མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- འཕྲིན་ཐུང་།

གྱེས་ཁའི་སྙིང་གཏམ།

རྩོམ་པ་པོ། ཁྲི་བྱམས་བརྩེ་རྒྱལ། ལན་གྲུ    2013-09-29 14:37

--གྲོགས་ཀྱི་ཁ་པར་ཅིག་ལ་ཉན་རྗེས།

ཀྭ་ཡེ་གྲོགས་མཆོག་ལྷ་དོན་ཁྱེད་ཀྱིས༎
ཐོས་འཛིན་དབང་བོ་བདག་ལ་གཏོད་དང་༎
མི་འདོད་གྱེས་ཁའི་སྙིང་གཏམ་དྲོན་མོ༎
གྲོགས་ངས་ཁྱེད་ལ་བརྗོད་པར་བྱའོ།།

ཚེ་སྔོན་ལས་ཀྱི་བཀོད་པ་ལེགས་པས།།
རིག་པའི་ལྡིང་ཁང་གཅིག་ཏུ་འཛོམས་ཏེ།།
ཀ་ཁའི་དབྱངས་རྟ་ངག་རུ་གྱེར་ནས།།
ཤེས་བྱའི་འོ་ཆུ་མཉམ་དུ་འཐུང་བྱུང་།།

ཤེས་རིག་པད་མའི་སྐྱེད་ཚལ་ཁྲོད་དུ།།
མཐུན་སྒྲིལ་དཔུང་བ་མཉམ་གཤིབ་ངང་ནས།།
དུས་ཡུན་རིང་བོར་འགྲིས་ཤིང་འགྲོགས་ནས།།
ཁ་ཞེ་མཐུན་པའི་གྲོགས་སུ་གྱུར་སོང་།།

དུས་ཀྱི་འཁོར་ལོ་བར་མེད་འཁོར་བས།།
དགའ་སྐྱོ་ཟུང་གི་ལྷན་འཛོམས་འཚོ་བར།།
གྱེས་བྲལ་བུ་མོའི་ཕྱག་བརྡ་འཕངས་ནས།།
རེ་ཞིག་འདི་ནས་རྫོགས་ཤད་བཀོད་སོང་།།

འཛོམས་པའི་ཐ་མར་བྲལ་བ་འདི་ནི།།
མི་ལྡོག་འཁོར་བའི་ཆོས་ཉིད་ཡིན་པས།།
རྒྱུས་མེད་ས་མཐའ་འགྲིམ་པའི་གྲོགས་ཁྱེད།།
ཐུགས་སེམས་སྐྱོ་སྐྱོ་གནང་དགོས་མི་འདུག།

མཚན་ལྡན་བཤེས་གཉེན་དམ་པ་མཆོག་གིས།།
ཞལ་གསུང་བདུད་རྩི་ཆད་མེད་གནང་སྟེ།།
འེ་ཅག་རྡོ་རྗེ་སྤུན་གྲོགས་ཡོངས་ལ།།
བླང་དོར་འབྱེད་མཁས་མིག་ཅིག་སྤྲད་ཡོད།།

གོ་ལའི་གྲུ་ག་གང་དུ་བཞུད་ཀྱང་།།
ཕ་མ་ཟུང་གི་དྲིན་ལན་འདི་དང་།།
རང་རིགས་བོད་ཀྱི་བླ་སྲོག་གསོན་པོ།།
སེམས་ནས་མ་འདོར་སྙིང་གི་གྲོགས་ལགས།།

སྐུད་མེད་གློག་གི་འཕྲིན་ལམ་བརྒྱུད་ནས།།
རྟག་པར་ཕན་ཚུན་འབྲེལ་བ་བྱས་ཆོག།
མཇུག་མཐར་གྲོགས་མཆོག་དམ་པ་ཁྱེད་ཀྱིས།།
འདོད་དོན་འགྲུབ་པའི་སྨོན་འདུན་ཞུའོ།།

༢༠༡༣.༠༩.༠༢ཉིན་གྱི་དགོང་མོར་ངྷྰི་ཚ་ནས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག