མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- གླུ་ཚིག

བོད་ཁ་བ་ཅན།

རྩོམ་པ་པོ། ཨ་རྟ་མགྲིན་སྐྱབས།  ཡོང་ཁུངས། མཚོ་སྔོན་དགེ་ཐོན་སློབ་ཆེན།  2013-10-12 10:25

རྩེ་ཕོ་བྲང་དཀར་དམར་པོ་ཏ་ལ། །
བོད་ཁ་བ་ཅན་གྱི་བླ་མཁར་རེད། །
ཆོས་མ་ཎི་ཡིག་དྲུག་རང་གྲུབ་རེད། །
མགོན་དམ་པ་ཆོས་ཀྱི་གཞི་མ་རེད། །
གནས་འདི་ལ་འཛོམས་པའི་ཆོས་ལྡན་བོད། །
སེམས་དད་པ་འགྱུར་མེད་རྡོ་རྗེ་བྲག །

གནམ་སྔོན་པོའི་མགུལ་གྱི་ཏི་སེ་གངས། །
བོད་ཁ་བ་ཅན་གྱི་བླ་རི་རེད། །
བུ་རྒོད་པོའི་དགྲ་ལྷ་འཁོར་ས་རེད། །
མ་བུ་མོའི་ཐབ་ལྷ་རྒྱས་ས་རེད། །
གནས་འདི་ལ་འཛོམས་པའི་དད་ལྡན་བོད། །
ལས་རྣམ་དཀར་དགེ་བ་རང་གྲུབ་ཡིན། །

མཚོ་མ་ཕམ་གཡུ་མཚོ་གཡུ་ཡི་གཞུང་། །
བོད་ཁ་བ་ཅན་གྱི་བླ་མཚོ་རེད། །
རྟ་ནོར་ལུག་འཕེལ་གི་མཆོད་གནས་རེད། །
གྲོ་འབྲུ་རིགས་ཡག་གི་བཀུར་གནས་རེད། །
གནས་འདི་ལ་འཛོམས་པའི་བྱམས་ལྡན་བོད། །
གཞུང་གཤིས་ཀ་ཚུགས་དྲུག་སྨྱུག་མ་ཡིན། །

གནས་སྨན་ལྗོངས་ཕྱུག་མོ་ས་ཡི་གོང་། །
བོད་ཁ་བ་ཅན་གྱི་ཕ་ས་རེད། །
ཆུ་གཙང་བོ་ཡན་ལག་བརྒྱད་ལྡན་རེད། །
སྤང་སྔོན་མོ་མནྡྲལ་བཞུས་འདྲ་རེད། །
གནས་འདི་ལ་འཛོམས་པའི་གངས་ཅན་བོད། །
ངས་ཡང་ཡང་དར་བའི་སྨོན་ལམ་འདེབས།། 2013.8.18ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག