མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- ལྷུག་རྩོམ།

མཛེས་སྡུག་གི་ཁོར་ཡུག་ནི་ང་དང་ཁྱོད་ཀྱི་གནས་མལ་ཡིན།

རྩོམ་པ་པོ། ཚེ་རིང་རྣམ་རྒྱལ།  ཡོང་ཁུངས། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་།  2013-10-18 10:13

    མི་སུ་དང་སུ་ཞིག་ཡིན་རུང་།དེར་རང་གི་གནས་བབས་དང་མཐུན་པའི་ཁོར་ཡུག་ཅིག་ཡོད་པ་སྨྲས་མ་དགོས་ཀྱང་། ཁོར་ཡུག་དེའི་སྐྱེ་ཁམས་སྲུང་སྐྱོབ་འོས་འགན་ལ་དོ་སྣང་དང་།ལྗང་མདོག་གི་དཔལ་ཡོན་གསར་འཛུགས་བྱེད་མིན་ནི།ཁོར་ཡུག་དེར་གནས་ཤིང་འཚོ་བའི་འགྲོ་བ་མིའི་རིགས་ལ་ལས་འགན་ཡིན་པའི་ཆ་ནས།ང་ཚོས་རང་གི་ལྷ་ཡུལ་ལྟ་བུའི་ཁོར་ཡུག་དེ་བདག་ཏུ་འཛིན་དགོས་ལ།ཡིད་དུ་འོང་བར་གསར་འཛུགས་ཀྱང་བྱེད་དགོས། དེ་ལས་ལྡོག་སྟེ་ཁོར་ཡུག་བདག་སྐྱོང་གི་འདུ་ཤེས་མེད་ཅིང་།ཁོར་ཡུག་བེད་སྤྱོད་ཀྱི་ཧམ་སྲེད་ཀྱི་དབང་དུ་གྱུར་ན།གོ་ལ་སྤྱི་དང་སྒོས་སུ་རང་གི་ཁོར་ཡུག་ལ་བློ་ཡུལ་ལས་འདས་པའི་འཇབ་རྒོལ་དྲག་པོ་ཞིག་གི་འཐབ་ར་བསྒྲིགས་བཞིན་ཡོད་པས།ང་ཚོས་ཕྱོགས་ཡོངས་ནས་བསམ་ཚུལ་ཐ་ཤལ་བའི་ལྟ་བ་དེ་དང་རིང་ལུགས་དེར་འགོག་རྒོལ་དང་བཅོས་བསྒྱུར་བྱེད་དགོས། གལ་ཏེ་ད་རུང་གནས་བབས་འདི་ལ་དོགས་སྣང་གང་ཡང་མེད་པའི་སྒོ་ནས།ཁོར་ཡུག་གི་གང་སར་རྨ་ཁ་དང་སྔོག་འདོན་གྱི་ལས་ལ་ཞུགས་རྒྱུ་མང་དྲག་ཚེ།མི་འགྱངས་བར་ང་ཚོ་འགྲོ་བ་མིའི་རིགས་ལ་ས་ཆུ་མེ་རླུང་གང་གིས་ཆག་འཇིག་ཆེན་པོ་ཞིག་འབྱུང་བའི་སྔ་ལྟས་སུ་སྒྲུབ་བཞིན་ཡོད།དབྱར་རྩྭ་རྐོ་བ།གཏེར་ཁ་སྔོག་པ།ས་རྒོད་སློག་པ། གད་སྙིགས་གང་སར་གཏོར་བ་སོགས་ནི།ཁོར་ཡུག་འདི་རྨེག་མེད་དུ་གཏོང་བའི་ཆེས་གནད་འགག་གི་གནོད་བྱེད་ཚབས་ཆེན་པོ་དག་ཡིན་པས།ང་ཚོས་ཕྱོགས་ཡོངས་ནས་སྣང་ཚུལ་འདི་བཅོས་བསྒྱུར་མ་བྱས་ན།མ་འོངས་པའི་མཛེས་སྡུག་གི་ཁོར་ཡུག་ཅིག་སྐྲུན་རྒྱུ་ནི་འཁྲུལ་སྣང་ཡིན་པ་གོར་མ་ཆག་གོ།

    འོན་ཀྱང་། འགྲོ་བ་མིའི་རིགས་ལ་རང་གི་ཁ་རྒྱབ་ཙམ་གྱི་དོན་དང་།ཡང་ན་སྒེར་འཛིན་བསམ་བློ་ཤུགས་དྲག་པས།ཕྱོགས་ཡོངས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁོར་ཡུག་འབག་བཙོག་གི་ལས་ལ་ནུས་པ་གང་ཡོད་འདོན་བཞིན་ཡོད་པ་ནི།རྒྱལ་ཁབ་ཀྱི་མཛེས་སྡུག་དང་ཕ་ཡུལ་གྱི་བདེ་སྐྱིད་ལ་འགན་མ་ཁུར་བ་ལས་འདས་མེད། ང་ཚོས་མཚོ་སྔོན་གྱི་ཡུལ་གྲུར་དམིགས་ནས་བཤད་ན་ཡང་།སྣང་ཚུལ་དེ་རིགས་འབྱུང་བཞིན་པའི་ཚ་རླབས་ནི་ལོ་རེ་ནས་ལོ་རེར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པས།ང་ཚོས་ངེས་པར་གང་མགྱོགས་ཅི་ནུས་སྒོས་ཁོར་ཡུག་ལ་ཐེབས་བཞིན་པའི་གཏོར་བརླག་གི་བྱ་བ་སྒྲུབ་མཚམས་འཇོག་དགོས་ཤིང་། །

    དཔེར་ན། དབྱར་རྩྭ་དགུན་འབུ་རྐོ་བ་དང་། འབུ་རྐོ་མཁན་གྱིས་ནགས་གཅོད་པ། རྩྭ་སློག་པ། གད་སྙིགས་གང་སར་བསྐྱུར་པ། རི་དྭགས་གསོད་པ་སོགས། དྭངས་གཙང་གི་ཆུ་བོ་དང་ཡིད་འོང་གི་སྤང་ལྗོངས་ལ་མི་གཙང་བའི་གནོན་ཤུགས་ཆེན་པོ་ཁ་གནོན་རྒྱག་བཞིན་ཡོད་ན་ཡང་།ཐུན་མོང་ལ་སེམས་ཁུར་དང་སྤྱི་དོན་ལ་མཐོང་ཆེན་མི་བྱེད་པའི་འདོད་རྔམ་ཧམ་སེམས་ཅན་སྐོར་ཞིག་གིས་ཁོར་ཡུག་འདིར་སོས་ཐབས་བྲལ་བའི་གས་ཁ་ཆེན་པོ་ཞིག་བཏོད་པ་ནི།དོན་གྱིས་རང་གིས་རང་ཉིད་ལ་བདེ་སྐྱིད་ཀྱི་གནས་མལ་ཞིག་ཡོད་པར་བཅོམ་བརླག་བྱས་པ་ལས་མ་འདས། གང་སར་ས་རྡུལ་དང་གད་སྙིགས་ཀྱིས་ཁེངས་ནས་རི་ལུང་ཐང་གསུམ་གྱི་མཛེས་སྡུག་གི་རྣམ་པ་རིམ་གྱིས་ཟད་ནས།མི་སེམས་ལ་སྐྱོ་སྣང་གི་འདུ་ཤེས་ངང་གིས་སྟེར་བའི་ས་རྡུལ་དང་བྱེ་ཕུང་གིས་གང་བར་བྱེད་པ་རེད། ཞིབ་དུ་བསམ་ན།མཁའ་དབུགས་གཙང་ལ་མཛེས་སྡུག་ལྡན་པའི་ཁོར་ཡུག་ནི་རྨད་དུ་བྱུང་ལ་མཆོག་ཏུ་གྱུར་བའི་བདེ་སྐྱིད་ཕུན་ཚོགས་ཀྱི་གཞི་མ་ཡིན་པས།དེ་ལ་ཐུན་མོང་གིས་ཡིད་འཇོག་ཆེན་པོ་བྱེད་དགོས་སྙམ།

    གང་སར་རྒྱུ་བའི་རི་དྭགས་མ་ལུས་གསད་ནས་ཚར་སོང་།ས་དྲུད་ནས་ཚར།རྡོ་འཐག་ནས་ཚར།མེ་ཏོག་གི་ལོ་འདབ་རིམ་གྱིས་སྐམ ། དྲི་བསུང་གི་ངད་ཁ་ཡུན་གྱིས་ཡལ། ཆུ་མོ་ཡི་བཞུར་སྒྲ་དལ་གྱིས་འཇགས། ནོར་ལུག་གི་འཕེལ་ཁ་ངང་གིས་ཆད།མཐོན་པོའི་རི་བོ་དུ་སྨུག་གིས་བཏུམས། དམའ་མོ་གཞོང་དེ་འདམ་བག་གིས་བརྫུས།ཆར་བ་འབབ་རྒྱུ་མེད།རླུང་བུ་ལྡང་མཚམས་མེད། ས་རྡུལ་གྱི་འཕྱུར་མཚམས་མེད། ཐན་པའི་ངར་སྐད་ཕྱོགས་སུ་མཆེད། མི་གཙང་རྫས་འགྱུར་གྱི་དྲི་ངན་སྣ་བར་འཚང་། སྐྱོ་གར་འདི་སུས་འཁྲབ་བམ། སྡུག་ཡུས་འདི་སུས་བསྐྲུན་ནམ། འཐབ་འཁྲུག་འདི་སུས་བརྒྱབ་བམ།གོང་གི་གནས་ཚུལ་དག་སྒྱུར་དགོས་པ་ནི།མིའི་རིགས་ལ་ཤ་མ་ཚ་བའི་བསམ་ཚུལ་ཡིན་ལ། མི་རབས་རྗེས་མར་འགན་མ་ཁུར་བའི་བསམ་བློའང་ཡིན། ང་དང་ཁྱོད་ཀྱི་གསོ་བཅོས་དཀའ་བའི་ན་ཟུག་ཡིན། ཡང་ན་གོང་གི་སྤྱོད་ངན་རིགས་ནི་འཛམ་གླིང་བདེ་འཇགས་ལ་འཚེ་བའི་ཐབས་ངན་ཡིན་པས། ང་ཚོས་ཁོར་ཡུག་འདི་སླར་གསོ་དང་སྲུང་སྐྱོབ་ཀྱི་ལས་ལ་སྔར་ལས་ལྷག་པར་འབད་པ་ཆེན་པོ་བྱེད་དགོས། མདོར་ན།ང་ཚོར་ཁོར་ཡུག་འདི་མ་གཏོགས་གང་ཡང་མེད་པ་ཤེས་དགོས་ལ།ང་ཚོར་མཚོན་ན།ས་གཞི་ཐམས་ཅད་གསེར་དང་རི་བོ་ཐམས་ཅད་གཏེར། ཆུ་བོ་ཐམས་ཅད་སྨན་དང་རྩི་ཤིང་ཐམས་ཅད་བཅུད་ཡིན་པའི་གནས་ལུགས་སུ་ཞིག་གིའ་བརྗོད་ཀྱིན་ཡོད་དམ། འགྲོ་བ་མི་ཡ ། བྱེད་ཐབས་འདི་བཅོས་བསྒྱུར་བྱེད་དགོས་ལ་འགུལ་སྤྱོད་འདི་མཚམས་མ་བཞག་ཚེ།ང་ཚོས་མིག་གིས་མཐོང་བ་ནི་མྱ་ངམ་ཐང་གི་ས་རྡུལ་གྱི་སྐྱོ་གར་ཡིན་ལ། ང་ཚོས་རོལ་མྱོང་བྱེད་སྲིད་པ་ནི།ལུས་སེམས་འཚེ་བར་བྱེད་པའི་ནད་དུག་གི་མཁའ་དབུགས་རྫོབ་པོ་ཡིན་སྲིད། མཚམས་འཇོག་དགོས། སའི་གོ་ལ་ནི་ངེས་པ་དོན་གྱི་ང་ཚོའི་ཐུན་མོང་གི་མ་ཡུམ་ཡིན་ལ།མཛེས་སྡུག་གི་ཁོར་ཡུག་ནི།ང་དང་ཁྱོད་ཀྱི་བདེ་སྐྱིད་ཀྱི་གནས་མལ་མ་ཡིན་ནམ།།    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག