མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- དཔྱད་བརྗོད།

ཕར་ཕྱིན་དྲུག་གི་བསམ་བློའི་སློབ་གསོའི་རིན་ཐང་གླེང་བ།

རྩོམ་པ་པོ། འཇམ་དཔལ་རྒྱལ།    2013-09-27 10:54

    ནང་དོན་གནད་བསྡུས།ནང་བསམ་བློའི་སློབ་གསོ་དང་ཕྱི་སྦྱོར་བའི་སློབ་གསོ་གཉིས་སུ་བསྡུས་ནས་ཕར་ཕྱིན་དྲུག་གི་སློབ་གསོའི་རིན་ཐང་བརྗོད་ཡོད།སྦྱིན་པ་དང་ཚུལ་ཁྲིམས།བཟོད་པ་གསུམ་གྱིས་བསྡུས་པའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་ཕྱི་སྦྱོར་བའི་སློབ་གསོར་ནུས་པ་ཐོན་ཚུལ་དང་།བསམ་གཏན་དང་ཤེས་རབ་གཉིས་ཀྱིས་བསྡུས་པའི་ལྷག་པ་སེམས་ཀྱི་བསླབ་པ་དང་།ལྷག་པ་ཤེས་རབ་ཀྱི་བསླབ་པས་ནང་བསམ་བློའི་སློབ་གསོར་ནུས་པ་ཐོན་པ་གཙོ་བྱས་ནས་བརྩོན་འགྲུས་ནི་ཡོངས་ཁྱབ་ཀྱིས་གྲོགས་སུ་འགྲོ་བའི་གནས་ཚུལ་བརྗོད་དེ་ཁྲིམས་མེད་ལུགས་མེད་ཀྱིས་རྒྱུ་འབྲས་རྡོག་བརྫིས་བྱེད་མཁན་དང་།སྐལ་ལྡན་སློབ་གཉེར་བ་རྣམས་ལ་སློབ་གསོའི་གྲོགས་སུ་འགྲོ་ཚུལ་བསྟན་ཡོད།

    བརྡ་ཆད་གཙོ་བོ།ཕར་ཕྱིན་དྲུག སློབ་གསོའི་རིན་ཐང་།

    སྤྱིར་གངས་ཅན་གྱི་ལྗོངས་འདི་ན་མིའི་སེམས་ལ་ཞིབ་འཇུག་དང་སེམས་ཀྱི་རྣམ་གཞག་ལྡན་པའི་བསྟན་བཅོས་དང་མཁས་པ་ཤིན་ཏུ་མང་བ་དང་།དེ་བཞིན་བློ་ཁ་ནང་དུ་འཁོར་ནས་ཐོག་མར་རང་རྒྱུད་ནས་བཟུང་མ་རིག་པའི་ཉོན་མོངས་སེལ་བའི་ཐབས་གདམས་ངག་ཀྱང་མང་བ་འདི་དག་རིག་གནས་གཞན་དང་ཁྱད་པར་ཆེན་པོ་ཡོད་པའི་སློབ་གསོ་རིག་པ་ཞིག་ཡིན། ལས་རིགས་སོ་སོའི་སློབ་གསོ་སོགས་སློབ་གསོ་གང་ལ་ཡང་རང་གི་ཐུན་མོང་མ་ཡིན་པའི་སློབ་གསོ་བྱེད་ཡུལ་དང་ཇི་ལྟར་བྱེད་ཚུལ།དམིགས་ཡུལ་དང་འབྲས་བུ་བཅས་ཡོད་ཅིང་།གཞན་དུ་དཀོན་པའི་ཕར་ཕྱིན་དྲུག་གི་སློབ་གསོ་རིག་པ་འདི་ནི་དལ་འབྱོར་ཚང་བའི་མི་ལུས་རིན་ཆེན་ལ་གནས་སྐབས་ཀྱི་བདེ་བ་དང་མཐར་ཐུག་གི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་བགྲོད་པའི་ཐབས་ལམ་ཆེན་པོ་དྲུག་ཡིན།ཐོག་མར་རང་གཤིས་དང་རང་སེམས་བཅོས་པ་ལ་བརྟེན་ནས་མཐར་ཐུག་གཞན་ལ་ལམ་སྟོན་བྱེད་པའི་སློབ་གསོ་བྱེད་སྟངས་ཤིག་ཡིན་ལ།གནས་སྐབས་རང་གི་ཚེ་འདིའི་ལས་མཐའ་དག་བསྒྲུབ་བྱེད་དང་།མཐར་ཐུག་ཕྱི་མའི་ལམ་བཟང་བའི་ཚེ་འདི་ཕྱི་གཉིས་ལ་ཕན་པའི་སློབ་གསོ་རིག་པ་དཀོན་པོ་ཞིག་ཡིན་པས་རིན་ཐང་ཧ་ཅང་ཆེའོ།།

    དང་བོ། ཕྱི་སྦྱོར་བའི་སློབ་གསོ །

    ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ནང་སེམས་ཀྱིས་བསྐུལ་བའི་ཕྱིའི་སྦྱོར་བ་བཟང་བོ་ཡིན་ཞིང་།དེ་ལ་སྦྱིན་པ་དང་།ཚུལ་ཁྲིམས།བཟོད་པ་གསུམ།དེ་དག་ཕྱི་སྦྱོར་བའི་སློབ་གསོ་ཡིན་ཏེ།ནང་སེམས་ཀྱི་རྒྱུ་ལས་ཕྱི་ཡན་ལག་གི་རྩོལ་བ་ལ་ཞུགས་རྒྱུ་ཡོད་པའི་ཕྱིར།

    གཅིག སྦྱིན་པའི་སློབ་གསོ།

    བརྡ་འཕྲིན་གྱི་དུས་རབས་ཉེར་གཅིག་འདི་འགྲན་རྩོད་དང་ཞི་མཐུན་མཉམ་གནས་ཀྱི་དཔལ་ཡོན་ལྡན་པའི་དུས་སྐབས་ཤིག་ཡིན་ཞིང་།མི་ནི་འདོད་འདུན་གྱི་རྗེས་རྒྱུགས་པའི་གང་ཟག་ཅིག་ཡིན་པས་སྦྱིན་པའི་སློབ་གསོ་འདི་ནི་ཧ་ཅང་གིས་རླབས་ཆེན་གྱི་སློབ་གསོ་བྱེད་སྟངས་ཤིག་ཡིན།སྦྱིན་པའི་ངོ་བོ་ཅི་ཡིན་ཞེ་ན།༼ཡོ་བྱད་ཐམས་ཅད་དང་།རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའ་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་།དེས་ཀུན་ནས་བསླངས་པའི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་།ངག་གི་ལས་དང་།སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་།སྡོམ་པ་ལ་གནས་པ་དང་།འོང་བ་མཐོང་ཞིང་འབྲས་བུ་ལ་ལྟ་བ་དང་།སུ་གང་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།།༽ ཞེས་ནན་ཏུ་གསུངས་ཡོད་པ་འདི་ལས་ཀྱང་རླབས་ཆེན་གྱི་སློབ་གསོ་ཞིག་ཡིན་པ་ཤེས་སླ།ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ་ཡང་སྨིན་པ་བཞི་ཡི་སྒོ་ནས་བཤད་ཆོག་སྟེ།སྦྱིན་པས་རང་གི་མི་མཐུན་ཕྱོགས་སེར་སྣ་སོགས་སྤང་པ་དང་།གྲོགས་མི་རྟོག་ཡེ་ཤེས་ཀྱིས་ཟིན་པ།ཐབས་དེའི་ཡུལ་སེམས་ཅན་རྣམས་ཀྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ།དེའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པ་བཞིས་ཐེག་ཆེན་གྱི་ལམ་དུ་འགྱུར་བར་བྱེད།

    སྦྱིན་པ་ལ་ཡང་ནང་གསེས་སུ་གཞན་གྱི་ལུས་བརྟན་པར་བྱེད་པའི་ཟང་ཟིང་གི་སྦྱིན་པ་དང་།སེམས་བརྟན་པར་བྱེད་པའི་ཆོས་ཀྱི་སྦྱིན་པ།དེ་ཡང་དམ་པའི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པ་དང་།འཇིག་རྟེན་གྱི་བཟོ་ལ་སོགས་ཕུན་ཚོགས་དོན་གཉེར་སྟོན་བྱེད་ཀྱི་བསླབ་པའི་གཞི་འཛིན་དུ་འཇུག་པ་སོགས་འདུས།སྐྱབས་ཀྱི་སྦྱིན་པ་ནི་ཆོམ་རྐུན་སོགས་མིའི་འཇིགས་པ་དང་།སྟག་སེང་སོགས་མི་མ་ཡིན་གྱི་འཇིགས་པ།ས་ཆུ་སོགས་འབྱུང་བའི་འཇིགས་པ་ལས་སྐྱོབ་པ་ལ་ཟེར་ཞིང་།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་དག་དང་ལྡན་ན་བཟང་ཆ་རྒྱ་ཆེན་པོ་ཡོད་དེ།བཅོམ་ལྡན་འདས་ཀྱིས༼བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད།།དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད།།སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར།།༽ ཞེས་བླ་ན་མེད་པའི་སྦྱིན་པའི་ཡོན་ཏན་བཤད་ཡོད་།

    གཉིས།ཚུལ་ཁྲིམས་ཀྱི་སློབ་གསོ།

    མདོ་སྔགས་བསྟན་བཅོས་རྣམས་སུ༼ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།།ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས།།༽ཞེས་པ་བཞིན་སྒོ་གསུམ་བག་དང་ལྡན་པས་ཕན་པ་རྒྱ་ཆེན་དུ་གསུངས་ཤིང་།ཚུལ་ཁྲིམས་ཀྱི་ངོ་བོ་ནི་ཡོན་ཏན་བཞི་ལྡན་ཡིན་ཏེ།ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང་།བསམ་པ་ཤིན་ཏུ་རྣམ་པར་དག་པ་དང་།ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང་།མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པ་ཞེས་སྔ་རབས་བསྟན་བཅོས་རྣམས་སུ་གྲགས་པ་འདི་ལས་བོད་ཀྱི་ཚུལ་ཁྲིམས་ཀྱི་སློབ་གསོ་འདི་ནི་རིམ་པ་ཧ་ཅང་མཐོ་བའི་སློབ་གསོ་ཞིག་ཡིན་པ་ཤེས་བར་བྱེད་པ་དང་།བླངས་དོར་གྱི་གནས་ལ་འཇུག་ཚུལ་ཡང་བསྟན་ཡོད།འདི་ལྟ་བུའི་སློབ་གསོ་མིའི་རིགས་ཡོངས་ལ་དར་བར་གྱུར་ན་རྒྱལ་ཁྲིམས་དང་སྲིད་ཁྲིམས་རྣམས་ནི་ལྷག་མ་ལས་མེད་པས་འཇིག་རྟེན་འདི་ཧ་ཅང་གིས་མཛེས་སྡུག་ལྡན་པའི་བྱམས་བརྩེ་དང་ལྷག་བསམ་གྱིས་ཕྱུག་པའི་ཁོར་ཡུག་ཅིག་ཡིན་ངེས་ལགས།

    ཚུལ་ཁྲིམས་ལའང་ནང་གསེས་སུ་སེམས་གནས་པར་བྱེད་ཅིང་།ཁ་ན་མ་ཐོ་བ་ཅི་རིགས་པར་སྤོང་བའི་སྤོང་སྡོམ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་།ཕར་ཕྱིན་དྲུག་ལ་སོགས་པའི་དགེ་བ་ལ་དམིགས་ནས་རང་རྒྱུད་ཀྱི་ཆོས་སྨིན་པར་བྱེད་པའི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།སེམས་ཅན་རྣམ་པ་བཅུ་གཅིག་གི་དོན་ལ་དམིགས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་གསུམ་དུ་དབྱེ་ཞིང་།ཚུལ་ཁྲིམས་ཀྱི་ཕན་ཡོན་བཤད་པ་ཤིན་ཏུ་མང་སྟེ།༼ཕར་ཕྱིན་བསྡུས་པ་ལས།མཐོ་རིམ་ཐར་བའི་བདེ་ལམ་གྱུར་བ་སྟེ།ལས་ལམ་བཅུ་བོད་འདི་ལས་ཉམས་མི་བྱ།།འདི་ལ་གནས་པས་འགྲོ་ལ་ཕན་བསམ་པའི།།བསམ་པའི་ཁྱད་པར་འབྲས་བུ་ཡོད་པར་འགྱུར།།ངག་ལུས་ཡིད་རྣམས་ཡོངས་སུ་བསྡམ་བྱ་བ།།མདོར་བསྡུས་ཚུལ་ཁྲིམས་ཡིན་ཞེས་རྒྱལ་བས་གསུངས།།ཚུལ་ཁྲིམས་མ་ལུས་འདུས་པའི་གཞི་ཡིན་པས།།དེ་ཕྱིར་འདི་དག་རྣམ་པར་སྦྱང་བར་གྱིས།།༽ཞེས་ཚུལ་ཁྲིམས་ཀྱི་ཡོན་ཏན་དང་རིན་ཐང་།འབྲས་བུ་སོགས་གསལ་བོར་གསུངས་ཡོད།དུས་རྒྱུན་ང་ཚོའི་མཐོང་ལམ་དུ་གསལ་བ་བཞིན།ཁྲིམས་མཐུན་གྱིས་ཚུལ་ལྡན་གྱི་བྱ་བ་བསྒྲུབས་ན་འགྲུབ་ཅིང་།རྒྱལ་ཁབ་ཀྱི་ཁྲིམས་མེད་པར་མི་རིགས་ལུགས་སྲོལ་མེད་པར་བྱ་བ་སྒྲུབ་ན་མི་འགྲུབ་ཅིང་།དེ་ལས་ལྷག་པའི་ལྡོག་ངོས་ཀྱི་འབྲས་བུ་འབྱུང་བ་བཞིན་ནོ།།

    གསུམ། བཟོད་པའི་སློབ་གསོ།

    སེམས་ཅན་སྣ་ཚོགས་སམ་མིའི་རིགས་ཀྱི་འཚོ་བ་འདི་ལ་ཆགས་སྡང་དང་འདོད་འདུན་སོགས་མ་རིག་པ་ཉོན་མོངས་ཀྱིས་བསྒྲིབས་ཡོད་པས་ན་བཟོད་པ་དགོས་ཤིང་།བཟོད་པ་མེད་ན་འཇིག་རྟེན་འདི་ནི་ཉིན་བཞིན་ཞེ་འཁོན་དང་དམག་འཁྲུག་གི་ཁྲོད་དུ་ཡོད་པས་བཟོད་པའི་སློབ་གསོ་འདི་ནི་ཧ་ཅང་གིས་གལ་ཆེན་ཡིན།བཟོད་པའི་ངོ་བོ་བཤད་པར་བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས༼སོ་སོར་བརྟགས་པའི་སྟོབས་ལ་བརྟེན་ནས་སམ།ཡང་ན་རང་བཞིན་གྱིས་གཞན་གནོད་པར་བྱེད་པ་ལ་ཅི་མི་སྙམ་པ་དང་།ཐམས་ཅད་ཀྱི་ཇི་མི་སྙམ་པ་དང་།ཐམས་ཅད་ལ་ཇི་མི་སྙམ་པ་དང་།ཟང་ཟིང་མེད་པའི་སེམས་དང་།སྙིང་རྗེ་འབའ་ཞིག་གིས་ཇི་མི་སྙམ་པ་གང་ཡིན་པ་འདི་ནི་མདོར་བསྡུས་ན་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཡིན་པར་རིགས་པར་བྱའོ།།༽ ཞེས་བཟོད་པ་ནི་ཅི་ཡིན་པ་ཞིབ་ཏུ་གསུངས་ཡོད་དོ།།

    བཟོད་པ་ལ་ནང་གསེས་སུ་གསུམ་སྟེ།གནོད་པ་བྱེད་པའི་སེམས་ཅན་གྱི་རང་བཞིན་ལ་བསམ་ནས་བཟོད་པར་བྱེད་པའི་གནོད་བྱེད་ལ་ཇི་མི་སྙམ་དུ་བཟོད་པ་དང་།སྡུག་བསྔལ་གྱི་ངོ་བོ་ལ་དཔྱད་ནས་བཟོད་པར་བྱེད་པའི་སྡུག་བསྔལ་དང་ལེན་གྱི་བཟོད་པ།ཆོས་རྣམས་ཀྱི་ཕྱིན་གྱི་མ་ལོག་པ་ཉིད་ལ་སོ་སོར་བརྟག་པའི་སྒོ་ནས་བཟོད་པར་བྱེད་པའི་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་བཅས་ཡིན།འདི་ལྟ་བུའི་བཟོད་པ་ཁུར་བས་མ་རིག་པ་ཐམས་ཅད་ལས་སྡིག་པ་ཆེས་ཆེ་བའི་ཁོང་ཁྲོ་ཉམས་པར་བྱེད་།མདོ་སྔགས་བསྟན་བཅོས་རྣམས་སུ་བཟོད་པ་དང་མི་ལྡན་པའི་མི་ལ་ཁོང་ཁྲོ་ཡོད་ཅིང་།ཁྲོ་བ་གཅིག་གིས་སྦྱིན་པ་དང་ཚུལ་ཁྲིམས་སོགས་སྔར་བྱས་ཀྱི་སྐལ་བ་སྟོང་དུ་བསགས་པའི་དགེ་རྩ་ཐམས་ཅད་དུས་གཅིག་ལ་འཇོམས་པར་བཤད་ཅིང་།གཞན་ཡང༼བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག།ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ།།ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང་།།ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན།།༽ ཞེས་དང་།༼ཞེ་སྡང་ལྟ་བུའི་སྡིག་པ་མེད།།བཟོད་པ་ལྟ་བུའི་དཀའ་ཐུབ་མེད།།དེ་བས་བཟོད་ལ་ནན་ཏན་དུ།།སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ།།༽ ཞེས་དཀའ་བའི་གནས་ཡིན་པས་ཉོན་མོངས་པ་ཀུན་གྱིས་བཟོད་དཀའ་བ་ཞིག་ཡིན་ནའང་།དེ་བཟོད་བསྲན་ཐུབ་པས་འབྲས་བུའང་མི་དམན་པ་འབྱུང་བ་བསྟན་ཡོད།

    ཕར་ཕྱིན་དྲུག་གི་ཕྱི་སྦྱོར་བའི་ངོས་ཀྱི་སློབ་གསོ་འདི་དག་ནི་འཇིག་རྟེན་གྱི་ལས་འབྲས་དང་།སྐྱིད་སྡུག་གི་ཁྱད་པར།ལེགས་ཉེས་ཀྱི་བླངས་དོར་ཡོད་པའི་སྒོ་ནས་མ་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སློབ་གསོ་ཆེན་པོ་ཞིག་ཡིན་པས་རིན་ཐང་དང་ཡོན་ཏན་གཞལ་དུ་མེད་ཅིང་འཇིག་རྟེན་གྱི་ཕུན་ཚོགས་གཅིག་པུ་དང་རང་གཅིག་པུ་བསམ་པའི་ཕལ་བའི་བློ་ངོར་ཤོང་དཀའ་བ་ཞིག་ཡིན་ནོ།།

    གཉིས་པ། ནང་བསམ་བློའི་སློབ་གསོ།

    སྤྱིར་ན་ཐེག་ཆེན་གྱི་ལམ་རིམ་རྣམས་སུ་བསམ་གཏན་དང་ཤེས་རབ་གཉིས་ལ་ལྷག་པ་སེམས་ཀྱི་བསླབ་པ་དང་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཞེས་བསླབ་པ་གཉིས་སུ་བཤད་ཡོད་ཀྱང་།དེ་གཉིས་ཀྱིས་ནང་བསམ་བློའི་ངོས་ཐད་ཀྱི་རིག་པ་གཙོ་བོར་བསྟན་ཡོད་པའི་སྟབས་ཀྱིས་ནང་བསམ་བློའི་སློབ་གསོའི་ཁོངས་སུ་བསྡུས་ཀྱང་འོས་འཚམས་ཤིག་གོ

    གཅིག བསམ་གཏན་གྱི་སློབ་གསོ།

    བསམ་གཏན་ནི་སེམས་རྩེ་གཅིག་པ་དགེ་བ་ལ་སེམས་གནས་པ་སྟེ།བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བསམ་གཏན་གྱི་ལེའུ་ན༼བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་།བསམ་པ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་རྩེ་གཅིག་པ་དགེ་བའི་སེམས་གནས་པ་ཞི་གནས་ཀྱི་ཕྱོགས་སམ།ལྷག་མཐོང་གི་ཕྱོགས་སམ།ཟུང་དུ་འབྲེལ་བར་འཇུག་པའི་ལམ་དེ་གཉི་གའི་ཕྱོགས་གང་ཡིན་པ་སྟེ།འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་དུ་རིག་པར་བྱའོ།།༽ཞེས་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ངོ་བོ་བསྟན་ཡོད་པ་བཞིན།དགེ་བ་དམིགས་པ་ལས་གཞན་དུ་མི་གཡེང་བར་གནས་པའི་སེམས་རྩེ་གཅིག་ཏུ་གནས་པ་ལ་ཟེར།

    བསམ་གཏན་ལ་ནང་གསེས་སུ་དབྱེ་བ་མང་ཞིང་།ངོ་བོའི་སྒོ་ནས་འཇིག་རྟེན་པའི་བསམ་གཏན་དང་།འཇིག་རྟེན་ལས་འདས་པའི་བསམ་གཏན་གཉིས་དང་།ཕྱོགས་ཀྱི་སྒོ་ནས་ཞི་གནས་ཀྱི་ཕྱོགས་དང་།ལྷག་མཐོང་གི་ཕྱོགས་དང་།ཞི་ལྷག་ཟུང་འབྲེལ་དུ་འཇུག་པའི་ལམ་གསུམ་དུ་ཡོད།བྱེད་ལས་ཀྱི་སྒོ་ནས་ཚེ་འདི་ལ་ལུས་སེམས་བདེ་བར་གནས་པའི་བསམ་གཏན་དང་།ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན།སེམས་ཅན་དོན་བྱེད་ཀྱི་བསམ་གཏན་བཅས་གསུམ་དུ་དབྱེ་ཡོད།དེ་དག་རེ་རེ་ལ་རང་རང་འབྲས་བུ་དང་ཁྱད་ཆོས་ཧ་ཅང་མ་ཞིང་།སྤྱིར་བཏང་དུ༼ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ།།ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས།བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ༽ སོགས་ཡོན་ཏན་དང་ཁྱད་ཆོས་བརྗོད་ཀྱིས་མི་ལང་ཞིང་།རྣམ་གཡེང་གི་དབང་དུ་སོང་ན་དེ་ལས་ལྡོག་སྟེ་ཚེ་འདི་ཕྱི་གཉིས་ཀྱི་ལས་དོན་ཅི་ཡང་མི་འགྲུབ་པ་ཀུན་གསལ་ལྟར་རོ།།

    གཉིས། ཤེས་རབ་ཀྱི་སློབ་གསོ།

    ཤེས་རབ་མི་དགོས་པའི་གནས་མེད་ཅིང་།བླ་མ་དང་།སངས་རྒྱས།བྱང་ཆུབ་སེམས་དཔའ།མཁས་པ་དང་གྲུབ་པ་ཐམས་ཅད་ཀྱང་ཤེས་རབ་ལ་བརྟེན་ནས་བྱུང་ཞིང་།ཚེ་འདིའི་ཕུན་ཚོགས་སྒྲུབ་བྱེད་ཀྱི་བཟོ་སྐྲུན་པ་དང་།ལག་ཤེས་པ།ཚན་རིག་པ་ཐམས་ཅད་ཀྱང་ཤེས་རབ་ལ་བརྟེན་ནས་བྱུང་ཞིང་།ཤེས་རབ་མེད་པའི་ས་ན་འོད་སྣང་དང་།བདེ་སྐྱིད་ཅི་ཡང་མེད་པ་ང་ཚོས་ཤེས་གསལ་བཞིན་ཤེས་རབ་ཀྱི་སློབ་གསོ་ནི་ཧ་ཅང་གིས་གལ་ཆེན་ཡིན།

    ཤེས་རབ་ཀྱི་ངོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་།དོན་དམ་པར་ཤེས་པས་ཤེས་རབ་སོགས་སུ་བཤད།བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས༼བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ངོ་བོ་ཉིད་གང་ཡིན་ཞེ་ན།ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་།ཤེས་བྱ་ཐམས་ཅད་ལ་ཞུགས་པ་དང་།ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་དང་།རིག་པའི་གནས་ལྔ་བོ་ནང་གི་རིག་པ་དང་།གཏན་ཚིགས་ཀྱི་རིག་པ་དང་།གསོ་བའི་རིག་པ་དང་།སྒྲའི་རིག་པ་དང་།བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།།༽ ཞེས་ཤེས་རབ་ཀྱི་ངོ་བོ་རྒྱ་ཆེ་ཞིང་གཏིང་ཟབ་མོས་གསལ་བོར་གསུངས་ཡོད།

    ཤེས་རབ་ལ་ནང་གསེས་སུ་སྒྲ་ཚད་བཟོ་གསོ་སོགས་ཐ་སྙད་རིག་གནས་སམ་སྲིད་པའི་ཕུན་ཚོགས་གཉེར་བྱེད་དུ་གྱུར་བའི་འཇིག་རྟེན་པའི་ཤེས་རབ་དང་།ཉན་ཐོས་དང་རང་རྒྱལ་བ་དག་གི་ཐོས་བསམ་བསྒོམ་གསུམ་ལས་བྱུང་བའི་ཕུང་བོ་མི་གཙང་བ་དང་སྡུག་བསྔལ་དུ་རྟོགས་པའི་འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་སྐྱེ་མེད་དུ་རྟོགས་པའི་ཐེག་པ་ཆེན་པོའི་ཐོས་བསམ་བསྒོམ་གསུམ་ལས་བྱུང་བའི་ཤེས་རབ་གསུམ་དུ་དབྱེ་བ་སོགས་ནི་དབྱེ་གཞི་རྒྱ་ཆེ་ཞིང་དབྱེ་ཆོས་ཕྲ་ཞིབ་བློ་ཡིས་གཟུ་བོར་དབྱེ་ཡོད་པས་ཕལ་བའི་བློ་ངོར་སྣང་དཀའ་ཞིང་།བསམ་ཡུལ་ལས་འདས་པའི་ཚུལ་མང་དུ་ཡོད།འཕགས་པ་སྡུད་པ་ལས༼ཤེས་རབ་ཀྱིས་ནི་ཆོས་ཀྱིརང་བཞིན་ཡོངས་ཤེས་ནས།།ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར།།༽ ཞེས་དང་།གཞན་ཡང༼དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས།།ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས།།ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས།།དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།།༽ སོགས་ཤེས་རབ་ཀྱི་ཡོན་ཏན་དང་ཁྱད་ཆོས་ནི་སྨྲ་བརྗོད་ལས་སྟོན་པར་དཀའ་ཞིང་བསམ་ཡུལ་ལས་འདས་པའི་གནས་སུ་འདུག་པས་རིན་ཐང་ཀྱང་དེ་བཞིན་གཞལ་དུ་མེད་དོ།།

    མདོར་ན།བརྩོན་འགྲུས་ནི་ཕར་ཕྱིན་དྲུག་གི་ཕྱི་སྦྱོར་བའི་སློབ་གསོ་དང་ནང་བསམ་བློའི་སློབ་གསོ་གཉིས་ཀྱི་གྲོགས་སུ་སོང་ནས་ཐམས་ཅད་ཡོངས་སུ་མངོན་པར་བྱེད་སྤྱད་ཀྱི་ལག་ཆ་མ་ནོར་བ་དེ་ཡིན་ཞིང་།འདི་ལ་བསམ་པ་ཕུན་སུམ་ཚོགས་པའི་གུས་སྦྱོར་གྱི་བརྩོན་འགྲུས་ཡོད་པས་ནང་བསམ་བློའི་སློབ་གསོའི་ཁོངས་སུ་བསྡུས་ཆོག་ལ།སྦྱོར་བ་ཕུན་སུམ་ཚོགས་པའི་རྟག་སྦྱོར་གྱི་བརྩོན་འགྲུས་ཡོད་པས་ཕྱི་སྦྱོར་བའི་སློབ་གསོའི་ཁོངས་སུ་ཡང་བསྡུས་ཆོག་ལ།གུས་རྟག་གཉིས་མཐར་ཕྱིན་པའི་ཡན་ལག་ཡིན་པས་ཆོག་མི་ཤེས་པའི་བརྩོན་འགྲུས་སུ་བཤད་དེ་ཕར་ཕྱིན་དྲུག་པོ་གང་ལ་ཡང་མེད་དུ་མི་རུང་བའི་སྟབས་ཀྱིས་ཐམས་ཅད་ཀྱི་གྲོགས་སུ་འགྲོ་ཞིང་།ལེ་ལོའི་གཉེན་པོ་ཡིན་ནོ།།

    ཕར་ཕྱིན་དྲུག་གི་སློབ་གསོ་རིག་པ་འདི་ནི་འགྲོ་བ་རིགས་དྲུག་གི་རང་རང་གནས་སྐབས་ཀྱི་འཁོར་བའི་ལས་སྒྲུབ་བྱེད་དམ།མིའི་འཇིག་རྟེན་གྱི་ལུགས་དང་མཐུན་པར་ཚེ་འདིའི་ཕུན་ཚོགས་དོན་གཉེར་དུ་འགྲོ་བས་ཆོས་ཀྱི་གཞུང་ནས་ཀྱང་གནས་སྐབས་མངོན་མཐོའི་ཚུལ་དུ་བཤད་ཅིང་།སེམས་ཅན་ཐམས་ཅད་ལ་ཕྱི་མའི་ལམ་སྒྲུབ་བྱེད་དུ་སོང་ནས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་རུ་སོང་བས་མདོ་སྔགས་རིག་གཞུང་རྣམས་སུ་ཡང་མཐར་ཐུག་ངེས་ལེགས་ཀྱི་ཚུལ་དུ་གསུངས་ཡོད་ལ།ཆོས་འཇིག་རྟེན་གཉིས་ལ་ཁྱད་མེད་དུ་འཇུག་པའི་འཇིག་རྟེན་ན་དཀོན་པོར་སྣང་བའི་ཐུན་མོང་མ་ཡིན་སློབ་གསོའི་རིན་ཐང་གཞལ་དུ་མེད་པ་ཞིག་འདུག་གོ།མཆན།

    1.རྒྱ་གར་གྱི་མཁན་པོ་པྲཛྙ་ཝརྨ་དང་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར།གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ། དེབ་ཉེར་བཞི་བ་བྱང་ཆུབ་སེམས་དཔའི་ས་དང་ཚོམས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ༥ ཤ༡༣༤

    2.རྒྱ་གར་གྱི་མཁན་པོ་མཉྫུ་ཤྲི་གརྦྷ་དང་།བི་ཛ་ཤི་ལ་དང་།ཤྰི་ལེནྡྲ་བོ་ངྷི་དང་།ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། བཀའ་འགྱུར།མདོ་ཛ་དུམ་ལས། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ།བམ་པོ་བདུན་དང་ལེའུ་བཅུ་གཉིས་པ། ཤ༡ནསཤ༡༥༤ན༣བར།

    3.རྒྱ་གར་གྱི་མཁན་པོ་པྲཛྙ་ཝརྨ་དང་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར།གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ། དེབ་ཉེར་བཞི་བ་བྱང་ཆུབ་སེམས་དཔའི་ས་དང་ཚོམས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ༥ ཤ༢༢༡

    4.དོར་ཞི་གདོང་དྲུག་སྙེམས་བློ། སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་ཕབ་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ༨ ཤ༩༩

    5.རྩ་བ་ཞི་བ་ལྷ་དང་འགྲེལ་བ་རྒྱལ་ཚབ་དར་མ་རིན་ཆེན།སྤྱོད་འཇུག་རྩ་འགྲེལ་བཞིགས་སོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ༡ ཤ

    6.རྒྱ་གར་གྱི་མཁན་པོ་མཉྫུ་ཤྲི་གརྦྷ་དང་།བི་ཛ་ཤི་ལ་དང་།ཤྰི་ལེནྡྲ་བོ་ངྷི་དང་།ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། བཀའ་འགྱུར།མདོ་ཛ་དུམ་ལས། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ།བམ་པོ་བདུན་དང་ལེའུ་བཅུ་གཉིས་པ། ཤ༡ནསཤ༡༥༤ན༣བར།

    7.རྒྱ་གར་གྱི་མཁན་པོ་པྲཛྙ་ཝརྨ་དང་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར།གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ། དེབ་ཉེར་བཞི་བ་བྱང་ཆུབ་སེམས་དཔའི་ས་དང་ཚོམས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ༥ ཤ༢༤༦

    8.ལྷ་རྗེ་བསོད་ནམས་རིན་ཆེན།དམ་ཆོས་ཡིད་བཞིན་ནོར་བུ་ཐར་བ་རིནཔོ་ཆེ་རྒྱན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༢ ཤ༢༧༠

    9.ལྷ་རྗེ་བསོད་ནམས་རིན་ཆེན།དམ་ཆོས་ཡིད་བཞིན་ནོར་བུ་ཐར་བ་རིནཔོ་ཆེ་རྒྱན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༢ ཤ༢༦༩

    ཀན་སུའུ་མི་རིགས་དགེ་འོས་སློབ་གྲ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་ཡིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག