མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- དཔྱད་བརྗོད།

ཕར་ཕྱིན་དྲུག་གི་རིགས་པ་ཇི་ལྟར་གཏན་ལ་འབེབས་པའི་ཚུལ་ཅུང་ཟད་གླེང་བ།

རྩོམ་པ་པོ། འཇམ་དཔལ་རྒྱལ།    2013-09-27 10:10

  ནང་དོན་གནད་བསྡུས། ཁམས་གསུམ་གྱི་སེམས་ཅན་ལ་དམིགས་ནས་འཁོར་བ་ནས་མྱང་འདས་ཀྱི་བར་ཏུ་འཇུག་པ་བྱང་ཆུབ་སེམས་བསྐྱེད་ཀྱི་ལམ་ཕར་ཕྱིན་དྲུག་གི་རིགས་པ་ཇི་ལྟར་གཏན་ལ་ཕབ་པའི་ཚུལ་གླེང་ཡོད་ཅིང་།ཕར་ཕྱིན་དྲུག་གི་རིག་པ་བྱུང་བའི་རྒྱུ་རྣམ་ཤེས་དང་སྐྱེ་བ་སྔ་ཕྱི་རྣམས་ནང་དོན་རིག་པའི་གཞུང་ནས་བསྒྲུབས་ཚུལ་དང་།དེང་རབས་ནུབ་གླིང་ཚན་རིག་གིས་བསྒྲུབས་ཚུལ་རྣམ་པ་གཉིས་ཀྱིས་གཏན་ལ་ཕབ་པ་དང་།ལམ་ཕར་ཕྱིན་དྲུག་ལ་འཇུག་པའི་རྒྱུ་ཚོགས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཡིན་པ་དང་།འཁོར་བ་སྡུག་བསྔལ་གྱི་རང་བཞིན།འདས་བྱས་མི་རྟག་པ་ཡིན་ཚུལ་སོགས་བརྗོད་དེ།དེ་ལས་ཐར་བ་ལ་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་ལམ་ཕར་ཕྱིན་དྲུག་ལ་འཇུག་ཚུལ་གྱི་རིགས་པ་རྒྱས་པར་གླེང་ཡོད།

    བརྡ་ཆད་གཙོ་བོ། ཕར་ཕྱིན་དྲུག བསམ་བློའི་གཞུང་ལུགས།

    ནང་བསྟན་ཐེག་པ་ཆེན་པོའི་རིགས་པ་ཐམས་ཅད་རྟགས་དང་གཏན་ཚིགས་ཀྱི་ཁུངས་བཙུན་ཞིང་རིག་པའི་རྣམ་གཞག་ཆ་ཚང་བ་ཞིག་ཡིན་ཞིང་། ཆོས་ཀྱི་ནང་ཚན་གྱི་རིགས་པ་ཆུང་ངུ་རྣམས་ཀྱང་ཆོས་ཚན་ཆེན་པོ་དང་རིགས་པ་ཆེན་པོར་འབྲེལ་ཡོད་ལ། མི་ལུས་གཅིག་གི་ཡན་ལག་ལྔ་བོ་ལྟ་བུར་ཕན་ཚུན་རྟེན་ཅིང་འབྲེལ་བར་གནས་ཕྱིར་ཕར་ཕྱིན་དྲུག་གི་རིགས་པ་གཏན་ལ་འབེབས་ཚུལ་གླེང་བ་ལ།ནང་བའི་ཆོས་བྱུང་བའི་རྒྱུ་དང་རིག་པའི་སྤྱི་ཁོག་ཙམ་བཤད་པའི་དགོས་པ་ཡོད།

    དོན་ཚན་དང་བོ། ཕར་ཕྱིན་དྲུག་གི་རིགས་པ་བྱུང་བའི་རྒྱུ་གླེང་བ།

    སངས་རྒྱས་ཆོས་ལུགས་ཀྱི་གཞུང་རྣམས་སུ་ཆོས་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འདོད་ཅིང་།དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ།འཁོར་བའི་རང་བཞིན་ནི་སྟོང་བ་ཉིད་ཡིན་ཞིང་།རྣམ་པ་འཁྲུལ་བ་དང་།མཚན་ཉིད་སྡུག་བསྔལ་དུ་བསྟན་ཡོད།མྱ་ངན་ལས་འདས་པ་ནི་རང་བཞིན་སྟོང་བ་ཉིད་ཡིན་ཞིང་།རྣམ་པ་འཁྲུལ་བ་ཐམས་ཅད་ཟད་ཅིང་ཡལ་བ་ཡིན་ལ།མཚན་ཉིད་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་ཡིན།སངས་རྒྱས་ཀྱི་རིགས་པ་ཆེན་པོ་འདི་དག་ཐམས་ཅད་ཀྱང་རྣམ་ཤེས་ཡོད་པར་གྲུབ་པའི་སྟེང་ནས་བྱུང་བ་ལས་རྣམ་ཤེས་མེད་པས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཐམས་ཅད་ཀྱང་མེད་ཆོག་པས་སངས་རྒྱས་ཆོས་བྱུང་བའི་རྒྱུ་དང་བོ་ནི་རྣམ་ཤེས་དང་སྐྱེ་བ་སྔ་ཕྱི་ཡོད་པར་ངེས་པ་དེའོ།།

    དང་བོ། རྣམ་ཤེས་དང་སྐྱེ་བ་སྔ་ཕྱི་ཡོད་པའི་ལྟ་བ་རྙེད་ཚུལ།
    གཅིག ནང་བའི་བསྟན་གཞུང་ལས་སྐྱེ་བ་སྔ་ཕྱི་འདོད་ཚུལ།
    དགེ་ཆོས་རིན་པོ་ཆེ་ནས༼ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་ན།།དེ་ལྟར་མཁས་པའི་ཚིག་ནི་ལྐུག་འགྱུར་བས།།རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོམ་རྐུན་ཀུན།།སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་བར་བཤད།།༽ཅེས་གསུངས་པ་བཞིན་རློམ་པའི་འོད་ཚོད་དུ་ཅུང་ཟད་བཤད་ན།གསལ་རིག་གི་ཤེས་པ་དང་ལྡན་པའི་སྲོག་ལྡན་ཐམས་ཅད་བྱུང་བ་ལས་བརྟེན་ནས་འཛམ་གླིང་ཆེན་པོ་འདི་ཡུལ་དང་ཡུལ་ཅན་གཉིས་ཀྱིས་གྲུབ་ཡོད་ཅིང་།དེ་དག་ལས་ཕྱི་ཡུལ་གཙོ་བོར་འདོད་པ་དང་ནང་ཡུལ་ཅན་གཙོ་བོར་འདོད་པའི་འགལ་བ་ལྟག་སྤྲོད་ཀྱི་ལྟ་བ་མང་བོ་བྱུང་ནའང་།སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་གནས་ཞེས་བཤད་པས་ཡུལ་དང་ཡུལ་ཅན་གཉིས་ལ་གཙོ་ཕལ་མེད་པར་ཕན་ཚུན་ལྟོས་བཅོས་ཀྱིས་གནས་བར་འདོད་པའི་ལྟ་བ་བཏོན་ཡོད་ཅིང་།འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༼རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།།༽ ཞེས་ཡུལ་ཡུལ་ཅན་ནི་ཕན་ཚུན་ལྟོས་བཅོས་ཡིན་པའི་འདོད་ཚུལ་བཟུང་ཡོད་དོ།།

    ནང་བའི་བསྟན་གཞུང་ནི་རྩོད་སྒྲུབ་ཀྱི་རིག་པ་ཞིབ་མོས་ལོ་ངོ་མང་བོས་དབྱེ་ཞིབ་བྱས་པའི་འབྲས་བུ་ཡིན་པ་དང་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ་རིགས་པ་འདི་དག་ལ་རྒོལ་བར་ནུས་པའི་རིགས་པ་མ་བྱུང་།རིགས་པ་འདི་སྐྱེ་བ་སྔ་ཕྱི་ཡོད་པར་ངེས་པའི་རྨང་གཞིའི་སྟེང་དུ་བྱུང་བ་ཡིན་པས་སྐྱེ་བ་སྔ་ཕྱི་འདོད་ཚུལ་ལ་རིགས་པ་རྩལ་ཏུ་བཏོན་ནས་མང་དུ་བསྒྲུབས་ཡོད་ནའང་གཙོ་བོ་ཕྱོགས་འདི་བཞི་གཙོ་བྱས་ཏེ་ལས་མང་དུ་གསུངས་ཡོད།

    རིགས་འདྲ་བ་སྔོན་སོང་གིས་བསྒྲུབས་པ་ནི་འཇིག་རྟེན་གྱི་མ་རྣམས་ལ་སྐྱེས་མ་ཐག་པའི་བྱིས་པའི་དབུགས་འབྱུང་རྔུབ་སོགས་རང་གི་རིགས་འདྲ་སྔོན་སོང་ལ་ལྟོས་པ་ཡིན་པ་ལས་ལུས་འབའ་ཞིག་ལས་སྐྱེས་པ་མིན་ཏེ།དེ་ཡིན་ན་ཆོས་ཐམས་ཅད་མི་མཐུན་པའི་རྒྱུ་ལས་སྐྱེས་ནུས་པས་དངོས་པོའི་ཆོས་ཉིད་དང་འགལ་ཞིང་རྒྱུ་འབྲས་ཀྱི་རིགས་པ་དང་ཡང་འགལ།རྒན་དོར་ཞི་རིན་པོ་ཆེས༼ཚད་མ་རྣམ་འགྲེལ་ལས། སྐྱེས་པ་ཡོངས་སུ་ལེན་པ་ན།།འབྱུང་རྔུབ་དབང་བོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན།།ལུས་ཉིད་འབའ་ཞིག་ལས་སྐྱེས་མིན།།ཧ་ཅང་ཐལ་ཕྱིར།༽ ཞེས་དང་།སློབ་དཔོན་དཔའ་བོས༼མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི།།དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ།།༽སོགས་མང་དུ་བསྒྲུབས་ཡོད།

    ཉེར་ལེན་སྔོན་སོང་གིས་བསྒྲུབས་པ་ནི་རྒྱུ་འབྲས་གཏན་ཚིགས་ཀྱི་རིགས་པས་གཏན་ལ་ཕབ་ཞིང་།དངོས་པོའི་ཆོས་ཉིད་བསྣོག་མེད་པ་ཞིག་ཡིན་ཏེ། དངོས་པོ་གང་ཡིན་ཀྱང་ཉེར་ལེན་གྱི་རྒྱུ་དང་བརྒྱུད་རྒྱུ་ཡོད་པ་མ་ཟད།ཉེར་ལེན་གྱི་རྒྱུ་མེད་པར་འདུས་བྱས་དེ་མི་སྐྱེ་བར་འདོད།དེས་ན་རྣམ་ཤེས་ཀྱང་དེ་ལས་མ་འདས་དེ་ཉེར་ལེན་གྱི་རྒྱུ་ཡོད་པར་གྲུབ།དཔལ་ལྡན་ཆོས་གྲགས་ཀྱིས༼རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།། ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།༽ ཞེས་དང་། ༼ཞི་བ་འཚོས།དེ་ཕྱིར་ཐོག་མའི་རྣམ་ཤེས་ནི།།རང་གི་ཉེར་ལེན་སྟོབས་ལས་བྱུང་།རྣམ་ཤེས་ཉིད་སོགས་གཏན་ཚིགས་ཀྱིས།།ད་ལྟ་བ་ཡི་རྣམ་ཤེས་བཞིན།།༽ ཞེས་ནས་ཀྱི་ས་བོན་ལས་ནས་དང་གྲོ་ཡི་ས་བོན་ལས་གྲོ་བྱུང་བ་བཞིན།རྣམ་ཤེས་ཡང་དངོས་རྒྱུ་ཉེར་ལེན་གྱི་རྒྱུ་ལས་བྱུང་བ་བསྒྲུབས་ཡོད།

    གོམས་པ་སྔོན་སོང་གིས་བསྒྲུབས་པ་ནི་བློ་ཐམས་ཅད་གོམས་པའི་རྗེས་སུ་འགྲོ་བ་ཡིན་ཏེ།རང་རྒྱུད་ན་ཡོད་པའི་གཞན་ཕྱོགས་ལ་སྡང་བ་དང་རང་ཕྱོགས་ནས་ཆགས་པའི་བློ་ཐམས་ཅད་ཀྱང་གོམས་པའི་དབང་གིས་ཡིན་ཞིང་།བློ་དེ་དག་སྐྱེ་བ་ཡིན་པས་རྒྱུ་ཡོད་དེ།རྒྱུ་སྔོན་སོང་གི་གོམས་པ་ཡིན།དེ་ཕྱིར༼བློ་ཡི་མཐུ་སྟོབས་གསལ་བ་མེད་པ་དང་།།དབང་བོ་རྣམས་ཀྱང་བླུན་པོའི་རང་བཞིན་ཅན།།བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར།།ཁ་ཟས་ཟ་བར་རྩོམ་པར་བྱེད་པ་དང་།།ནུ་ཞོ་འཐུང་བར་རྩོམ་པར་བྱེད་པ་དང་།།དེ་དག་ཚེ་རབས་གཞན་ལ་གོམས་པས་མཐུས།།༽ ཞེས་སློབ་དཔོན་དཔའ་བོས་ཀྱང་བག་ཆགས་ཀྱིས་རྣམ་ཤེས་ཡོད་པ་བསྒྲུབས་ཡོད་པ་དང་།བཙས་མ་ཐག་པའི་བྱིས་པའི་བློ་དེ་ཡང་སྔ་མའི་རང་གི་བློ་ཡི་བག་ཆགས་ཡིན་པ་ལས་ཕ་མའི་བློ་ལ་འབྲེལ་བ་མེད་ཅིང་།༼ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་བསྐྱེད།།མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད།།རང་གི་སེམས་ལས་དབང་བོ་རྣམ་ཤེས་འབྱུང་།།ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད།།ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་བསྐྱེད།།མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད།།རླུང་ལས་དབུགས་དང་ཕགས་པ་རེག་བྱ་སྐྱེད།།མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར།།༽ ཞེས་རང་གི་སྔར་སོང་གི་བློའི་བག་ཆགས་ལས་ད་ལྟའི་རྣམ་ཤེས་དང་སེམས་ཁམས་གྲུབ་པར་བཤད་ཡོད་པ་མ་ཟད།རྒན་དོར་ཞི་རིན་པོ་ཆེ་ནས་ཀྱང་༼གལ་ཏེ་རྣམ་ཤེས་སྔར་མེད་པ་ཞིག་གསར་ཏུ་སྐྱེ་བ་ཡིན་ན།སྐྱེ་མ་ཐག་ནས་བསླབ་མ་དགོས་པར་ནུ་མ་འཐུང་ཤེས་པ་དང་།ལང་ཚོ་རྒྱས་དུས་མ་བསླབས་ཀྱང་ཕོ་མོ་ཕན་ཚུན་ཆགས་པ་སྤྱོད་ཤེས་པ་སོགས་སྔོན་གོམས་བག་ཆགས་ཀྱི་མཚན་མ་དེ་རིགས་ཡོད་དོན་མེད་དེ།དཔེར་ན།གསར་ཏུ་བཟོས་པའི་འཕྲུལ་འཁོར་གྱི་མི་ལ་སྔོན་གོམས་བག་ཆགས་ལས་བྱུང་བའི་རང་བྱུང་བྱ་སྤྱོད་མི་སྲིད་པ་དེ་བཞིན་ནོ།།༽ ཞེས་གནད་དུ་ཐིངས་པའི་རིགས་པ་མང་དུ་གསུངས་ཡོད་དོ།།

    མྱོང་བ་སྔོན་སོང་གིས་བསྒྲུབས་པ་ནི་དེང་སྐབས་སྤྱི་ཚོགས་ཏུ་ཧ་ཅང་མང་སྟེ།སྔ་མའི་བག་ཆགས་ཟད་མེད་པའི་བྱིས་པའི་དུས་ཀྱི་སྤྲུལ་སྐུ་རྣམས་ཀྱིས་རང་གི་སྐྱེ་བ་སྔ་མའི་མཆོད་ཆ་སོགས་ངེས་འཛིན་བྱ་ཐུབ་པ་སོགས་མང་ཞིང་།དེ་ལ་༼སློབ་དཔོན་དཔའ་བོས།བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས།།ཚེ་རབས་སྔ་མ་དྲན་པའང་དེ་ན་ཡོད།།འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོག། ང་བདག་ལས་ཀྱང་མངོན་པར་མི་འགྱུར་རམ།།༽ཞེས་གསུངས་ཡོད་པ་མ་ཟད་།སྐྱེ་བ་སྔ་ཕྱི་མྱོང་བ་སྔོན་སོང་གིས་བསྒྲུབས་པའི་དབྱིན་ཇི་དང་།བོད་རྒྱ་ཡིག་རིགས་ཀྱི་དཔེ་དེབ་ཀྱང་མང་དུ་སྣང་ངོ་།།

    མདོར་ན་སངས་རྒྱས་ཆོས་ལུགས་ནི་སྐྱེ་བ་སྔ་ཕྱི་ཡོད་པར་བསྒྲུབས་པའི་གཞིའི་སྟེང་དུ་ལས་འབྲས་སོགས་བསྒྲུབས་པའི་གཞུང་ལུགས་ཤིག་ཡིན་པས་རྣམ་ཤེས་ཡོད་པ་རིགས་པ་གཏིང་ཟབ་མོས་བསྒྲུབས་ཡོད་ཅིང་།དེ་ཡང་གཙོ་བོ་དཔལ་ལྡན་ཆོས་ཀྱི་གྲགས་པས་༼ཚད་མ་རྣམ་འགྲེལ༽གྱི་ཚད་མ་གྲུབ་པའི་ལེའུར་སྐྱེ་བ་སྔ་ཕྱི་འདོད་པའི་སྒྲུབ་བྱེད་དང་རིགས་པ་བཏོན་ཡོད་པ་དང་།སྐྱེ་བ་སྔ་ཕྱི་མེད་པར་འདོད་པའི་སྒྲུབ་བྱེད་དགག་པ་སོགས་མང་དུ་གསུངས་ཡོད་པས་དེ་དང་མཇལ་ན་རྣམ་ཤེས་ཡོད་པར་ངེས་པ་རྙེད་སྲིད་དོ།།

    གཉིས། དེང་རབས་ནུབ་གླིང་ཚན་རིག་གིས་སྐྱེས་པ་སྔ་ཕྱི་བསྒྲུབས་ཚུལ།

    ད་ལོ་དངོས་སུ་པར་བསྐྲུན་བྱས་མེད་པའི་ནང་ཁུལ་རྒྱུ་ཆའི་དཔེ་དེབ་གསར་བ་ཞིག་ལག་ཏུ་སོན་ཞིང་།དེ་ནི་(澳洲昆士兰大学商学院)ཨོ་གྲིག་ཁོང་ཧྲི་ལན་སློབ་ཆེན་ཚོང་རིག་སྡེ་ཁག་དང་ཀྲུང་གོའི་ཀྲུང་ཧྲན་སློབ་ཆེན་རི་བོ་ཝུའུ་ལུང་ལྷོ་རྒྱུད་སྡེ་ཁག་(中国中国山大学岭南学院)གི་དངུལ་རྩའི་སློབ་དཔོན་ཆེན་མོ།འབུམ་རམས་པ་(钟茂森)ཀྲུང་མའོ་ཟིན་གྱིས་འཛམ་གླིང་ས་ཆ་ལྔ་བཅུ་ལྷག་ལ་སོང་ནས་གསུངས་བཤད་གནང་བའི་ཡིག་ཆ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་ཞིང་།དཔེ་དེབ་ཀྱི་མིང་ལ་《因果轮回的科学证明》༼སྐྱེ་བ་སྔ་ཕྱི་ཡོད་པའི་ཚན་རིག་གི་བདེན་དཔང་༽ཟེར། དཔེ་དེབ་དེ་ནི་གནའ་དེང་འཛམ་གླིང་གི་མཁས་པ་དང་སྨན་པ།ཚན་རིག་པ་རྣམས་ཀྱིས་རྣམ་ཤེས་ཡོད་མེད་ལ་ལོ་མང་བོར་ཚོད་ལྟ་དང་ཞིབ་འཇུག་མང་དུ་བགྱིས་པའི་འབྲས་བུ་ཡིན།

    ནུབ་ཕྱོགས་རྒྱལ་ཁབ་མང་བོའི་ཚན་རིག་རིག་གཞུང་སྣ་ཚོགས་སུ་རྣམ་ཤེས་ལ་ཞིབ་འཇུག་མང་དུ་བགྱིས་ཡོད་ཅིང་།ཁོ་ཚོས་མིའི་རྣམ་ཤེས་ནི་གནས་སྐབས་སུ་ལུས་ལ་གནས་པ་ཙམ་ལས་ཡུན་རིང་བོར་ལུས་གཅིག་ལ་གནས་མི་སྲིད་པ་དང་།རྣམ་ཤེས་ནི་མི་ཤི་རྗེས་ལུས་དང་ཁ་བྲལ་ནས་གནས་ཐུབ་པ་སོགས་བཤད་ཡོད་ལ།ནུབ་ཕྱོགས་ཀྱི་ཚན་རིག་རིག་གཞུང་ཁྱབ་ཁོངས་སུ་འདི་ལྟ་བུའི་ཞིབ་འཇུག་བྱེད་ཐབས་གཙོ་བོ་ཞིག་ལ་(Near-Death Experience Study)འཆི་ཁའི་ལུས་བཤེར་ཞིབ་འཇུག (濒死体验研究)ཏུ་འབོད་ཅིང་།ཞིབ་འཇུག་བྱེད་ཐབས་འདིའི་ཁྱབ་ཁོངས་ནི་རང་བྱུང་ལོ་ཡི་ཆོས་ཉིད་ཀྱིས་འཆི་ལ་ཉེ་བའི་མི་དང་ནད་ཀྱིས་འཆི་ལ་ཉེ་བའི་མི་དག་ཡིན་ཞིང་། ནད་པ་གཤགས་བཅོས་སྟེགས་བུའི་སྟེང་དུ་བརྒྱལ་ནས་རྣམ་ཤེས་ལུས་པོ་དང་ཁ་བྲལ་ནས་ཕྱི་ལ་སོང་བའི་སྣང་ཚུལ་སྣ་ཚོགས་ཕྱིར་ལུས་པོར་ཞུགས་ཏེ་དྲན་སོས་ནས་སྨན་པ་རྣམས་ལ་སྙན་ཞུ་བྱེད་པའི་བྱ་བ་དེ་དག་ལ་འཆི་ཁའི་ལུས་བཤེར་ཟེར།དོན་དངོས་སུ་འཆི་ཁའི་ལུས་བཤེར་ཟེར་བ་ནི་སྣང་ཚུལ་ཐུན་མོང་བ་ཞིག་ཡིན་ཏེ།༼ཨ་རིའི་སྐད་གྲགས་ཅན་གྱི་བསྡོམས་རྩིས་ཀུང་ཟི་ཀེ་ལོའུ་ཕུ་ཀུང་ཟིའི་(盖珞普公司)བསྡོམས་རྩིས་ལྟར་ན་ཨ་རི་རྒྱལ་ཁབ་ནས་མི་ཁྲི་ཆིག་སྟོང་སུམ་བརྒྱ་ལྷག་ལ་འཆི་ཁའི་ལུས་བཤེར་གྱི་སྣང་ཚུལ་བྱུང་བར་བཤད།༽ ཡོད་།

    འཆི་ཁའི་ལུས་བཤེར་གྱི་ཞིབ་འཇུག་བྱ་ཐབས་འདི་ནི་ཅུང་སྔ་བའི་ཞིབ་འཇུག་བྱེད་ཐབས་ཤིག་ཡིན་ལ།༡༩༥༩ལོར་ཨ་རིའི་སེམས་ཁམས་ཞིབ་འཇུག་ཚོགས་པའི་ཆེད་ལས་མཁས་པ(Karlis Osis)ཁ་ལིས་ཟི་ཨོ་ཞིས་སི་ལགས་ཀྱི་ནད་ཤིའི་གོ་རིམ་ལུས་བཤེར་གྱི་ཞིབ་བཤེར་རེའུ་མིག་གཞིར་བཟུང་ནས༡༩༧༢ལོར་ཁོས(At the Hour of Death)༼འཆི་ཁའི་སྐད་ཅིག་མ༽ཞེས་པའི་ཚན་རིག་ཞིབ་འཇུག་གི་སྙན་ཞུ་ཞིག་སྤེལ་ཞིང་།ཞུ་དོན་མདོར་བསྡུས་ན།༼ནད་པ་མང་ཤས་འཆི་ལ་ཉེ་ཁར་བརྗེད་ངེས་ཁྱེར་ཞིང་།ཐ་ན་དྲན་རིག་ཉམས་པའི་སྣང་ཚུལ་ཡོད་ལ།ཡིན་ནའང་རང་གི་དྲན་རིག་གསལ་བོ་རྒྱུན་སྐྱོང་ཐུབ་པ་ཅན་ཡང་ཡོད་།ཁོ་ཚོས་འཆི་ལ་ཉེ་བའི་སྐབས་ཀྱི་ཉམས་སོང་དང་གནས་ཚུལ་སྣ་ཚོགས་བཤད་ཅིང་།དཔེར་ན།སྔར་འདས་སོང་གི་ཤ་ཉེ་དང་གྲོགས་པོའི་རྣམ་ཤེས་དང་འཕྲད་པ་མ་ཟད།ཆོས་ལུགས་དང་ལྷ་སྒྲུང་གི་ཁྲོད་དུ་བྱུང་བའི་མི་སྣ།འོད་སྟོང་གི་སྒོར་མོ་དང་།མཛེས་སྡུག་གི་ས་ཆ་སོགས་མཐོང་བར་བཤད་།འདི་ལྟ་བུའི་འཆི་ཁའི་ལུས་བཤེར་ལ་ནུས་པ་ཁྱད་པར་ཅན་ལྡན་ཏེ།ཁོ་ཚོར་ལྟས་མཚན་དང་།ལྷིང་འཇགས།བློ་བདེ་བག་ཕེབས་ཀྱི་སྐྱིད་སྣང་།ཆོས་ལུགས་ཀྱི་བརྩེ་བ་སོགས་སྟེར་ནུས་སོ།།༽ ཚན་རིག་གི་བརྟག་དཔྱད་བྱེད་ཐབས་འདིས་ཀྱང་རྣམ་ཤེས་ཡོད་པ་ར་སྤྲོད་བྱས་ཡོད་།

    གཞན་ཡང་ཨ་རིའི་ཁང་ནེ་ཐ་ཁི་སློབ་ཆེན(康奈迪克大学)གྱི་སློབ་དཔོན་ཆེན་མོ་ཞིག་སྟེ།འབུམ་རམས་པ་ཁིན་ནེ་སི་རེན(Kenneth Ring)ལགས་ཀྱི་ཞིབ་འཇུག་ཚོ་ཆུང་ཞིག་གིས་འཆི་ཁའི་ལུས་བཤེར་ལ་ཞིབ་འཇུག་བྱ་བཞིན་ཡོད།ཁོ་ཚོས་ཞིབ་འཇུག་བྱས་པ་ལྟར་ན།ཆ་སྙོམས་ཀྱིས་མི་གྲངས་བརྒྱ་ཆའི་སུམ་ཅུ་སོ་ལྔ།མི་བཅུའི་ནང་གི་གསུམ་ལྟ་བུར་འཆི་ཁའི་ལུས་བཤེར་གྱི་སྣང་ཚུལ་བྱུང་ཡོད་དེ།དེ་དག་འཆི་ཁ་མའི་རྣམ་ཤེས་ལུས་དང་བྲལ་ནས་ཅུང་ཟད་འགོར་ནས་ཕྱིར་ལུས་རྐྱར་ཞུགས་ཏེ་ཁོ་ཚོར་ཁ་བརྡ་བྱེད་ཅིང་།ཡུལ་གཞན་དུ་སོང་ནས་མཐོང་སྣང་དུ་ཤར་མ་མྱོང་བའི་ས་ཆ་དང་ཡ་མཚན་གྱི་སྣང་ཚུལ་སྣ་ཚོགས་མཐོང་བར་བཤད་།འདི་ལྟ་བུའི་ཞིབ་འཇུག་བྱེད་མཁན་ཧ་ཅང་མང་སྟེ།ཨ་རིའི་ཧྭ་ཧྲན་ཏོན་སློབ་ཆེན་གྱི(华盛顿大学)བྱིས་ཚན་སློབ་དཔོན།འབུམ་རམས་པ་མེར་བིན་མོར་སི(Melvin Morse)དང་།ཨ་རིའི་ནེ་ཧྭ་ཏ་སློབ་ཆེན་(美国内华达大学)གྱི་སློབ་དཔོན་ཆེན་མོ།འབུམ་རམས་པ་རེས་མོན་ཏ་(RaymondA.Moody)དང་།ཨ་རིའི་སྐད་གྲགས་ཅན་གྱི་འཆི་བའི་གནད་དོན་ཆེད་མཁས་པ།(死亡问题专家)སེམས་ཁམས་སྨན་པ་ཡེ་ལིས་ཧྲ་པེ་བཅིས་པོར་ལོ་སི(Dr.Elisabeth Kubler-Ross)སོགས་ཤིན་ཏུ་མང་ཞིང་།འདིའི་སྐོར་གྱི་རིག་གཞུང་ཆེད་རྩོམ་ཧ་ཅང་མང་བོ་ཞིག་མིང་གྲགས་ཆེ་བའི་རིག་གཞུང་དུས་དེབ་དུ་འགྲེམས་སྤེལ་བྱས་ཡོད་དེ།རྒྱལ་སྤྱིའི་མཁས་གྲགས་གཉིས་འཛོམས་ཀྱི་སྨན་དཔྱད་རིག་གཞུང་དུས་དེབ༼ལྕང་ལོའི་རྣོ་གྲི༽《柳叶刀》(The Lancet)དང་།༼འཆི་ཁའི་ལུས་བཤེར་ཞིབ་འཇུག༽《濒死体验研究》(The Journal of Near Death Studies)སོགས་ཡོད། ༼མཁས་གྲགས་གཉིས་ལྡན་གྱི་ཆེད་མཁས་པ་མང་བོའི་གྲོས་གཞི་ལས་༡༩༧༨ལོ་ནས་བཟུང་རྒྱལ་སྤྱིའི་འཆི་ཁའི་ལུས་བཤེར་ཞིབ་འཇུག་ཚོགས་པ་དངོས་སུ་ཚུགས་༽ པ་འདིས་ཀྱང་ཁྱབ་ཁོངས་འདིའི་རིག་གཞུང་གི་གནས་ཚུལ་ཚད་ངེས་ཅན་ཞིག་ལ་སླེབས་པ་རྣམ་པ་ཐམས་ཅད་དུ་གསལ་བཤད་བྱས་ཡོད་།

    གཞན་ཡང་ཨ་རིའི་སྐད་གྲགས་ཅན་གྱི་འཆི་བའི་གནད་དོན་ཆེད་མཁས་པ་ཡེ་ལི་ཧྲ་པེ་ཅིས་པོར་འབུམ་རམས་པ(Dr.Elisabeth Kubler-Ross)ཁོང་རང་ཉིད་ཀྱིས་ཞིབ་བཤེར་བྱས་པའི་འཆི་ཁའི་ལུས་བཤེར་ཁྲི་གཉིས་ལྷག་ཡོད་ཅིང་།སྔོན་ཆད་ཁོ་རང་ཉིད་ལ་འང་འཆི་ཁའི་ལུས་བཤེར་བྱས་མྱོང་ལ།ཁོ་རང་ཉིད་ཀྱི་རྣམ་ཤེས་ལུས་པོ་དང་ཁ་བྲལ་ནས་ཕྱིར་ལུས་རྐྱ་རུ་ཞུགས་པའི་གནས་ཚུལ་རྣམས་ཀྱང་བཤད་ཡོད།ཁོ་མོ་རང་ཉིད་ཀྱིས་བྲིས་པའི་དེའི་སྐོར་གྱི་གསུང་རྩོམ་མང་བོ་ཡོད་དེ།༼ཤི་རྗེས་ཀྱི་ཚེ་སྲོག༽(On life After Death)《关于死后的生命》དང་།༼འཆི་བ་དང་འཆི་ཁའི་སྐད་ཅིག་མ།༽(On Death and Dying)《关于死亡与临终》ཁོ་མོའི་གསུང་རྩོམ་འདི་དག་འཛམ་གླིང་གི་སྐད་རིགས་མང་བོར་བསྒྱུར་ཡོད་པ་མ་ཟད།རྒྱུགས་ཆེ་བའི་དཔེ་དེབ་ཡིན་ཞིང་།རྣམ་པ་ཐམས་ཅད་དུ་གསོ་བ་རིག་པའི་བདེན་དཔང་ལ་བརྟེན་ནས་རྣམ་ཤེས་ཡོད་པ་བསྒྲུབས་ཡོད།

    སྐྱེ་བ་སྔ་ཕྱི་དང་རྣམ་ཤེས་ནི་རིགས་པ་ལ་བརྟེན་ནས་བསྒྲུབས་པ་དང་གསོ་རིག་དང་ཚན་རིག་ཚོད་ལྟའི་བརྟག་དཔྱད་ལ་བརྟེན་ནས་བསྒྲུབས་ཚུལ་ཡོད་ཅིང་།བོད་བརྒྱུད་ནང་བསྟན་དུ༼གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།༽ཞེས་པ་བཞིན་ཤིན་ཏུ་ལྐོག་གྱུར་གྱི་གནས་ཐམས་ཅད་ཡིད་ཆེས་རྗེས་དཔག་ལ་བརྟེན་ནས་དཔྱད་པའི་ཁོངས་སུ་འདུ།ནུབ་གླིང་དུ་གོང་གསལ་གྱི་ཚན་རིག་བྱེད་ཐབས་སྤྱད་དེ་རྣམ་ཤེས་ལ་བརྟག་དཔྱད་བྱེད་ཐབས་འདི་མ་ཟད་གཞན་ད་དུང་མང་བོ་ཡོད་དེ།སྐྱེ་བ་སྔ་མའི་གནས་ཚུལ་བཤད་པ་དང་དེའི་ཅ་ལག་ངོས་འཛིན་བྱེད་པའི་བརྟག་ཐབས་དང་།གཉིད་འགུག་གི་བྱེད་ཐབས་ལ་བརྟེན་ནས་སེམས་ཁམས་རྒྱུན་ལྡན་མ་ཡིན་པའི་ནད་པར་སྐྱེ་བ་སྔ་མ་ཕྱིར་དྲན་བྱེད་དུ་འཇུག་པ།ལུས་སྟེང་གི་ཁྱད་མཚར་བའི་ནུས་པ་སྟེ་རྣམ་ཤེས་འཕོ་བའི་ཞིབ་འཇུག་བྱེད་ཐབས་སོགས་ཡོད།འོན་ཀྱང་དེའི་སྐོར་གྱི་འགྲེལ་བཤད་བོད་དུ་མེད་པ་མ་ཡིན་ཏེ།༼དེ་ནས་རླུང་གི་རྒྱུ་བའི་ཁམས་ཤིན་ཏུ་ཞན་པར་གྱུར་ནས།རྣམ་པར་ཤེས་པའི་ཁམས་ཕྲ་མོ་ལ་ཐིམ་པར་བརྩོན་པ་ན་ཕྱི་རྟགས་སུ་དབུགས་ཀྱི་རྒྱུ་བ་འབྱུང་རྔུབ་མི་བྱེད་པར་རྒྱུན་ཆད་པར་གྱུར་ལ།ནང་རྟགས་སུ་ཕྱི་གཟུང་བའི་རྣམ་པ་ནང་འཛིན་པ་ཤེས་པ་ལས་རྒྱང་ཆད་ལྟ་བུར་སྣང་བའི་གཉིས་སྣང་རགས་པ་མཐའ་དག་ཐིམ་པར་གྱུར་ནས་མར་མེ་འབར་བ་རླུང་གིས་མ་བསྐྱོད་པ་དང་འདྲ་བའི་སྣང་བ་འཆར་བ་འབྱུང་ལ།དེའི་ཚེ་སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་གསལ་རིག་གི་རྣམ་པ་རྗེན་པར་འབྱུང་ཞིང་གོང་ཏུ་བཤད་པའི་ཕྱི་ནང་གི་རྟགས་དེ་དག་ཐམས་ཅད་ཀྱི་ཚེ་འདི་དང་འདིའི་རྟགས་ཡིན་པར་ངོ་ཤེས་པར་བྱེད་སྙམ་པའི་དྲན་པ་དང་།དེ་ཉིད་སྔར་གྱི་རིམ་གཉིས་ཀྱི་ལམ་འཁྱེར་བསྒོམ་པའི་གསལ་འདེབས་སུ་གྱུར་མ་གྱུར་རྟོགས་པའི་ཤེས་བཞིན་ཤུགས་དྲག་པོ་སྐྱེ་བར་བྱིན་གྱིས་རློབས་ཞེས་པའོ།།༽ ཞེས་དང་།དེ་མིན་འཕོ་བ་གྲོང་འཇུག་དང་ལྷ་བ།གཉིད་ལོག་པའི་སྐབས་སུ་གློ་བུར་གཉིད་ལས་དཀྲོགས་མི་རུང་བ་སོགས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུའང་མང་བོ་ཡོད་ཡང་གོང་གསལ་འདིས་མཚོན་ནུས་པས་རེ་ཞིག་ནུབ་གླིང་བས་ཚན་རྩལ་ལ་བརྟེན་ནས་རྣམ་ཤེས་བསྒྲུབས་ཚུལ་ཆོག་པར་བྱ།

    མདོར་ན་འཇིག་རྟེན་གྱི་ལས་འབྲས་དང་།སངས་རྒྱས་ཀྱི་གསུང་རབ།སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བགྲོད་བྱེད་ཀྱི་ཕར་ཕྱིན་དྲུག་གི་རྣམ་གཞག འགྲོ་བ་རིགས་དྲུག་ལས་ཐར་བ་མྱང་འདས་ཀྱི་ལམ་སྟོན་པའི་རིགས་པ་ཐུན་མོང་མ་ཡིན་པ་རྣམས་ནི་གོང་གསལ་གྱི་སྐྱེ་བ་སྔ་ཕྱི་དང་རྣམ་ཤེས་ཡོད་པའི་རྒྱུ་ཚོགས་ཚང་བས་རྣམ་ཤེས་ལ་ངེས་པ་རྙེད་དེ་ད་གཟོད་འཇིག་རྟེན་དུ་དར་ཞིང་རྒྱས་བར་གྱུར་བ་ཡིན་ནོ།།

    དོན་ཚན་གཉིས་པ། ལམ་ཕར་ཕྱིན་དྲུག་ལ་འཇུག་པའི་རྒྱུ་ཚོགས་བཤད་པ།

    འཇིག་རྟེན་ནི་སྲོག་མེད་དང་སྲོག་ལྡན་སེམས་ཅན་གཉིས་ཀྱིས་གྲུབ་ཅིང་། ཕར་ཕྱིན་དྲུག་ནི་སེམས་ཅན་ཐམས་ཅད་ལས་ཀྱང་ཁྱད་པར་ཏུ་དལ་འབྱོར་རྣམ་གཉིས་དང་དད་པ་རྣམ་གསུམ་ཚང་བའི་མི་ལུས་པ་རྣམས་ལ་གསུངས་པ་ཡིན་ཏེ།དམྱལ་བ་ནི་རྟག་ཏུ་སྡུག་བསྔལ་བའི་རང་བཞིན་ཡིན་པ་དང་།ཡི་དྭགས་ནི་སེམས་ཚིག་པའི་རང་བཞིན་ཡིན་པ།དུད་འགྲོ་ནི་ཀུན་ཏུ་རྨོངས་པ་ཤས་ཆེ་བའི་ཕྱིར།དེ་དག་གསུམ་ཆར་ངོ་ཚ་མེད་ཅིང་།ཁྲེལ་མེད་པས་རྒྱུད་མ་རུང་བར་གྱུར་བའི་ཕྱིར།ཆོས་ཉམས་སུ་ལེན་པའི་གོ་སྐབས་མེད་པར་བཤད།ཕར་ཕྱིན་དྲུག་ལ་ཡང་དག་པར་འཇུག་དགོས་ན་རྨང་གཞིའི་ཆ་རྐྱེན་འདི་བཞི་ཚང་དགོས་ཏེ།རྒྱུ་བདེ་གཤེགས་སྙིང་བོ་སྟེ་བྱང་ཆུབ་ཀྱི་སེམས།རྟེན་མི་ལུས་རིན་ཆེན་ཏེ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བ།རྐྱེན་དགེ་བའི་བཤེས་གཉེན་དང་ཐབས་གདམས་པའི་མཆོག་གྱུར་བཞི་ཐོབ་ན་འབྲས་སུ་རྫོགས་སངས་རྒྱས་ནས་འཁྲུལ་མེད་ཀྱི་འགྲོ་དོན་རྒྱ་ཆེར་མཛད་པ་ཞིག་བསྟན་ཡོད།རྒྱུ་བདེ་གཤེགས་སྙིང་བོ་དང་རྟེན་མི་ལུས་རིན་ཆེན་ནི་ཅི་ཡིན་པ་སོགས་རེ་རེ་ནས་བཀྲལ་བ་རྫོགས་ཆེན་གྱི་གཞུང་རྣམས་སུ་མང་བས་འདིར་བཤད་པའི་དགོས་པ་མེད།སྤྱིར་ཕར་ཕྱིན་དྲུག་གི་རིགས་པ་འདི་རྒན་དར་གཞོན་གསུམ་སུ་ཞིག་གི་རང་རྒྱུད་ལ་གོམས་ན་ཚེ་འདི་དང་ཕྱི་མ་གཉིས་ལ་ཕན་པས་ལམ་འདིར་འཇུག་པ་ལ་ནང་རྐྱེན་གང་དག་ཚང་དགོས་པ་བཤད་པར་འདོད་།

    ང་ཚོ་བོད་བརྒྱུད་ནང་བསྟན་ལས་མང་དུ་གསུངས་པ་བཞིན།འགྲོ་བ་རིགས་དྲུག་ལས་མི་ལུས་ནི་ཧ་ཅང་གིས་ཐོབ་དཀའ་བ་དང་།དེ་ལས་དལ་བ་བརྒྱད་ནི་ཚང་དཀའ་བ་དང་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ་འབྱོར་བ་བཅུ་ནི་ཐོབ་དཀའ་བ།དད་འབྱོར་རྣམ་གཉིས་དང་ལྡན་པའི་མི་ལུས་རིན་ཆེན་ཞིག་ལེན་པ་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་བསགས་དགོས་པ་སོགས་མང་དུ་གསུང་ཡོད།འདི་དག་ལ་ཞིབ་ཏུ་མཇལ་ན་ད་ལྟའི་མི་ལུས་འདི་རིན་པོ་ཆེ་ཡིན་ཚུལ་ལ་ངེས་པ་རྙེད།དེ་ནི་ཕར་ཕྱིན་དྲུག་གི་རིམ་པར་འཇུག་པའི་ནང་བསམ་བློའི་རྨང་གཞི་དང་བོ་ཡིན།

    དེ་ནས་ཚེ་མི་རྟག་པ་བསྒོམ་ཞིང་འདས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པའི་རང་བཞིན་ལ་ངེས་པ་རྙེད་པ་ནི་རང་གིས་རང་ངོ་ཤེས་པ་ཡིན་ཞིང་།དེ་ཤེས་པས་རང་གི་དོན་བྱ་ངེས་ཤིང་།ཚེ་མི་རྟག་པ་བསྒོམ་ཚུལ་ལ༼ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ།ནང་བཅུད་ཀྱི་འགྲོ་བ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ།དམ་པའི་སྐྱེས་བུ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ།སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ།དཔེ་དོན་སྣ་ཚོགས་ལ་བསམས་ཏེ་མི་རྟག་པ་བསྒོམ་པ།འཆི་རྐྱེན་ངེས་མེད་ལ་བསམ་ཏེ་མི་རྟག་པ་བསྒོམ་པ།འདུན་པ་དྲག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ༽ དང་བདུན་ཡོད།ཚེ་མི་རྟག་པ་བསྒོམ་ན་ཁྱོད་ཀྱི་མི་ཚེ་ལ་གནམ་ས་ལྟ་བུའི་འགྱུར་ལྡོག་འབྱུང་སྲིད་དེ།༼པུ་ཏོ་བའི་ཞལ་ནས། ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ།འཆི་བ་མི་རྟག་པ་འདི་བསྒོམ་ན།དང་བོ་ཆོས་ལ་འཇུག་པའི་རྒྱུ་བྱེད།བར་ཏུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད།ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད།ཡང་མི་རྟག་པ་འདི་བསྒོམ་ན།དང་བོ་ཚེ་འདིའི་གདོས་ཐག་གཅོད་པའི་རྒྱུ་བྱེད།བར་ཏུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད།ཐ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད།ཡང་མི་རྟག་པ་འདི་བསྒོམ་ན།དད་བོ་དད་པ་སྐྱེ་བའི་རྒྱུ་བྱེད།བར་ཏུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད།རབ་སྐྱེ་བའི་གྲོགས་བྱེད།༽ ལ་སོགས་ཚེ་མི་རྟག་པ་བསྒོམ་པ་དང་དེ་ལ་ངེས་པ་རྙེད་པ་ནི་ཕར་ཕྱིན་དྲུག་གི་རིམ་པ་ལ་འཇུག་པའི་བསམ་བློའི་སྟེགས་བུ་གཉིས་པ་ལྟ་བུ་ཡིན།

    འཁོར་བའི་ཉེས་དམིགས་ཤེས་པ་ནི་ཤེས་པ་ནི་ཕར་ཕྱིན་དྲུག་གི་ལམ་དུ་ཞུགས་པར་མེད་དུ་མི་རུང་བའི་ཤེས་བྱ་ཡིན།མི་རྣམས་སྐྱེས་པ་ནས་འཆི་དགོས་པ་དང་ཤི་ནས་ཀྱང་མི་སྡོད་པར་ཕྱིར་སྐྱེ་དགོས་པའི་གོ་རིམ་ཡོད་ལ།༼སྤྱིར་འཁོར་བ་ཞེས་བྱ་བ་དེ་རྫ་མཁན་གྱི་འཕང་ལོའམ།ཟོ་ཆུན་གྱི་ཁྱུད་མོའམ།བུམ་ནང་གི་བུང་བ་བཞིན་གཅིག་ནས་གཅིག་ཏུ་འཁོར་བས་ཏེ།དེའང་བུམ་ནང་དུ་བུང་བ་བཅུག་ནས་ཁ་བཅད་པ་ན་བུང་བ་དེ་གང་དུ་འཕུར་ཡང་བུམ་ནང་ལས་གཞན་དུ་འགྲོ་མི་ནུས།དཔེ་དེ་བཞིན་དུ་འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་འཁོར་བའི་གནས་རིས་ལས་མི་འདའ་སྟེ།བུམ་པའི་ལྟ་བུ་མངོན་མཐོ་ལྷ་མིའི་གནས་དང་།སྨད་ལྟ་བུ་ངན་སོང་གསུམ་གྱི་གནས་རིས་ཡིན།དེ་འགྲོ་བའི་གནས་རིགས་དྲུག་པོ་འདིར་ཟག་བཅས་ཀྱི་ལས་དགེ་བ་དང་མི་དགེ་བའི་རྒྱུས་གཅིག་ནས་གཅིག་ཏུ་སྐྱེ་ཞིང་འཁོར་བས་ན་འཁོར་བ་ཞེས་བྱ།༽ དེ་ལྟ་བུར་འགྲོ་བ་རིགས་དྲུག་གི་ལས་ཀྱི་འཁོར་བ་ན་ཐོག་མ་མེད་ཅིང་།སེམས་ཅན་ལ་ཐོག་མ་མེད།དེ་བཞིན་སེམས་ཅན་ཐམས་ཅད་མ་རུ་མ་གྱུར་བ་མེད་པས་༼མ་ཡིན་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ།།རི་ལུར་དྲིལ་ཀྱང་ས་ཡིས་ལངས་མི་འགྱུར།།༽ ཞེས་གསུངས་པ་བཞིན་སེམས་ཅན་ལ་ཐོག་མ་མེད་པས་འཐོར་བ་ལ་ཐོག་མ་མེད་ཅིང་།སྐྱེ་འཆི་ལའང་གོ་རིམ་མེད།

    རིགས་དྲུག་ལས་འཁོར་ན་རིགས་དྲུག་གི་སྡུག་བསྔལ་ཡོད་དེ།དམྱལ་བ་ལ་ཚ་དམྱལ་བརྒྱད་སོགས་སྡེ་ཚན་བཅོ་བརྒྱད་དང་།ཡི་དྭགས་ལ་བྱིང་ན་གནས་པའི་སྒྲུབ་པ་གསུམ་ཅན་དང་།མཁའ་ལ་རྒྱུ་བའི་ཡི་དྭགས་སོགས་ཀྱི་སྡུག་བསྔལ།མི་ལ་རྩ་བའི་སྡུག་བསྔལ་གསུམ་དང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་སོགས་མང་དུ་ཡོད་ཅིང་།དེས་ན་འཁོར་བ་ལ་སྡུག་བསྔལ་གྱིས་མ་ཁྱབ་པ་མེད་ཅིང་དེ་ལས་ཐར་དགོས་ན་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་བརྟེན་ནས་མྱང་འདས་ཀྱི་གོ་འཕངས་ལ་བརྩོན་དགོས་ཤིང་།འཁོར་བའི་ཉེས་དམིགས་རྟོགས་པས་སྲིད་པའི་བདེ་བར་མི་ཆགས་ཤིང་ལམ་ཕར་ཕྱིན་དྲུག་ལ་འཇུག་པའི་བསམ་བློའི་སྟེགས་བུ་ཡིན།དེ་ཕྱིར་རྗེ་མི་ལའི་ཉམས་མགུར་ལས་ཀྱང་།༼སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན།།ཐར་བ་དོན་གཉེར་ཇི་བཞིན་མི་སྐྱེ་ཤིང་།།ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན།།འཁོར་བའི་རྩ་ལག་གཅོད་ཚུལ་མི་ཤེས་པས།།སྲིད་ལས་ངེས་འབྱུང་སྐྱོ་ཤས་བརྟེན་པ་དང་།།འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས།།༽ཞེས་གསུངས་སོ།།

    འདས་བྱས་ཐམས་ཅད་མི་རྟག་པར་ཤེས་པས་ཚེ་འདིའི་སྤྱོད་ཡུལ་ལ་སེམས་མི་ཆགས་ཤིང་།ཕྱིའི་ཕུན་ཚོགས་ཀྱི་གཉེར་པོར་གྱུར་ཏེ་སེམས་དགེ་བའི་ལས་ལ་འཇུག་ཤིང་།བློ་ངན་གྱི་དྲི་མ་དང་རིང་དུ་བྲལ་བའི་ཡོན་ཏན་ཐོབ་པར་འགྱུར་བ་འདིའང་ཐར་བའི་ཐབས་དང་གདམས་ངག་ཡིན་ལ།ཕར་ཕྱིན་དྲུག་པོ་དང་ཐག་ཉེ་བར་འགྱུར་བའི་ལམ་ཡིན།

    ལས་འབྲས་ལ་ཡིད་ཆེས་རྙེད་ཚུལ་གྱི་རྣམ་གཞག་དང་དེའི་རིགས་དབྱེ་རྣམས་ནི་བོད་བརྒྱུད་ནང་བསྟན་དུ་དཔྱད་པ་གནད་དུ་ཐིངས་པ་བཏང་ཡོད་ཅིང་།རིགས་པ་ཧ་ཅང་གཏིང་ཟབ་ཡིན།ཁྱད་པར་ཏུ་དེ་དག་གི་རིགས་དབྱེ་སྟངས་ལ་ཁྱད་པར་ཅན་གྱི་དཔྱོད་ཤེས་ཡོད་དེ་དཔེར་ན།ལས་ལ་བསམ་པའི་ལས་དང་སེམས་པའི་ལས་ཞེས་རིགས་གཉིས་སུ་བགོས་པ་དང་།སེམས་པའི་ལས་ནི་ཡིད་ཀྱི་ལས་ཡིན་དང་།སེམས་པས་བསྐྱེད་པ་གང་ཡིན་པ་དེ་ནི་བསམ་པའི་ལས་ཡིན་ཏེ།ལུས་དང་ངག་གི་ལས་སུ་འདུ་བ་དང་།རིམ་བཞིན་༼ལུས་ཀྱི་ལས་ནི་རྣམ་པ་གསུམ།།ངག་གི་རྣམ་པ་བཞི་དང་ནི།།གང་ཡང་ཡིད་ཀྱི་རྣམ་གསུམ་པོ།།༽ཞེས་དང་།དེ་དག་རེ་རེ་ལའང་ནང་གསེས་སུ་མཚན་ཉིད་དང་བཅས་པ་ཡོད་པ་དེ་བཞིན་རང་ག་བའི་བསམ་ཡུལ་ལས་འདས་བ་ཞིག་གོ།ཆ་ཚང་བའི་ལས་ཀྱི་རྣམ་གཞག་འདི་ལྟ་བུར་མཇལ་ན་ཡིད་ལ་ངེས་ཤེས་རྙེད་ཅིང་།རང་གི་བྱ་སྤྱོད་ལ་བདག་དམ་བྱེད་ཐུབ། ངན་སོང་གི་སྡུག་བསྔལ་མཐའ་དག་ཀྱང་རྒྱུ་ཟག་བཅས་ཀྱི་ལས་ལས་བྱུང་བ་ཤེས་པར་བྱ་བའི་ཕྱིར་ཏུ་༼མདོ་སྡེ་བརྒྱ་བ་ལས།ལས་རྣམས་ཀྱང་ནི་སྣ་ཚོགས་ལས།།དེ་ཡིས་འགྲོ་འདི་སྣ་ཚོགས་བྱས།།༽ དང་།༼ཆོས་མངོན་པ་མཛོད་ལས་ཀྱང་།འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས།།༽ ཞེས་དང་།༼མདོ་དྲན་པ་ཉེར་བཞག་ཆུང་བ་ལས་ཀྱང་།མེ་ནི་གྲང་བར་འགྱུར་ཡང་སྲིད།།རླུང་ནི་ཞགས་པས་ཟིན་ཡང་སྲིད།།ཉི་ཟླ་ཐང་ལ་ལྷུང་ཡང་སྲིད།།ལས་ཀྱི་རྣམ་སྨིན་བསླུ་མི་མཛད།།༽ཞེས་མཁས་པ་སྔ་མ་རྣམས་ཀྱིས་ལུང་དང་རིགས་པའི་གཏན་ཚིགས་ཀྱིས་བསྒྲུབས་ཡོད་ཅིང་།ལས་འབྲས་ལ་ཡིད་ཆེས་པས་སུ་ཡིན་ཡང་དྲང་བདེན་གལ་ཆེར་འཛིན་ཞིང་།སེམས་ཅན་སུ་ཡང་ཡིད་ཆེས་ཆོག་པའི་ཁྱད་ཆོས་དང་ཡོན་ཏན་ལྡན་པས་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་ཕྱོགས་པའི་རྐང་སྟེགས་ཡིན་ནོ།།

    མདོར་ན།གོང་གསལ་འདི་དག་དང་འབྲལ་མེད་དུ་ཡོད་པ་ནི་བདེན་པ་བཞི་ཡིན་ཞིང་།སྡུག་བསྔལ་གྱི་ཁྱད་ཆོས་མི་རྟག་པ་ཡིན་པས་སྡུག་བསྔལ་ཤེས་དགོས་པ་དང་།ཀུན་འབྱུང་གི་ཁྱད་ཆོས་ནི་རྒྱུའི་རྣམ་པའམ་ཉོན་མོངས་ཡིན་པས་སྤང་བར་བྱ་དགོས་པ།འགོག་་བདེན་གྱི་ཁྱད་ཆོས་ནི་འགོག་པའི་རྣམ་པ་ཡིན་ཞིང་།གང་གིས་གང་འགོག་ཅེ་ན།བདག་མེད་རྟོགས་པའི་ལམ་བསྒོམས་པས་སྡུག་བསྔལ་བཀག་སྟོབས་ཀྱིས་འགོག་མཁན་གང་ཟག་གི་རྒྱུད་ལ་སྡུག་བསྔལ་གཏན་ཟད་དུ་བཏང་བའི་བྲལ་ཆ་ཞིག་གྲུབ་པ་དེ་ལ་འགོག་པའི་རྣམ་པ་ཟེར། ལམ་བདེན་གྱི་ཁྱད་ཆོས་ནི་ལམ་གྱི་རྣམ་པ་ཡིན་ཞིང་།ཐར་བར་བགྲོད་བྱེད་ཀྱི་རིགས་སུ་གནས་པའི་བདག་མེད་མངོན་སུམ་ཏུ་རྟོགས་པའི་ཡེ་ཤེས་དེ་ལ་ལམ་གྱི་རྣམ་པ་ཟེར་བ་བཞིན་བདེན་པ་བཞིན་ཡང་ཕར་ཕྱིན་དྲུག་ཉམས་ལེན་ལ་ཕན་ཚུན་གཞོགས་འདེགས་སུ་སོང་ཡོད་པས་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ཡོད།

    དོན་ཚན་གསུམ་པ། ཚུལ་ཇི་ལྟར་འཇུག་པའི་རིགས་པ་གླེང་བ།

    གོང་དུ་གླེང་བའི་རྒྱུ་བདེ་གཤེགས་སྙིང་བོ་དང་རྟེན་མི་ལུས་རིན་ཆེན།རྐྱེན་དགེ་བའི་བཤེས་གཉེན།ཐབས་དེ་ཡི་གདམས་ངག་བཅས་ཀྱི་རྩ་བའི་ཆ་རྐྱེན་དག་ཚང་བ་མ་ཟད།བཤེས་གཉེན་ལེགས་པར་བསྟེན་ཏེ་འདས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་དང་།ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན།ཆོས་ཐམས་ཅད་བདག་མེད་པ།མྱ་ངན་ལས་འདས་པ་ཞི་བའི་རང་བཞིན་དུ་ངེས་པ།ལས་འབྲས་ཡོད་པ།འགྲོ་བ་རིགས་དྲུག་ནི་ལས་ཀྱིས་འཁོར་བ་ཡིན་ཞིང་།འཁོར་བའི་རང་བཞིན་ནི་སྡུག་བསྔལ་དང་དེ་ལས་ཐར་དགོས་ན་འཁོར་བའི་རྒྱུ་ངན་སོང་གསུམ་དང་རིང་དུ་གྱེས་ནས་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་བསྒོམ་པ་གཙོ་བོ་ཡིན་པའི་རིགས་རྒྱུན་འདི་ལས།ད་ལྟ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་གཉིས་ཡོད་ཅིང་།སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་དང་།འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་ཡིན།དེ་ལས་ཀྱང་འཇུག་པ་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་བསྒྲུབ་པ་ལ་མེད་དུ་མི་རུང་བའི་ཕར་ཕྱིན་དྲུག་གི་རིམ་པ་ཉམས་ལེན་གྱི་ལག་ཆ་ལྟ་བུ་ཡིན་པས་ཚུལ་ཇི་ལྟར་འཇུག་པའི་རིགས་པ་ཡིན།

    ཆོས་བྱ་བ་ལ་བྱང་ཆུབ་ཀྱི་སེམས་ནི་ཆེས་གཙོ་བོ་ཡིན་ཞིང་།བྱང་ཆུབ་ཀྱི་སེམས་མེད་པར་འཚང་རྒྱ་བའི་ལམ་མེད་པར་བཤད་ཅིང་།དེས་ན་ཐར་བ་དང་མྱང་འདས་ཀྱི་ལམ་ཀྱང་མེད་པར་ཕྱིར་རིགས་དྲུག་གི་འཁོར་བའི་སྡུག་བསྔལ་དང་དུ་ལེན་པ་ལས་མེད།༼དེས་ན་རྒྱལ་བས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་།བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེ་སྙིང་བོ་ཅན་འདི་རྒྱུད་ལ་སྐྱེ་བའི་ཐབས་སུ་གསུངས་པ་ཡིན།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་དང་བྲལ་ན།ལྟ་སྒོམ་གྱི་ཆོས་ཇི་ཙམ་ཟབ་ཟབ་འདྲ་ཡང་རྫོགས་པའི་སངས་རྒྱས་ཐོབ་པ་ལ་ཅི་ཡང་མི་ཕན།བསྐྱེད་རིམ་སྔགས་རིམ་སོགས་གསང་སྔགས་ཀྱི་ཉམས་ལེན་རྣམས་ཀྱང་།བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཚེ་འདིར་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་འགྲོ་བ་ཡིན་ཀྱང་།བྱང་ཆུབ་ཀྱི་སེམས་དང་བྲལ་ན་མུ་སྟེགས་པའི་ལམ་དང་ཁྱད་པར་མེད།མུ་སྟེགས་པ་རྣམས་ལའང་ལྟ་བསྒོམ་པ་སྔགས་བཟླ་བ།རྩ་རླུང་སྒོམ་པ།རྒྱུ་འབྲས་སྤངས་བླང་བྱེད་པ་སོགས་དུ་མ་ཡོད་ཀྱང་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་པོ་འདི་མེད་པས་འཁོར་བའི་གནས་ལས་ཐར་མི་ནུས་པ་ཡིན།༽ ཞེས་གསུངས་ཡོད་པ་མ་ཟད།༼ཕྱིའི་ཀུན་སྤྱོད་ནི་ནང་སེམས་འཁོར་ཡིན༽ དང་།༼སེམས་བསྐྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ།༽ ཞེས་ཀྱང་གསུངས།སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བསླབ་བྱ་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པ་དང་དེའི་ཁྱད་ཆོས།བྱང་སེམས་འཕེལ་བ་སོགས་ཀྱི་ཕྱིར་ཏུ་ཐབས་སྣ་ཚོགས་གསུངས་པ་ཡིན་ཞིང་།འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བསླབ་བྱ་ནི་ལམ་བསླབ་པ་གསུམ་ཏུ་འདུ་ཞིང་།དེའང་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་ལེན་གྱི་རྣམ་གཞག་ཡིན།

    ༼མདོ་སྡེ་རྒྱན་ལས།བསླབ་གསུམ་དབང་དུ་མཛད་ནས་ནི།།རྒྱལ་བས་ཕ་རོལ་ཕྱིན་པ་དྲུག།ཡང་དག་བཤད་དེ་དང་བོ་གསུམ།།ཐ་མ་གཉིས་ཀྱིས་རྣམ་པ་གཉིས།།གཅིག་ནི་གསུམ་ཆར་ལ་ཡང་གཏོགས།།༽ ཞེས་གྲངས་ངེས་མཛད་ཡོད་དེ།རེ་རེ་བཞིན་ཁོངས་བསྡུ་བྱས་ན།ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་སྦྱིན་པ་དང་།ཚུལ་ཁྲིམས།བཟོད་པ་གསུམ་ཡིན་ཞིང་།ལྷག་པ་སེམས་ཀྱི་བསླབ་པ་ནི་བསམ་གཏན་ཡིན།ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི་ཤེས་རབ་ཡིན་ཞིང་།བརྩོན་འགྲུས་ནི་གསུམ་ཆར་གྱི་གྲོགས་ཡིན།དྲུག་པོ་འདིས་འཇུག་པའི་སེམས་བསྐྱེད་ཀྱི་བསླབ་བྱ་བསྡུས་ཡོད།

    ཐེགས་ཆེན་གྱི་ཆོས་རྣམས་སུ་མངོན་མཐོ་དང་ངེས་ལེགས་ཀྱི་དབང་དུ་བྱས་པའི་གྲངས་ངེས་ཀྱང་མང་སྟེ།མངོན་མཐོའི་དོན་དུ་གསུམ་ནི་ལོངས་སྤྱོད་ཀྱི་དོན་དུ་སྦྱིན་པ།ལུས་ཀྱི་དོན་དུ་ཚུལ་ཁྲིམས།འཁོར་བའི་དོན་དུ་བཟོད་པའོ།།ངེས་ལེགས་ཀྱི་དོན་གསུམ་ནི་ཡོན་ཏན་འཕེལ་བར་བྱེད་པའི་དོན་དུ་བརྩོན་འགྲུས།ཞི་གནས་ཀྱི་དོན་དུ་བསམ་གཏན།ལྷག་མཐོང་གི་དོན་དུ་ཤེས་རབ་རྣམས་སུ་ཡང་བཤད་ཡོད།དེ་དྲུག་པོ་ཚོགས་རྣམ་པ་གཉིས་སུ་བསྡུས་ཆོག་སྟེ།སྦྱིན་པ་དང་ཚུལ་ཁྲིམས་བསོད་ནམས་ཀྱི་ཚོགས་ཡིན།ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡིན།བཟོད་པ་བརྩོན་འགྲུས་བསམ་གཏན་གསུམ་ཚོགས་གཉིས་ཀར་གཏོགས།དྲུག་པོ་རབ་ཏུ་དབྱེ་བ་མཛད་པ་ལ་སུམ་ཅུ་རྩ་དྲུག་ཏུ་བཤད་ཅིང་།དེ་ནི་སྦྱིན་པའི་སྦྱིན་པ་དང་།སྦྱིན་པའི་ཚུལ་ཁྲིམས་སོགས་རེ་རེ་ལ་དྲུག་དྲུག་ཏུ་དབྱེ་བ་ཡིན་ནོ།།

    བྱང་ཆུབ་སེམས་དཔའི་རྒྱུ་ཕར་ཕྱིན་དྲུག་ལ་སོ་སོའི་བྱེད་ལས་ཡོད་དེ།སྦྱིན་པས་མི་མཐུན་ཕྱོགས་སེར་སྣ་ཉམས་པར་བྱེད་པ་དང་།ཚུལ་ཁྲིམས་ཀྱིས་མ་རུང་བའི་ལས་ཉམས་པར་བྱེད་པ་དང་།བཟོད་པས་གནོད་པ་བསྲན་ཐུབ་པ།བརྩོན་འགྲུས་ཀྱིས་གྲོགས་བྱེད་པ།བསམ་གཏན་གྱིས་སྤྲུལ་སྒྱུར་བྱེད་པ།ཤེས་རབ་ཀྱིས་ཐེ་ཚོམ་གཅོད་པ་སྟེ།མདོར་ན་དེ་དག་སོ་སོའི་མི་མཐུན་པའི་ཕྱོགས་ཉམས་པ་བྱེད་པ་དང་།སོ་སོའི་ངེས་ཚིག་གི་སྐབས་སུའང་དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པ་དང་།བསིལ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས།ཁྲོ་བ་བཟོད་པར་བྱེད་པས་ན་བཟོད་པ།མཆོག་ལ་སྦྱོར་བར་བྱེད་པས་ན་བརྩོན་འགྲུས།ཡིད་ནང་དུ་འཛིན་པར་བྱེད་པས་ན་བསམ་གཏན།དོན་དམ་པ་ཤེས་པས་ཤེས་རབ་སྟེ།འདི་རྣམས་ཀྱིས་འཁོར་བའི་ཕ་རོལ་མྱ་ངན་ལས་འདས་པ་ཕྱིན་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་མང་དུ་སྣང་ངོ་།།

    སྦྱིན་པ་དང་ཚུལ་ཁྲིམས་དྲུག་པོ་གོ་རིམ་མེད་པར་འདོད་པ་བཞིན་བཤད་པ་ཞིག་གཏན་ནས་མ་ཡིན་ཏེ།དེ་གོ་རིམ་བཞིན་གོམས་ན་ཕན་ཡོན་ཆེན་པོ་ཡོད་ཅིང་།གོ་རིམ་བཞིན་གོམས་པའི་གནད་དེ་ནི་ཚུལ་ཇི་ལྟར་འཇུག་པའི་རིགས་པ་ཤེས་པ་ཡང་ཡིན།རང་རྒྱུད་ལ་སྐྱེ་ཚུལ་གྱི་གོ་རིམ་ལ།༼གོ་རིམ་འདི་ལྟར་ངེས་པ་ནི།སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་བ་དང་།སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་གྱིས་མཆོག་ཏུ་གྱུར་བ་དང་།སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་བ་བཅས་རྒྱུ་མཚན་གསུམ་གྱིས་གོ་རིམ་དེ་ལྟར་མཛད་པར་རྗེ་བཙུན་བྱམས་པ་མགོན་པོས་གསུངས་ལ།དེ་བཞིན་དུ་འཕགས་པའི་དགོངས་པ་ངེས་པར་འགྲེལ་བ་སོགས་ལས་ཀྱང་།སྦྱིན་སོགས་གོང་མ་གོང་མ་རྒྱུ་དང་།འོག་མ་འོག་མ་འབྲས་བུར་བསྟན་ཡོད།༽ཞེས་གསུངས་ཤིང་།རྒྱུད་ལ་རིམ་པ་བཞིན་སྐྱེ་ན།སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་བར་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་།ཚུལ་ཁྲིམས་དང་ལྡན་པས་རང་བཞིན་ཉིད་ཀྱིས་བཟོད་པ་ལྡན།བཟོད་པ་ལྡན་པས་བརྩོན་འགྲུས་རྩོམ་པ་དང་།བརྩོན་འགྲུས་ལྡན་ན་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཤིང་།ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་ཡང་དག་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཕྱོགས་བཅུའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་བཞིན།དཔེར་ན་ཆོས་སློབ་པ་ལ་མགོ་སྐྱབས་འགྲོ་དང་།བོད་ཡིག་སློབ་པ་ལ་མགོ་གསལ་བྱེད་ནས་བརྩམ་དགོས་པ་ལས།བྱིས་པ་དབང་ལོག་ཞིག་གི་ལག་ཏུ་སྟ་རེ་བཞག་ནས་ཤིང་གསིལ་མི་ཐུབ་པ་བཞིན་འཇིག་རྟེན་གྱི་བྱ་དངོས་གང་ལ་ཡང་རྒྱུ་འབྲས་དང་རྟེན་འབྲེལ་གྱི་རྣམ་གཞག་ཞིག་ཡོད་དོ།།

    ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉམས་ལེན་ལ་སེམས་གཙོ་བོ་ཡིན་ཏེ།༼ལན་རེ་མེད་ན་སྦྱིན་པ་ཡིན།།ངོ་ལྐོག་ཆུང་ན་ཚུལ་ཁྲིམས་ཡིན།།བཟོད་པ་ཆེ་ན་ཆོས་ཉིད་ཡིན།།འཆི་བ་དྲན་ན་བརྩོན་འགྲུས་ཡིན།།གཡེང་བ་སྤངས་ན་བསམ་གཏན་ཡིན།།གཅིག་སྡུད་ཤེས་ན་ཤེས་རབ་ཡིན།།༽ ཞེས་སེམས་བྱུང་ཐམས་ཅད་གཙོ་སེམས་ཀྱི་འཁོར་ཡིན་པས་གཙོ་སེམས་གཙོ་བོ་ཡིན་པ་དང་།ལུས་ངག་ཀྱང་གཙོ་སེམས་ཀྱི་འཁོར་ཡིན་ཞིང་གཙོ་སེམས་ཀྱིས་ཐམས་ཅད་ཁ་ལོ་བྱེད་ཀྱིན་ཡོད་པས་ཆོས་ཆོས་སུ་འགྲོ་མིན་སེམས་ལ་ཐུག་པར་བཤད་ཅིང་།སྦྱིན་པ་ལ་གཙོ་བོ་བདག་འཛིན་སྤངས་དགོས་པ་དང་།ཚུལ་ཁྲིམས་ལ་གཡོ་སྒྱུ་སྤངས་དགོས་པ།བཟོད་པ་ལ་དོན་ལ་སྐྲག་མི་རུང་བ། བརྩོན་འགྲུས་ནི་གཙོ་བོ་ཉམས་ལེན་ཡིན་པ།བསམ་གཏན་ནི་གཙོ་བོ་དང་ལ་གནས་དགོས་པ།ཤེས་རབ་ནི་གཙོ་བོ་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་དགོས་པ་བཅས་ཡིན་ཞིང་།སོ་སོའི་མཆོག་བསྒྲུབ་པ་ལ།སྦྱིན་པའི་མཆོག་མ་ཆགས་པ་དང་།ཚུལ་ཁྲིམས་ཀྱི་མཆོག་སེམས་ཞི་བ།བཟོད་པའི་མཆོག་དམན་ས་བཟུང་བ།བཟོད་པའི་མཆོག་དམན་ས་བཟུང་བ།བརྩོན་འགྲུས་ཀྱི་བྱང་ས་ཐོབ་པ་བཅས་ཡིན་ཞིང་།དོན་ཕར་ཕྱིན་དྲུག་བསྒྲུབ་པ་ལ་ཉོན་མོངས་ཐམས་ཅད་རང་རྒྱུད་ནས་ཕྱི་དོར་བྱ་དགོས་པས་དེ་བྱེད་ཚུལ་གྱི་གདམས་ངག་གམ་ཐབས་ལ་མདོ་རྒྱུད་བསྟན་བཅོས་མང་བོར་ཉོན་མོངས་ཀྱི་གཉེན་པོ་བསྒོམ་ཚུལ་ཡོད་དེ།འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་བསྒོམ་པ་དང་།ཞེ་སྡང་གི་གཉེན་པོ་ལ་བྱམས་པ་བསྒོམ་པ།གཏི་མུག་གི་གཉེན་པོ་ལ་རྟེན་འབྲེལ་བསྒོམ་པ།ཕྲག་དོག་གི་གཉེན་པོ་ལ་བདག་གཞན་ཉམས་པ་བསྒོམ་པ།ང་རྒྱལ་གྱི་གཉེན་པོ་ནི་བདག་གཞན་བརྗེ་བ་བསྒོམ་པ།ཉོན་མོངས་ཆ་མཉམ་དུ་རགས་པའམ་རྣམ་རྟོག་མང་ན་རླུང་བསྒོམ་པ་སོགས་ནི་དུས་རྒྱུན་ཀྱི་འཚོ་བའི་ཁྲོད་དུ་སྐྱ་སེར་སུ་ཡིན་ཀྱང་རང་རྒྱུད་སྦྱར་ནས་རང་སེམས་ལ་བརྟག་ན་འབྲས་བུ་ཤེས་ཐུབ་ཅིང་།བསྒོམ་པ་ཞེས་པའང་ལག་ལེན་ལ་གོམས་པའི་དོན་ཡིན།འདི་ལྟར་བསྒྲུབས་པས་ཕན་ཡོན་དཔག་མེད་འབྱུང་སྟེ།༼འཕགས་པ་ཀླུ་སྒྲུབ་ཀྱིས།སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།།བཟོད་པས་མདངས་ལྡན་བརྩོན་པས་བརྗིད།།བསམ་གཏན་གྱིས་ཞི་བློ་ཡིས་གྲོལ།།༽ ཞེས་གསུངས་པ་དང་།གཞན་ཡང་༼ཕར་ཕྱིན་བསྡུས་པ་ལས།མཐོ་རིམ་ཐར་བའི་བདེ་ལམ་གྱུར་བ་སྟེ།།ལས་ལམ་བཅུ་བོ་འདི་ལས་ཉམས་མི་བྱ།།འདི་གོམས་པའི་འགྲོ་ལ་ཕན་བསམས་པའི།།བསམ་པའི་ཁྱད་པར་འབྲས་བུ་ཡོད་པར་འགྱུར།།ལུས་ངག་ཡིད་རྣམས་ཡང་དག་བསྡམ་བྱ་བ།།མདོར་བསྡུས་ཚུལ་ཁྲིམས་ཡིན་ཞེས་རྒྱས་བས་གསུངས།།ཚུལ་ཁྲིམས་མ་ལུས་འདུས་པའི་གཞི་ཡིན་པས།།དེ་ཕྱིར་འདི་དག་རྣམ་པར་སྦྱངས་བར་གྱིས།།༽ ཞེས་ཀྱང་མང་དུ་གསུངས་བ་མ་ཟད།ཚེ་འདི་ཕྱི་གཉིས་ལ་ཕན་པའི་འཚེ་བ་མེད་པའི་སྤྱོད་པ་དངོས་དེ་ཡིན་པའི་སྟབས་ཀྱིས་ཆུང་བ་མི་སྒེར་དང་ཆེ་བ་མི་རིགས་དང་རྒྱལ་ཁབ།མིའི་རིགས་ཡོངས་ལ་ཞི་བདེ་དང་།འཆམ་མཐུན།བདེ་སྐྱིད་དང་རང་དབང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྱལ་ཡོང་ཐུབ་པ་མ་ཟད།ཐོས་བསམ་ཀྱི་ཤེས་རབ་སྦྱངས་བ་རྣམས་ལ་དེ་ལས་ལྷག་པའི་གདམས་པ་ཡོད་དོ།།

    འཁོར་བ་བ་ནས་མྱ་ངན་ལས་འདས་བའི་བར་གྱི་ལམ་གྱི་གོ་རིམ་དང་ཐབས་གདམས་ངག་གི་རིགས་པ་དཔེ་རིས་ལས་མཚོན་ཡང་ཆོག་སྙམ་ནས་འདི་ལྟར་བཀོད།

མཆན།
    1. རྩ་བ་དཔལ་མགོན་འཕགས་པ་ཀླུ་སྒྲུབ། འགྲེལ་བ་གོ་རམས་པ་བསོད་ནམས་སེང་གེ དབུ་མ་རྩ་བ་ཤེས་རབ་རྩ་འགྲེལ[M]།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༨ ༢ ཤ༧

    2.དོར་ཞི་གདོང་དྲུག་སྙེམས་བློ། སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་ཕབ་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ༨ ཤ༦༠

    3. དཔལ་ལྡན་ཆོས་གྲགས། ཚད་མ་རྣམ་འགྲེལ།[M]མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ༡༠ཤ༨༣

    4.དོར་ཞི་གདོང་དྲུག་སྙེམས་བློ། སངས་རྒཡས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་ཕབ་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ༨ ༡ཤ༦༡

    5. ཁུ་བྱུག སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་ཅེས་བྱ་བ་བཞུགས་སོ།།[M] མི་རིགས་དཔེ་སྐྲུན་ཁང་།༢༠༠༥ ༣ ཤ༩༥

    6. གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༢ ༣ཤ༥༣

    7. དོར་ཞི་གདོང་དྲུག་སྙེམས་བློ། མུན་འཇོམས་ནོར་བུའི་ཕྲེང་བ། [M]མི་རིགས་དཔེ་སྐྲུན་ཁང་།༡༩༩༦ ༡༡ ཤ༤༣༠

    8. Nsar-Death Experience Studyལ་རྒྱ་སྐད་དུ濒死体验研究ལྟར་འགྱུར་ཡོད་།བོད་སྐད་དུ༼འཆི་ཁའི་ལུས་བཤེར༽ཞེས་འོད་ཚོད་ཀྱིས་བསྒྱུར་བ་ཙམ་ཡིན།

    9.钟茂森教授《因果轮回的科学证明》[M]内部资料 p6

    10.钟茂森教授《因果轮回的科学证明》[M]内部资料 p7

    11.钟茂森教授《因果轮回的科学证明》[M]内部资料 p7

    12. ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་བརྒྱུད་མན་ངག་གི་གཏེར་མཛོད་།[M]ཁྲིན་ཏུའུ་སམ་བྷོ་ཊ་པར་སྐྲུན་མཐུན་གཉེར་ཁང་། ༢༠༠༩ ༡༠ ཤ༥༢༤

    13. རྫ་དཔལ་སྤྲུལ་རིན་པོ་ཆེ། རྫོགས་པ་ཆེན་པོ་ཀློང་ཆེན་སྙོང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༨ ཤ༥༣

    14. རྫ་དཔལ་སྤྲུལ་རིན་པོ་ཆེ། རྫོགས་པ་ཆེན་པོ་ཀློང་ཆེན་སྙོང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༨ ཤ༨༣

   15. རྫ་དཔལ་སྤྲུལ་རིན་པོ་ཆེ། རྫོགས་པ་ཆེན་པོ་ཀློང་ཆེན་སྙོང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༨ ཤ༨༩

   16. རྫ་དཔལ་སྤྲུལ་རིན་པོ་ཆེ། རྫོགས་པ་ཆེན་པོ་ཀློང་ཆེན་སྙོང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༨ ཤ༩༠

   17.ལྷ་རྗེ་བསོད་ནམས་རིན་ཆེན།དམ་ཆོས་ཡིད་བཞིན་ནོར་བུ་ཐར་བ་རིནཔོ་ཆེ་རྒྱན། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༢ ཤ༨༧

   18.ལྷ་རྗེ་བསོད་ནམས་རིན་ཆེན།དམ་ཆོས་ཡིད་བཞིན་ནོར་བུ་ཐར་བ་རིནཔོ་ཆེ་རྒྱན། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༢ ཤ༨༧

 19. རྫ་དཔལ་སྤྲུལ་རིན་པོ་ཆེ། རྫོགས་པ་ཆེན་པོ་ཀློང་ཆེན་སྙོང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༨ ཤ༤༡༩

 20. 多识、《爱心中爆发的智慧》[M]民族出版社。1996.11 p153

 21.རྒྱ་གར་གྱི་མཁན་པོ་པྲཛྙ་ཝརྨ་དང་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར།གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ། [M]དེབ་ཉེར་བཞི་བ་བྱང་ཆུབ་སེམས་དཔའི་ས་དང་ཚོམས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ༥ ཤ༡༥

 22.ལུང་རིགས། ཆོས་ཀྱི་དགོངས་དོན་མདོར་བསྡུས་འོད་ཀྱི་ཚོམས།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ༦ ཤ༨༨

 23.ལྕང་སྐྱ་རོལ་བའི་རྡོ་རྗེ།མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས།[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ༡༠ ཤ༣༣༦

24.ལུང་རིགས། ཆོས་ཀྱི་དགོངས་དོན་མདོར་བསྡུས་འོད་ཀྱི་ཚོམས། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ༦ ཤ༨༨

ཁུ་བྱག སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད།[M]མི་རིགས་དཔེ་སྐྲུན་ཁང་།༢༠༠༥ ༣ ཤ༣༣༠

 25.འཇམ་དཔལ་རྒྱལ། ཀན་སུའུ་མི་རིགས་དགེ་འོས་སློབ་གྲ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་ཡིན།    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག