མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

ཕ་སྐད་ཀྱི་འབོད་པ།

རྩོམ་པ་པོ། རེང་བུ  ཡོང་ཁུངས། མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པ།  2013-09-27 09:49

ཕ་སྐད་ང་ནི་དུས་ཀྱིས་མ་ཟིན་འགྲོས་ཀྱིས་རྩེན་པའི་གཙང་པོ་ཡིན།།
ཕ་སྐད་ང་ནི་ནོངས་ཀྱིས་མ་བསྒྲུབས་དྭངས་གསལ་ཤེལ་གྱི་མེ་ལོང་ཡིན།།
ཕ་སྐད་ང་ནི་འདོད་རྒུ་འགུགས་བྱེད་རིན་ཆེན་དགོས་འདོད་ནོར་བུ་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གམ་ལ་ལོག་ནས་ཤོག།

ཕ་སྐད་ང་ནི་ནོར་གྱིས་ཁུགས་མིན་རིན་ཆེན་བྱེ་བའི་ཉིང་ཁུ་ཡིན།།
ཕ་སྐད་ང་ནི་ཁྲོ་བ་མེད་པར་ཁྱོད་ཀྱི་འཚོ་བའི་གྲོགས་དན་ཡིན།།
ཕ་སྐད་ང་ནི་ཕྱོགས་ཀྱིས་མ་དྲུད་སྙོམས་པའི་ལས་ཀྱི་དེད་དཔོན་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གམ་ལ་ལོག་ནས་ཤོག།།

ཕ་སྐད་ང་ནི་ལོ་རྒྱུས་གསལ་བའི་ཀེ་ཏ་ཀ་ཡི་ནོར་བུ་ཡིན།།
ཕ་སྐད་ང་ནི་གནས་བབ་འདི་ཡི་འཇོན་ནུས་སྔོག་པའི་སྒུག་ཤུགས་ཡིན།།
ཕ་སྐད་ང་ནི་དུས་གསུམ་སྟོན་མཁས་ཚངས་པ་ལྷ་ཡི་མེ་ཏོག་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གང་ལ་ལོག་ནས་ཤོག།

ཕ་སྐད་ང་ནི་བཙན་པོ་རྣམས་ཀྱི་དགུང་ལས་མཐོ་བའི་དབུ་རྨོག་ཡིན།།
ཕ་སྐད་ང་ནི་བློན་པོ་ཚོ་ཡི་རྣམ་དཔྱོད་ལྡེམ་པའི་ཚངས་ཐིག་ཡིན།།
ཕ་སྐད་ང་ནི་མངའ་འབངས་ཚོ་ཡི་གདོང་ལ་འཁྱུག་པའི་འཛུམ་རིས་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གམ་དུ་ལོག་ནས་ཤོག།

ཕ་སྐད་ང་ནི་འབྱོར་ལྡན་ཚང་གི་ཕུགས་སུ་བཀལ་བའི་གཡང་ཁུག་ཡིན།།
ཕ་སྐད་ང་ནི་དབུལ་པོ་ཚང་གི་དཀར་ཡོལ་ནང་གི་འབྲས་རྡོག་ཡིན།།
ཕ་སྐད་ང་ནི་བོད་པ་ཚང་གི་མ་བགོས་བྱིངས་ཀྱི་ནོར་བུ་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གམ་ལོག་ནས་ཤོག།

ཕ་སྐད་ང་ནི་བགྲེས་སོང་ཀུན་གྱི་སྤྱི་བོའི་གཙུག་གི་དག་ཞིང་ཡིན།།
ཕ་སྐབ་ང་ནི་ན་གཞོན་ཚོ་ཡི་དུངས་སེམས་སྐྱིབས་ཀྱི་འོ་མ་ཡིན།།
ཕ་སྐད་ང་ནི་བྱིས་པ་དག་གི་དཔེ་ཁུག་གྲུ་བཞིའི་ཁ་དོག་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གམ་ལ་ལོག་ནས་ཤོག།

ཕ་སྐད་ང་ནི་མཁས་པའི་ངག་གི་ལེགས་བཤད་འོ་མའི་རྒྱུན་བཟང་ཡིན།།
ཕ་སྐད་ང་ནི་བླུན་པོའི་ཁ་ཡི་ལབ་བརྡོལ་ཚིག་གི་ལྦུ་བ་ཡིན།།
ཕ་སྐད་ང་ནི་དུས་རབས་འདི་ཡི་དགེ་མཚན་བསུ་བའི་ཕོ་ཉ་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གམ་ལ་ལོག་མནས་ཤོག།།

ཕ་སྐད་ང་ནི་འབྲོག་པ་ཚང་གི་སྟོན་མར་སེར་བོའི་ཁ་དོག་ཡིན།།
ཕ་སྐད་ང་ནི་རོང་པ་ཚང་གི་འབྲུ་དྲུག་སྙེ་མའི་ཞབས་བྲོ་ཡིན།།
ཕ་སྐད་ང་ནི་རོང་འབྲོག་ཚང་གི་བདེ་སྐྱིད་བསུ་བའི་སྐྱ་རེངས་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གམ་ལ་ལོག་ནའས་ཤོག།།

ཕ་སྐད་ང་ནི་ཕོ་བྲང་དམར་པོའི་གཟི་འོད་འཁྱུག་པའི་རྒྱན་མཚན་ཡིན།།
ཕ་སྐད་ང་ནི་རིག་པའི་མཁར་ལ་བདེ་བླག་བགྲོད་པའི་གདང་བུ་ཡིན།།
ཕ་སྐད་ང་ནི་ཚལ་བུར་གཤགས་ཀྱང་ཁྲི་བ་མེད་པའི་ཞི་ལྷ་ཡིན།།
དེའི་ཕྱིར་ང་ལ་གཡོལ་བ་མ་བྱེད་་བ་ཡི་གམ་ལ་ལོག་ནས་ཤོག།

ཕ་སྐད་ང་ནི་འཆད་པའི་བུ་ལ་ལྷུག་ལྷུག་གྲོལ་བའི་མན་ངག་ཡིན།།
ཕ་སྐད་ང་ནི་རྩོད་པའི་བུ་ལ་ཕས་རྒོལ་འཇོམས་བྱེད་གནམ་ལྕགས་ཡིན།།
ཕ་སྐད་ང་ནི་རྩོམ་པའི་བུ་ལ་ངག་རིག་གསར་བའི་ལང་ཚོ་ཡིན།།
དེའི་ཕྱིར་བདག་ལ་གཡོལ་བ་མ་བྱེད་ང་ཡི་གམ་ལ་ལོག་ནས་ཤོག།

ཕ་སྐད་ང་ནི་དལ་ཅིག་མི་སྡོད་དུས་ཀྱི་བང་དང་བསྡོངས་ནས་འགྲོ།།
ཕ་སྐད་ང་ནི་ཕྱིར་ལྟོས་མེད་པར་རེ་བའི་འདུན་མ་བསྙེགས་ནས་འགྲོ།།
ཕ་སྐད་ང་ནི་རྒོད་པོ་བཞིན་དུ་མཁའ་ཡི་ཀློང་ལའང་སྲིད་པས།།
བདག་ལ་གཡོལ་བའི་ལས་འདི་་མ་བྱེད་བྲེལ་བའི་སྟབས་ཀྱིས་ང་ཟུངས་ཤིག།

ཕ་སྐད་ང་ནི་ཀུམ་ནས་མི་འགྲོ་སྣང་བའི་མགོ་འཕང་བཏེག་ནས་འགྲོ།།
ཕ་སྐད་ང་ནི་གཤོག་པ་ཐོགས་པའི་རྒོད་པོ་བཞིན་དུ་བརྒྱུགས་ནས་འགྲོ།།
ཕ་སྐད་ང་ནི་སྤྲིན་པ་བཞིན་དུ་ལྷོ་ནས་ལྷོ་རུ་བཞུད་འགྲོ་བས།།
བདག་ལ་གཡོལ་བའི་ལས་འདི་མ་བྱེད་བྲེལ་བའི་སྟབས་ཀྱིས་ང་ཟུངས་ཤིག།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག