིའི་མི་དམངས་ཡོངས་ཀྱི་སེམས་ཁོང་གི་ནོར་བུ་ཡིན་ལ། ཁྱེད་ནི་ང་ཚོ་བོད་རིགས་འདི་ཡི་དཔེ་མཚོན་གྱི་མི་སྣ་ཡིན། རྒན་གཞོན་ཡོངས་ཀྱིས་མཐེ་བོང་བསྒྲེངས་ས་ཉག་གཅིག་ཡིན། ཁྱེད་ཀྱི་མཛད་རྗེས་དང་མིང་བྱང་འཛམ་གླིང་ཡང་རྩེར་བསྒྲེངས་ཡོད་ལ། བསྒྲེངས་ཀྱང་ཆོག་གོ།

    རྒྱལ་སྲས་སེམས་དཔའ། རྒྱས་བཟང་བསོད་ནམས་དར་རྒྱས། ཁྱེད་ནི་ང་ཚོ་མི་རིགས་ཀྱི་དཔའ་བོ་དང་རྒྱལ་ཁབ་ཀྱི་དཔའ་བོ་ཡིན། ཁྱེད་ཀྱི་དྲན་གསོའི་དཔའ་བོའི་རྡོ་རིང་དེ་ནི་ངོ་མ་བརྗིད་ཉམས་ལྡན་པ་ཞིག་རེད། ཁྱེད་ནི་ང་ཚོ་རྗེས་རབས་པ་ཕོ་མོ་ཡོངས་ཀྱི་སེམས་ཁོང་གི་དཔའ་བོ་རུ་བསྒྲེངས་ཡོད། ཁྱེད་ནི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་ཡིན་ལ་། ང་ཚོ་མི་རིགས་འདིའི་སྙིང་སྟོབས་ཡིན། གཞོན་ནུ་ཕོ་མོ་ཡོངས་ཀྱིས་ཁྱེད་ལ་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་ཡོད།

    རྒྱལ་སྲས་སེམས་དཔའ། རྒྱས་བཟང་བསོད་ནམས་དར་རྒྱས། ཁྱེད་ནི་རི་སྐྱེས་སྲོསཆགས་འདི་དག་གི་མགོན་སྐྱབས་ཡིན། ང་ཚོ་ལ་ད་དུང་ཁྱེད་དང་ཁྱེད་ལྟ་བུའི་མི་རིགས་ཀྱི་དཔའ་བོ་མཁོ་ལ། ཁྱེད་ལྟ་བུའི་མགོན་སྐྱབས་དགོས་སོ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག