མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- དཔྱད་བརྗོད།

མཐུན་སྒྲིལ་དང་གཏོར་བརླགས།

རྩོམ་པ་པོ། བུ་ཚེ་རིང་རྒན་པ།  ཡོང་ཁུངས། བོད་ལྗོངས་གཞིས་རྩེ་ས་ཁུལ་རྩོམ་སྒྱུར་ཁང་།  2013-10-08 11:03

    ང་རང་ནི་ཆུང་བྱིས་པའི་དུས་ནས་དཔེ་དེབ་ལྟ་གྱུར་དགའ་བའི་བྱིས་པ་ཞིག་ཡིན་ལ།ལྷག་པར་དུ་བོད་སྐད་ཡིག་གི་དཔེ་དེབ་ལྟ་ཀློག་བྱ་རྒྱུར་དེ་བས་དགའ་བ་ཡིན། ཆུང་བྱིས་དུས་ཀྱི་འཚོ་བའི་བར་ཐོངས་དང་བྲལ་ནས་ལོ་ངོ་བཅུ་ཕྲག་འགའ་སོང་ཡང་།དཔེ་དེབ་ལྟ་རྒྱུར་དགའ་བའི་ངའི་རང་གཤིས་དེ་གཏན་ནས་དོར་མེད་པས།ངས་དུས་ད་ལྟའང་དཔེ་དེབ་ལྟ་རྒྱུ་དེ་དགའ་ཕྱོགས་ཤིག་དང་བརྩི་དད་ཞིག་ཏུ་བརྩིས་ཏེ།ལོ་ལྟར་བོད་ཕྱི་ནང་གི་བོད་ཡིག་གི་དུས་དེབ་དང་ཚགས་པར་མི་ཉུང་བ་ཞིག་མངགས་ཉོ་བྱེད་པ་མ་ཟད། ནམ་རྒྱུན་དཔེ་ཁང་དུ་སོང་ནས་ཕ་སྐད་རྣལ་མའི་ལམ་ནས་བྲིས་ཤིང་ལྟ་འདོད་ཡོད་པའི་དཔེ་དེབ་གསར་བ་ཞིག་ལྟ་ཀློག་ཐུབ་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ།ནམ་རྒྱུན་བོད་ཀྱི་དྲ་ཐོག་ཁག་ལ་མྱུལ་ནས་འབྲེལ་ཡོད་རྩོམ་ཡིག་དང་། གསར་འགྱུར། དཔེ་འཕྲིན་སོགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་ལྟའི་ཁྲོད་དུ་རང་ལ་མཁོ་བའི་ཤེས་བྱའི་བག་ཆགས་ཤིག་ཡོང་གི་འདུག་ལ་སྤྲོ་སྣང་ཡང་མང་པོ་ཞིག་མྱོང་ཐུབ་མོད། ད་ལྟའི་ཆར་སེམས་ཀྱི་མཁའ་ལ་སྔངས་འཚབ་དང་ཐ་ན་འཇིགས་སྣང་གི་སྨུག་སྤྲིན་ཞིག་ལུས་དང་གྲིབ་མ་བཞིན་དུ་ཁྱབ་འོང་།དེ་ནི་དེང་སྐབས་ང་ཚོ་བོད་ཀྱི་སྨྱུག་ཐོགས་པ་དང་། ཀློག་པ་པོའི་ཁྲོད་མི་མི་ཉུང་བ་ཞིག་གིས་ང་རྒྱལ་དང་ཞེ་སྡང་གིས་བསམས་པས་དེང་དུས་ཀྱི་དྲ་རྒྱ་བེད་སྤྱད་དེ་གཞན་ལ་ཟུར་ཟ་དང་འཕྱ་དམོད་ཙམ་མ་ཟད་མི་གཤིས་ལ་ཕོག་རྡུང་གཏོང་བའི་ལམ་སྲོལ་ངན་པ་ཞིག་རླུང་ལྟར་ཁྱབ་བཞིན་པ་དེ་རེད། དེ་ཡང་མི་བུ་གང་ཞིག་གིས་མི་རིགས་ཀྱི་ལས་དོན་བསམས་ནས་རྩོམ་ཡིག་སྤེལ་བའམ་དཔེ་དེབ་བརྩམས་པ། རིག་རྩལ་དང་རྩོམ་རིགས་ལ་སོགས་པའི་ཚོགས་པ་གང་ཞིག་སྒྲིག་འཛུགས་བྱེད་པ། ཡང་ན་རིག་གནས་གསར་རྙིང་གཉིས་བར་དང་ཆོས་ལུགས་དང་ཚན་རིག་གི་ལྟ་བའི་བར་ལྟ་ཕྱོགས་དང་མཐོང་ཕྱོགས་མ་མཐུན་ཕྱིན།དམའ་འབེབས་བྱེད་པ་མ་ཟད་མི་གཤིས་ཀྱི་རྒོལ་རྡུང་བྱེད་རྒྱུར་དགའ་པོ་འདུག།མ་གཞི་དེ་ནི་སྐབས་དེའི་བྱ་སྤྱོད་དམ་གྲུབ་འབྲས།ཡང་ན་བསམ་བློའི་འཁྱེར་བཟོའམ་ལྟ་བ་དེ་ཁས་ལེན་མ་བྱས་པ་ཞིག་ཡིན་ལ།རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིས་ཡན་ཨན་རིག་རྩལ་གྲོས་ཚོགས་ཐོག་མཁས་བརྒྱ་འགྲན་ལྒིང་དང་མེ་ཏོག་མཉམ་བཞད་ཀྱི་རིག་རྩལ་བལྟ་བ་ལྒིང་བ་བཞིན་རིགས་མི་འདྲ་བའི་ལྟ་ཚུལ་དང་བསམ་ཚུལ་ཡོད་དགོས་ངེས་ཀྱང་། ང་ཚོའི་བསམ་བློའི་ལྟ་བ་བརྗེས་རེས་བྱེད་སྐབས།ཁོངས་ཡང་སྐྱིལ་ཆེའི་ལྟ་བ་ཡང་དག་ཞིག་བཟུང་ནས་ལྒིང་སློང་དང་། གྲོས་མོལ་བྱེད་དགོས་པ་ལས་རང་མཁས་པའི་མཁས་པ་དང་གཞན་བླུན་པོའི་བླུན་པོའི་གནས་སུ་བཞག་ཏེ།ཕར་ངོས་ལ་ཁྱད་བསོད་དང་སྣངས་ཆུང་ཙམ་མ་ཟད་མི་གཤིས་ཀྱི་ཕར་རྒོལ་བྱེད་ཐབས་ནི་ཅིས་ཀྱང་མི་རུང་། དེ་ལྟའི་བྱེད་ཚུལ་དང་དེའི་མཇུག་འབྲས་ལ་ཞིབ་ཏུ་བསམས་ན།དེ་ནི་མི་རིགས་ནང་ཁུལ་གཏོར་བརླགས་ཀྱི་བྱ་སྤྱོད་སྐྱུག་བྲོ་པོ་ཞིག་རེད། དེ་ཡང་ང་ཚོས་མིག་ཏུ་མི་འཆུད་ཅིང་མི་སེམས་ལ་མི་འབབ་པའི་བྱ་སྤྱོད་མཐའ་དག་མ་གོ་མ་མཐོང་གི་ཚུལ་དུ་འཇོག་པའམ་དེར་གུ་ཡངས་སུ་གཏོང་དགོས་པའི་དོན་མ་ཡིན་ཏེ། དེ་ལྟའི་གནས་ཚུལ་ཞིག་ཡིན་ན་གནས་ལུགས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་གསལ་འདོན་དང་། རང་གཞན་ཀུན་ལ་སྨན་པའི་འདུ་ཤེས་ཀྱིས་སྐྱོན་བརྗོད་བྱས་ན་ཆོག་པ་ལས་མ་རབ་ཐ་ཤལ་གྱི་སྒོ་ནས་སྨྲ་སྒོའི་དུག་མཚོན་འཕེན་ནས་དམའ་འབེབས་དང་མི་གཤིས་ལ་ཕོག་རྡུང་གཏོང་རིགས་ནི་ཤིན་ཏུ་ནས་མི་འོས། དུས་དེབ་དང་ལྷག་པར་དུ་དྲ་ཐོག་ལ་མྱུལ་དུས་མི་བུ་གང་ཞིག་གིས་རྩོམ་ཡིག་གམ་དཔེ་དེབ་གསར་འདོན་བྱེད་པ་དང་། ཡང་ན་སྐྱེ་བོ་སུ་ཞིག་གིས་བོད་སྤྱི་ལ་སྨན་པའི་འདུ་ཤེས་ཀྱིས་བྱ་སྤྱོད་གང་ཞིག་སྤེལ་བ། གཞན་ཡང་བསམ་བློའི་ལྟ་བ་མི་མཐུན་པའི་རིགས་ཐོན་ཚེ་བོད་ཀྱི་ཤེས་ཡོན་ཅན་དུ་བརློམས་པའི་སྨྱུག་ཐོགས་པ་དང་། དྲ་ཞུགས་པ་མང་པོ་ཞིག་ནས་དུས་བབ་དང། མཇུག་འབྲས་སོགས་གང་ལའང་མི་ལྟ་བར་བསམ་བློང་གང་དྲན་དང་། སྨྱུག་རྩེ་ལས་གང་ཐོན་གྱིས་མ་འདོད་པའི་ཚིག་མཚོན་འཕེན་པར་བྱེད།

    ད་ལྟའི་གནས་བབ་ལ་བསམས་ན་དེ་ལྟར་བྱེད་པའི་དུས་ཤིག་གཏན་ནས་མ་ལགས་ཏེ། ང་ཚོ་བོད་པ་ནི་རང་རྒྱལ་གྱི་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ནང་གི་གྲངས་འབོར་ཧ་ཅང་ཉུང་བའི་གྲངས་ཉུང་མི་རིགས་ཤིག་ཡིན་པས་མ་ཚད་ལོ་རྒྱུས་དང་དོན་དངོས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་དཔལ་འབྱོར་དང་། དེང་རབས་རིག་གནས། སློབ་གསོ་སོགས་རྗེས་ལུས་ཡིན་པ་མ་ཟད། མི་དམངས་མང་ཆེ་བའི་རིག་གནས་དང་བསམ་བློའི་བྱང་ཚད་མཐོ་པོ་མེད་པ་དང་། ཡིག་རྨོངས་བ་མང་བ། རིག་གནས་པའམ་ཤེས་ཡོན་ཅན་དུ་བགྲང་རུང་བའི་མི་སྣ་མང་པོ་མེད་ལ།ཤེས་ཡོན་ཅན་གྱི་ནང་རང་གི་ཕ་སྐད་རྣལ་མ་བེད་སྤྱོད་བྱེད་མཁན་ཇེ་ཉུང་ལ་འགྲོ་བཞིན་ཡོད། དེ་ནི་ད་ལྟའི་བོད་ཀྱི་དོན་དངོས་གནས་ཚུལ་ཡིན་པས་གནས་བབ་འདི་འདྲ་ཞིག་གི་འོག་ཏུ་བོད་ཡིག་བཀོལ་སྤྱོད་བྱེད་བཞིན་པའི་ཚོགས་པ་ཆུང་ཆུང་ནང་ད་དུང་ཡང་ཕན་ཚུན་བར་ལ་མཐོ་མནོན་དང་གཏོར་བརླགས་བྱེད་པ་ནི་ཤིན་ཏུ་ནས་ཉེན་ཁ་ཆེ་བའི་གནས་ཤིག་ལོས་ཡིན། གནས་བབ་འདི་འདྲ་ཞིག་གི་འོག་ཏུ་ཕ་སྐད་སྤྱོད་བཞིན་པའི་མི་རེ་རེ་ནི་སྨག་གསེང་དུ་རྒྱང་བཞུད་པ་རེ་རེ་ཡིན་ན། ཕན་ཚུན་སེམས་གསོ་དང་ཕན་ཚུན་རོགས་རམ། ཕན་ཚུན་སྐུལ་ལྕག་གིས་ལམ་རོགས་འོག་མདུན་ནས་མདུན་དུ་སྙེག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་དོན་ཞིག་ལོས་ཡིན།

    ང་ཚོ་མི་བུ་སྒེར་ནས་ཆ་བཞག་ན་རྒྱལ་ཁབ་དང་མི་རིགས་འདི་ལ་ཕན་ཞིང་རང་གིས་འཇོན་པའི་ལས་ཀ་ཞིག་ཡིན་ན།ངེས་པར་རྩོམ་དགོས་ལ་གལ་ཏེ་རང་གིས་མ་འཇོན་ན་གཞན་གྱིས་བྱས་པ་དེར་ཡིད་རངས་གུས་བཀུར་དང་བཅས།སྔར་ལས་ཡག་ཐོག་ཡག་བརྩེགས་ཡོང་རྒྱུར་སྐུལ་ལྕག་བྱེད་ན་འོས་པ་ལས་ཤ་གྲོད་པ་རང་གིས་ཟ་ན་སོ་སྲུབས་ལ་འཛུལ། གཞན་གྱིས་ཟ་ན་སྙིང་རླུང་ལངས་པའི་ཚུལ་དེ་སྟོན་རྒྱུ་མེད་ལ།དེ་ལྟར་བྱས་ན་གཞན་གྱི་སེམས་བསད་ཅིང་སྤྱི་དོན་ཁུར་དུ་བླངས་རྒྱུའི་སེམས་ཤུགས་ཉམས་འགྲོ་ལ། ཤེས་ཡོན་པ་དང་བསམ་བློ་བ་ལྟ་བུའི་ཁྱེད་རང་གི་ཉམས་དང་ཚུལ་དེའང་ཤོར་རྒྱུ་ལས་མ་འདས་ལ།དེ་ལས་ཀྱང་ཚབས་ཆེ་བ་ནི་སྤུན་ཟླ་ནང་ཁུལ་གྱི་སེམས་ནང་རྨ་ཁ་ཆེན་པོ་ཞིག་བཞག་ནས་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་གྲུབ་པའི་དཔེ་རུ་གྱུར་རྒྱུ་ལས་མ་འདས།

    མ་གཞི་ད་ལྟའི་ཆར་བསམ་བློ་སྣ་ཚོགས་དང་ལྟ་བ་སྣ་ཚོགས་ཀྱི་རླབས་རྒྱུན་འཁྲུག་པའི་དུས་ཡིན་ནའང་རི་བོང་གི་པགས་པར་འཐེན་ཞེ་མེད་ཟེར་བའི་དཔེ་ལྟར།གཞན་དང་བསྡུར་ན་ང་ཚོའི་ཕ་སྐད་སྤྱོད་པའི་དཔུང་ཁག་དང་ཕ་སྐད་ཀྱི་འཁྲབ་ར་ཆེན་པོ་མེད་ལ་ད་ལྟ་ཡོད་བཞིན་པའི་འཁྲབ་ར་དང་དཔུང་ཁག་ཀྱང་ཉག་ཕྲ་བ་ཞིག་ཡིན་ན།ང་ཚོས་མིག་མདུན་གྱི་དོན་དངོས་དང་། རྒྱང་རིང་གི་ལས་དབང་ལ་བསམས་ནས་མཐུན་སྒྲིལ་བྱེད་རྒྱུ་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཏུ་སེམས། ལོ་རྒྱུས་ལ་ཕྱི་རྒྱངས་བྱས་ན།ང་ཚོར་སྣ་སུན་དང་བསླབ་བྱ་མང་དག་ཞིག་ཡོད་དེ།དཔེ་མཚོན་ཙམ་དུ་བརྗོད་ན་བོད་བཙན་པོའི་དུས་བོད་ཀྱི་བཙན་པོ་མཐའ་མ་གླང་དར་འདས་ཚུལ་དང་དེ་ལས་ཕོག་པའི་ཕམ་ཁ་དང་། བོད་ཀྱི་ཉེ་རབས་ལོ་རྒྱུད་ཐོག་རྩིས་དཔོན་ལུང་ཤར་གྱི་གྱོད་གཞི་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གྱོད་གཞི་ལས་འཛམ་བུ་གླིང་དེར་བརྙེད་པར་དཀའ་བའི་གཡང་གྜ་ཞིག་ཧྲུག་ཆགས་ལ་སོང་ཚུལ་སོགས་ནི།ང་ཚོའི་བསླབ་བྱ་གསོན་པོ་ཉག་གཅིག་མ་ཡིན་ནམ། མདོར་ན་གཞན་ལ་བལྟ་བའི་མིག་ཡོད་ཀྱང་རང་ལ་བལྟ་བའི་མེ་ལོང་དགོས་ཞེས་པའི་ལེགས་བཤད་བཞིན་གཞན་མཐོང་ཐུབ་དགོས་ལ་རང་ངོས་ཀྱང་མཐོང་དགོས། གཞན་ལ་བཤགས་བཅོས་བྱེད་པ་དང་དུས་མཚུངས་རང་གི་བསམ་བློ་དང་ཀླད་པ་ལའང་བཤགས་བཅོས་བྱ་དགོས། བཤགས་བཅོས་བྱས་ནས་ཀྱང་ཡང་དག་པ་དང་སྤྱི་ཕན་གྱི་བསམ་བློ་དང་འདུ་ཤེས་ཤིག་བཅངས་ནས་མཐུན་མོང་ཐོག་འབད་འབུངས་བྱས་ཏེ།ང་ཚོའི་མི་རིགས་འདི་བཞིན་སྔོན་ཐོན་མི་རིགས་རྣམས་ཀྱི་མདུན་གྲལ་དུ་ཚུད་པ་བྱ་རྒྱུ་ནི་མི་རིགས་དར་རྒྱས་ཡོང་རྒྱུའི་ལམ་བུ་ཉག་གཅིག་རེད།

    ད་ལྟ་ང་ཚོའི་འགྲོ་ལམ་ནི་བྲག་ལམ་གཡང་གཟར་ཅན་གྱི་ཕྲེད་དུ་འཐེན་པའི་རྡོ་ཟམ་ཕྲ་མོ་ཞིག་ཡིན་ཙ་ན། ང་ཚོ་འཕྲང་ལམ་གཡང་གཟར་བརྒྱུད་ནས་བདེ་མོའི་སྤང་ལ་སླེབ་པར་ངེས་པར་དུ་རྡོ་ཟམ་ཕྲ་མོ་དེའི་ཐོག་ལག་གདང་དཔུང་འབྲེལ་དང་། བློ་གཅིག་སེམས་མཐུན། གཅིག་ཕན་གཅིག་རོགས་ཀྱིས་བསྐྱོད་དགོས།དེ་ལས་ལྡོག་ན་ང་ཚོ་གཏིང་མཐའ་དཔོག་དཀའ་བའི་གཡང་གཟར་དུ་ལྷུང་ནས་ཤ་འཐོར་རུས་འཐོར་དུ་འགྲོ་རྒྱུ་ནི་ང་ཚོའི་མཐའ་མའི་ལས་དབང་ལས་མ་འདས་པས། ང་ཚོས་རྐང་དྲུག་བུང་བས་མེ་ཏོག་གི་རོ་བཅུད་ལེན་པ་བཞིན་དུ།དེང་དུས་ཀྱི་དྲ་རྒྱ་བརྒྱུད་དེ་རང་ལ་དགོས་པའི་ཤེས་བྱ་སློབ་སྦྱོང་དང་ལེན་གྱིས་མི་རིགས་ཀྱི་འཕེལ་རྒྱས་ཆེད་ལག་རྗེས་འཇོག་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན་ལ། དེ་ལྟར་ནུས་ན་མི་ཚེ་དོན་དང་ལྡན་པ་ཞིག་མ་ཡིན་ནམ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག