མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- ལྷུག་རྩོམ།

ཁ་བ་མར་མར་འབབ་དུས།

རྩོམ་པ་པོ། གངས་བསམ།    2013-09-26 13:23

    གླེང་སློང་བ།

    སྟོན་མཇུག་གི་རླུང་བུ་འཁྱག་སིབ་སིབ། ས་མཐོའི་རི་ཁར་དེ་བས་ཀྱང་འཁྱག་སིབ་སིབ།

    དེ་རིང་།ང་རང་ཨ་ཁུའི་ངག་བཀོད་ལྟར་གྲོང་རྡལ་དུ་རང་ཁྱིམ་ལ་ཁ་པར་གཏོང་དུ་འགྲོ་རྒྱུ་ཡིན།བཤད་ཚུལ་ལ།རི་ཁ་འདི་ནས་ད་དུང་རི་བོ་གསུམ་བརྒལ་རྗེས་ཀྱི་ཕ་རོལ་ན། ཧ་ལམ་ཆུ་ཚོད་བཞིར་རྒྱུགས་དགོས་པའི་ཐང་བདེ་ཞིག་གི་སྣེ་མཐར་སླེབས་ན།ད་གཟོད་གྲོང་རྡལ་ཆུང་ཆུང་དེར་ཐོན་ཐུབ་ཅེས་པའི་བཤད་སྲོལ་ཡོད།གལ་ཏེ་ཨ་ཁུའི་ངག་ལ་མ་ཉན་པར་རི་ཁ་འདི་ནས་ཐད་ཀར་ཕྱིར་ལོག་ན། ང་རང་ད་ནངས་ཡོང་སའི་དགོན་པ་ཆུང་ཆུང་དེར་བསླེབས་སྲིད་ལ། དུས་རྒྱུན་ལྟར་བསྐྱར་བཟློས་ཀྱི་འཚོ་བ་འང་རོལ་དགོས།འོན་ཀྱང་ང་རང་དེར་སུན་སྣང་སྐྱེས་མི་སྲིད། དེ་རིང་ནས་ལྡོག་རྩིས་སྒོས་ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་སྔོན་དུ།ངས་སེམས་ཐག་བཅད་དེ་རྒྱང་རིང་གི་རྫོང་མཁར་དང་བྲལ་ནས་རི་ཁྲོད་ཀྱི་དགོན་པ་ཆུང་ཆུང་འདིར་ཡོང་བ་ཡིན། མགོ་སྐྲ་བཞར་ཏེ་སྤྱི་ཐེར་དུ་བཟོས་ཤིང་།ངུར་སྨུག་གྱོན་ཏེ་གྲྭ་གཟུགས་སུ་བསྒྱུར་པ་ནས་བཟུང་།ང་ལ་སུན་སྣང་སྐྱེས་མ་མྱོང་ཞིང་།འགྱོད་པ་དེ་བས་ཀྱང་སྐྱེས་མ་མྱོང་།

    དྲང་མོར་བཤད་ན།ང་ནི་ཕམ་ཁ་མྱོང་མཁན་ཞིག་ཡིན་ལ།ཕམ་ཁར་སྐྲག་མཁན་ཞིག་ཀྱང་ཡིན།ང་རང་དགོན་པ་ཆུང་ཆུང་འདིར་ཡོང་ནས།རབ་བྱུང་བསྒྲུབ་དོན་ཡང་ཕམ་ཁས་དེད་ཅིང་ཕམ་ཁར་སྐྲག་པས་ཡིན། དེ་རིང་གི་ནགས་ཚུལ་ཡང་དེ་འདྲ་ཡིན།ཨ་ཁུས་ང་རང་ཁྱིམ་ལ་ཁ་པར་གཏོང་དུ་འགྲོ་རུ་བཅུག་མོད། འོན་ཀྱང་ང་ཁྱིམ་ལ་ཁ་པར་གཏོང་བར་ཧ་ཅང་སྐྲག་པ་ཡིན།རྒྱུ་མཚན་ནི་ང་སྔོན་ཆད་ཁྱིམ་ནས་ཕྱིར་བྲོས་བས།ཕ་མའི་སྡུག་དམོད་ལ་སྐྲག་མི་དགོས་ན་ཡང་།ཁ་པར་ལས་ཁོང་གཉིས་ཀྱི་སྐད་ཆ་གོ་ཐུབ་མིན་ལ་སྐྲག་པ་ཡིན། གསལ་བོར་བཤད་ན།དེ་ནི་ང་རང་ཉིད་ལ་མཚོན་ན།རྒྱལ་ཕམ་འབྱེད་པའི་མཚོན་རྟགས་ཤིག་ཡིན།གལ་ཏེ་ངས་ཁོང་གཉིས་གྱི་སྐད་ཆ་གོ་ཐུབ་ཚེ།ང་རང་ནད་ཡ་མཚན་དེ་ལས་རྣམ་པར་ཐར་ཡོད་པའི་རྟགས་ཡིན་ལ། དེ་ལས་ལྡོག་ན།ང་ནི་སྔར་བཞིན་ནད་ཡ་མཚན་དེས་ཕམ་པར་བཏང་ཡོད་པའི་རྟོགས་ཐུབ།

    ངའི་ཁྱིམ་ནི་འདི་ནས་ནུབ་ཕྱོགས་སུ་སྤྱི་ལེ་སུམ་བརྒྱ་ལྷག་གིས་ཆོད་པའི་རྫོང་མཁར་དེ་ན་ཡོད།ཁྱིམ་ན་ཕ་མ་དང་ཕུ་བོ་སོགས་ཡོད་པར་མ་ཟད། རང་གི་མ་ཡུམ་སློབ་གྲྭ་དང་དགེ་རྒན།སློབ་གྲོགས་ཚོའང་ཡོད། (མཐོ་འབྲིང་ལ་རྒྱུགས་འཕྲོད་པ་རྣམས་ཕལ་ཆེར་ཁུལ་ཐོག་ཏུ་ཡོད་སྲིད།) འོན་ཀྱང་རང་ལ་ནད་ཡ་མཚན་དེ་བྱུང་བ་ནས་བཟུང་།ཕ་མ་གཉིས་ཀ་ཐེངས་གཅིག་ལའང་མཐོང་མ་མྱོང་ལ།དགེ་རྒན་དང་སློབ་གྲོགས་རྣམས་གྱིས་ཀྱང་མཐོང་ཡོད་མི་སྲིད། འོན་ཀྱང་།ངས་ཁོ་ཚོ་གཏན་ནས་བརྗེད་མ་མྱོང་། ཁོ་ཚོ་དང་འབྲེལ་བའི་དགའ་སྐྱོ་འདྲེས་མའི་འདས་དོན་སྣ་ཚོགས་དྲན་ཐེངས་རེར།མིག་ཆུ་ཤོར་བའང་ཐེངས་གཉིས་གསུམ་ཙམ་ག་ལ་ཡིན།

    གཅིག བྱ་དགའ།

    དྲང་མོར་བཤད་ན། ངའི་མི་ཚེར་འགྱུར་ལྡོག་གཏོང་མཁན་ནམ་སྐྱོ་གར་གྱི་དབུ་ཁྱུད་འབྲི་མཁན་ནི་སྡུག་ཤིག་རྒྱག་རྒྱུའི་བྱ་དགའ་དེ་ཡིན།

    དེ་ནི་དམའ་འབྲིང་གཉིས་པའི་ལོ་སྟོད་རེད།སྐབས་དེར།ངའི་ཨ་མའང་ཞང་ཐོག་ནས་ལས་གནས་སྤར་ཏེ་ང་ཚོའི་སློབ་འབྲིང་དུ་ཐོན་པས།ང་ལ་ཡང་བསྐྱར་བཀོད་འདོམས་བྱེད་མཁན་གྱི་མི་གཅིག་ཇེ་མང་ལ་སོང་། ཐོག་མར་འཛིན་བདག་དགེ་རྒན།དེ་ནས་ཨ་ཕ།ད་ལྟ་ཨ་མའང་ཐོན་པས།ང་རང་ཁོ་ཚོས་གང་སར་གཡུགས་ན་དེར་རྒྱུགས་དགོས་པའི་སྤོ་ལོ་ལྟ་བུར་གྱུར།

    ང་རང་སློབ་སྤྱོང་གི་འབྲས་བུ་ཧ་ཅང་བཟང་བའི་གྲས་སུ་མི་གཏོགས་ལ།ཧ་ཅང་ངན་པའི་གྲས་སུ་འང་མི་གཏོགས་མོད།འོན་ཀྱང་སློབ་སྤྱོང་བྱེད་པར་ཧ་ཅངདགའ།སློབ་ཁྲིད་སྐབས་སུ་ནན་ཏན་ཀྱིས་ཉན་པར་མ་ཟད། ལས་བྱའང་ཆདལྷག་མེད་པར་འབྲི་སྲིད།སློབ་གྲོགས་གཞན་དང་མི་འདྲ་བར།སློབ་གསེང་སྐབས་སུ་བསླབ་དེབ་ལ་བལྟ་རྒྱུར་དེ་འདྲ་མི་དགའ།རྩལ་སྤྱོང་ར་བར་སྤོ་ལོ་བརྩེ་བའམ་སྒྲུང་གཏམ་སོགས།་བསླབ་གཞི་མིན་པའི་དཔེ་ཆར་མགོ་འཁོར་ནས་འདུག་རྒྱུར་དགའ།ལྷག་པར་ང་རང་གི་སྤོ་ལོ་རྒྱག་རྩལ་ཅུང་བཟང་བས།རྩལ་སྤྱོང་ར་བར་ང་ལ་གློ་བ་དང་མཆིན་པ་ལྟ་བའི་གྲོགས་པོ་མང་པོ་ཡོད་ལ།འགྲན་བསྡུར་བྱེད་ཐེངས་རེརེར།ངའི་མིང་ནས་བོས་ཏེ་ཤུ་རེ་བྱོས།ཤུ་རེ་བྱོས།ཟེར་མཁན་བུ་མོའང་གང་མང་ཡོད།ང་རང་གི་ཕུགས་བསམ་ཡང་སྤོ་ལོ་རྒྱག་མཁན་ཡག་པོ་ཞིག་བྱ་རྒྱུ་དེ་ཡིན།དེ་བཞིན་ལོ་རྒྱུས་དང་བོད་ཡིག་གི་སློབ་ཁྲིད་ལ་ཉན་རྒྱུར་ཡང་ཧ་ཅང་དགའ་ལ།དགེ་རྒན་གྱིས་དྲིས་པའི་དྲི་བར་ཡང་ལན་གནད་དུ་འཁེལ་བ་རེ་འདེབས་ཐུབ།དེ་མིན་རང་གིས་བྲིས་པའི་རྩོམ་ཐུང་ཡང་།སློབ་གྲོགས་ཚོའི་མདུན་ནས་བཏོན་པའི་དུས་སྐབས་ཀྱང་མང་།

    འོན་ཀྱང་། ཨ་མ་ང་ཚོའི་སློབ་གྲྭར་ཐོན་རྗེས།རིམ་བཞིན་ངའི་ཡོད་ཚད་ལ་ཐེ་གཏོགས་དང་ཇུས་འགོད་བྱས།ང་རང་སློབ་གསེང་གི་སྐབས་རྩལ་སྤྱོང་ར་བར་སོང་ནས་སྤོ་ལོ་རྩེ་མི་ཆོག་པར་མ་ཟད།ནངས་ཇ་དང་དགོང་ཇ་འཐུངས་རྗེས།མོའི་གཞུང་ལས་ཁང་གི་སྒོ་ཁར་ལངས་སྟེ་སྣ་ཚོགས་བློར་འཛིན་དགོས་ཞིང་།མཚན་མོ་ཁྱིམ་ལ་ཐོན་མ་ཐག་ལས་བྱ་ཡོངས་རྫོགས་བྲིས་ཡོད་མེད་ལ་ཞིབ་གཤེར་བྱེད་སྲིད།ད་དུང་ཉིན་དེར་ཁྲིད་པའི་སློབ་ཚན་ལས་དྲི་བ་འདོན་པར་མ་ཟད།ང་རང་ཆེས་ལྟ་དགའ་བའི་བརྩམས་སྒྲུང་གི་དཔེ་ཆ་དག་ཀྱང་།མོས་དོ་དམ་བྱས་ཏེ་གཟའ་ཉི་མར་མ་གཏོགས་སྟེར་མི་སྲིད།

    དེ་ལྟར་ཟླ་གཅིག་ཙམ་འདས་རྗེས་ཀྱི་དཀྱིལ་རྒྱུགས་ཁྲོད།ང་ལ་ཨང་གསུམ་པའི་བྱ་དགའ་དེ་ཐོབ།ངས་བྱ་དགའ་དེས་ཕ་མ་གཉིས་དགའ་རུ་བཅུག་སྟེ་རང་ལ་བསྟོད་པ་ཞིག་ཐོབ་སྲིད་སྙམ་མོད།དེ་ལས་ལྡོག་སྟེ།ཁོང་གཉིས་ཀྱིས་ངའི་བྱ་དགའ་དེ་མཐོང་མ་ཐག་གྲང་ཤུར་ཤུར་གྱི་རྣམ་འགྱུར་བཅས།ཨང་གསུམ་པ་ཡིན་ནམ། དེ་ཡན་ན་ད་དུང་ཨང་གཉིས་པ་དང་དང་པོ་ཡོད། མུ་མཐུད་དུ་འབད་པ་བྱོས་སྟེ་མཇུག་རྒྱུགས་ཁྲོད་ངེས་པར་དུ་ཨང་དང་པོ་ལེན་དགོས་ཟེར།སྐད་ཆ་དེས་ཆུ་འཁྱག་ལྟར་ངའི་སེམས་པ་གྲང་ཤུར་ཤུར་དུ་བཟོས་སོང་། ད་དུང་ཁོང་གཉིས་ཀྱིས།ཕུ་བོར་རེ་བ་ཆེན་པོ་མེད་པས་རེ་བ་ཡོད་ཚད་ང་ལ་བཅོལ་ཡོད་ཚུལ་དང་། ངས་མུ་མཐུད་དུ་འབད་པ་བྱས་ཏེ་མ་འོངས་པར་སློབ་ཆེན་ལེགས་པོ་ཞིག་ལ་རྒྱུགས་སྤྲོད་དགོས་ཚུལ་ལ་སོགས་པའི་སེམས་ཀྱི་ཁུར་བོ་སྔར་ལས་ཇེ་ལྕིར་བཏང་།

    ཕུ་བོས་ལོ་དེར་སློབ་ཆེན་ལ་རྒྱུགས་སྤྲད་ཀྱང་མ་འཕྲོད། ཨ་ཕས་ཁོར་ཡང་བསྐྱར་མཐོ་གསུམ་འདོན་དུ་བཅུག་མོད། ཕུ་བོ་འཐད་པ་མ་བྱུང་བས། རྫོང་མཁར་དང་རྒྱངཐག་རིང་བའི་གྲོང་ཁྱེར་ཞིག་ཏུ་བྲོས་སོང་།དེ་ནས་བཟུང་ཁོ་ཕལ་ཆེར་ཟླ་གཅིག་གཉིས་ཙམ་ནས་ཡུལ་ལ་ཐེངས་རེ་ཡོང་སྲིད་ཀྱང་། ཕ་མ་གཉིས་ཀྱིས་ཁོ་ལ་སྡུག་དམོད་བྱས་པ་དང་།ཐ་ན་ཕྱིར་གྲོང་ཁྱེར་ལ་འགྲོ་རུ་མི་འཇུག་པའི་གྲ་སྒྲིག་ཀྱང་གང་མད་བྱས་མོད།འོན་ཀྱང་ཁོ་ཁྱིམ་ནས་ཉིན་གཅིག་གཉིས་ཙམ་ལས་མི་འདུག་པར་ཕྱིར་བུད་འགྲོ།དེར་ཕ་མ་གཉིས་ཀར་ཡང་ཐབས་བཀོད་གཞན་མེད་པས། ཁ་པར་ལ་བརྟེན་ནས། ཞི་དྲག་ཟུང་འབྲེལ་སྒོས་དོན་དག་བཟོ་མི་རུང་ཚུལ་དང་སེམས་ཆུང་བྱེད་དགོས་ཚུལ་སྲན་མའི་བརྔོ་སྒྲ་ལྟར་གདམས་སྲིད།

    ངའི་ཕུ་བོ་ནི་མི་དྲང་མོ་ཞིག་ཡིན་ཞིང་ཕ་མ་གཉིས་ཀར་ཡང་བརྩེ་མདང་ཧ་ཅང་ཆེ། ཕ་མ་གཉིས་ཀྱིས་ཁོ་ལ་སྡིགས་མོ་ཅི་ཙམ་བྱས་ཀྱང་ཕྱིར་ལན་མི་བསློག་པར་མ་ཟད།སེམས་ལ་ཅི་དྲན་ཚང་མ་སྤ་གསང་མེད་པར་བརྗོད་མཁན་ཞིག་ཀྱང་ཡིན། ཐེངས་ཤིག་ལ། ཁོས་ཨ་ཕར་རྫོང་མཁར་འདི་ནས་དྲ་ཁང་ཞིག་ཕྱེ་ན་ཡོང་སྒོ་བཟང་བར་མ་ཟད།རང་གིས་ཀྱང་ཚོང་ལས་ཉམས་མྱོང་ལེན་ཐུབ་ཚུལ་བརྗོད་མོད།ཨ་ཕ་འཐད་པ་མ་བྱུང་བར།མཐོང་ཆུང་སྒོས་ཁྱོད་ལ་དེ་འདྲའི་ནུས་པ་མེད་ཅེས་སྨྲས།

    ཕུ་བོའི་བསམ་དོན་མ་འགྲུབ་ལ་ང་རང་གི་དོན་དག་ཀྱང་སྔར་ལས་ཇེ་སྡུག་དུ་སོང་།ངས་སྔར་ལྟར་སློབ་སྤྱོང་བྱས་ཀྱང་།མཇུག་རྒྱུགས་ཁྲོད་ཨང་དང་པོ་ལྟ་ཅི།ཨང་གསུམ་པ་འང་ལེན་མ་ཐུབ་པས། ཕ་མ་གཉིས་ཀྱིས་བཙན་ཚུགས་སྒོས་ང་རང་རྫོང་ཐོག་གི་ཟབ་སྤྱོང་འཛིན་གྲྭ་ཞིག་ཏུ་བཅུགས་པས། རང་ཉིད་ཀྱིས་འདོད་པའི་ངལ་གསོ་གོ་སྐབས་ཀྱང་མེད་པར་གྱུར།

    དམའ་གཉིས་ལོ་སྨད་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་།ངའི་འགྲོ་ལུགས་སྔར་ལྟར་ཡིན་པར་མ་ཟད།དགེ་རྒན་དག་གིས་ཀྱང་ང་ལ་སྔར་ལས་ལྷག་པར་ལྟ་རྟོག་བྱས་ཤིང་།སྐྱོན་ཏིལ་འབྲུ་ཙམ་བཟོས་ན་ཡང་།ཨ་མར་གཏུག་གཤེར་བྱེད་འགོ་བརྩམས་པས། ང་རང་གི་རླུང་རྟའང་བྲག་མགོའི་རྦ་རྡོ་བཞིན་རིམ་གྱིས་མར་ལྷུང་འགོ་བརྩམས།

    དཀྱིལ་རྒྱུགས་ཁྲོད་རྒྱུགས་འབྲས་ཨང་བདུན་པར་ལྷུང་སོང་།ང་རང་ཉིད་ཡ་མཚར་ཤིང་ཡིད་ཆད་སོང་ལ།དགེ་རྒན་དང་སློབ་གྲོགས་མང་པོས་ཀྱང་ཡ་མཚར་བའི་རྣམ་འགྱུར་བསྟན་བྱུང་། སྔོན་ཆད་དགེ་རྒན་ཚོས་ངའི་སློབ་སྤྱོང་གི་རྣམ་འགྱུར་ལ་སློབ་སྤྱོང་བྱེད་དགོས་ཞེས་གཞན་ལ་སྐུལ་མ་གཏོང་སྲིད་ན་ཡང་།ད་ལྟ་ཁོ་ཚོར་སོམ་ཉི་སྐྱེས་འགོ་བརྩམས།

    ཕ་མ་གཉིས་ཀའང་ཁོང་ཁྲོ་ལངས་སྲིད་པ་དང་ཡིད་ཆད་སྲིད་པ་སྨྲ་མི་དགོས། ཁོང་གཉིས་ཀྱིས།ཁྱོད་ལ་ཅི་བྱུང་། ཁྱོད་ཀྱིས་ཅི་ཞིག་བྱས་པ་ཡིན། ང་ཚོས་ཁྱོད་ཀྱི་ཆེད་དུ་སྡུག་ཇི་འདྲ་མྱང་པ་མི་ཤེས་སམ། ཁྱོད་ཀྱིས་འདི་ལྟར་ང་ཚོའི་རེ་བ་སྟོང་ཟད་དུ་གཏོངཕོད་དམ་ཟེར་ནས་ལེ་བདའ་བྱས།ངས་ཀྱང་ཁོང་གཉིས་ཀྱི་རེ་བ་སྟོང་ཟད་དུ་གཏོང་ག་ལ་འདོད།འོན་ཀྱང་ང་ལ་ཅི་ཞིག་བྱུང་བ་ངས་ཀྱང་ཤེས་དཀའ། ངས་སློབ་སྤྱོང་མ་བྱས་ཟེར་ན། སུ་ཞིག་གིས་ཡིད་ཆེས་བྱེད་སྲིད། ནམ་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སློབ་སྤྱོང་བྱས་མོད།འོན་ཀྱང་རྒྱུགས་སྐར་འདིས་་་་་་་་་་་་།

    མཚན་མོ་དེར་ང་རང་ལ་གཉིད་གཏན་ནས་མ་ཡོང་། སེམས་ཁོངས་ཡོངས་སུ་འཚུབ་སྣང་ཞིག་དང་དངངས་སྐྲག་ཞིག་གིས་ཁེངས།

    ལོ་སྨད་ཀྱི་མཇུག་རྒྱུགས་ཁྲོད།ངའི་སྐར་གྲངས་མར་ཆག་སྟེ་ཨང་བཅོ་ལྔ་བར་ལྷུང་།དྲང་མོར་བཤད་ན། ཐེངས་དེར།ངས་སྔོན་ཆད་རང་ཉིད་ཆེས་སྡང་ས་སྟེ།བཤུས་འབྲི་བྱེད་མཁན་ཚོར་ལད་མོ་བྱས།འོན་ཀྱང་སྐར་གྲངས་ཀྱིས་རང་ཉིད་དགོང་མོ་དེར་ཁྱིམ་དུ་ལོག་མི་ཕོད་པར་བཏང་པས། རྫོང་རྒྱབ་ཀྱི་སྡོང་ར་ཞིག་ནས་ཞག་གཅིག་གི་གྲང་ངར་སོགས་སྡུག་བསྔལ་བསྐྱལ།དེ་ནས་བཟུང་།ང་རང་ལ་ནད་ཡ་མཚན་ཞིག་བྱུང་འགོ་བརྩམས།

    དེ་ནི་ང་ལ་ནད་ཡ་མཚན་བྱུང་རྗེས་ཀྱི་དོན་དག་རེད། ཉིན་དེར།ང་རང་གྲགས་འགུལ་མེད་པར་རང་ཉིད་ཀྱི་ཉལ་ཁྲིིའི་སྟེང་ཀན་རྐྱལ་དུ་ལོག་ནས་བསྡད་ཡོད།སྐབས་དེར།ངས་གྱང་ངོར་བཀལ་བའི་བྱ་དགའ་དེ་མཐོང་། བལྟས་ཀྱིན་བལྟས་ཀྱིན་དེས་ངའི་ཉམ་ཐག་པ་དང་ཡིད་སྐྱོ་བའི་རྣམ་པར་འཕྱ་སྨོད་བྱེད་པ་དང་འདྲ་ལ།བསམ་གྱིན་བསམ་གྱིན་རང་ཉིད་ཀྱི་མི་དགེ་བ་ཡོད་ཚད་འདིས་བཟོས་པ་མིན་ནམ་སྙམ་བྱུང་།དེར་བསྟུན་ཁོང་ཁྲོ་བཟོད་བརླག་མེད་པ་ཞིག་ལངས་ཤིང་།བྱ་དགའ་དེ་གྱང་ངོས་ནས་མར་བླངས་སྟེ།རྐང་བཅག་བྱས་ཏེ་ཤེལ་སྒྲོམ་ཧྲུག་ཧྲུག་ཏུ་བཏང་ཞིང་ཤོག་ལྷེའང་སིལ་བར་བཤགས་སྟེ་སྙིགས་སྒམ་ཏུ་འཕངས།

    གཉིས་པ། ནད་རྟགས།

    ང་རང་གོག་མ་ནུར་སྒོས་དམའ་གསུམ་ལ་བསླེབས། འོན་ཀྱང་ཕ་མ་དང་དགེ་རྒན་ཚོས་ངའི་རྒྱབ་ཀྱི་ཁུར་བོ་ལྷག་པར་ཇེ་ལྕིར་བཏང་སྟེ།ནམ་རྒྱུན་འབྲིང་རྒྱུགས་ལེན་པར་ལོ་གཅིག་མ་གཏོགས་མི་འདུག་པས།ཁྱོད་ད་དུང་དེ་ལྟར་འདུག་རྒྱུ་ཡིན་ནམ་ཞེས་པའི་ཁ་ཏའི་འགོ་བཟུང་།

    སློབ་སྐབས་གསར་བ་འགོ་ཚུགས་ནས་ཅུང་མ་འགོར་བར།ངས་རང་ཉིད་ཡོངས་སུ་འགྱུར་འདུག་པ་རྟོགས་སྟེ།ནམ་རྒྱུན་སློབ་གྲོགས་ཚོས་སློབ་ཁང་དུ་འུར་ཅུང་ཙམ་བརྒྱབ་ན་ཡང་།སུན་སྣང་སྐྱེས་ཞིང་འཚིག་པ་ཟ་སྲིད། ཐ་ན་རང་ཉིད་ཆེས་དགའ་སའི་སྒྲུང་གཏམ་དང་སྤོ་ལོར་ཡང་སྔོན་ཆད་ལས་ལྡོག་པར་གྱུར།ཁོམ་སྐབས་ཅུང་ཙམ་བྱུང་ཚེ།ལས་དོན་གལ་ཆེན་ཞིག་འགྲུབ་མེད་པ་དང་འདྲ་བའི་འཚུབ་ཆ་སྐྱེས་འོང་ལ། རིག་པའང་ཅུང་ཉོབ་འདུག་པ་འདྲ།སྐབས་རེར་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་པར། རང་གིས་ཤེས་དཀའ་ཞིང་བརྗོད་དེ་ལས་དཀའ་བར་གྱུར།དེ་མིན་དགེ་རྒན་གྱི་དྲི་བར་ལན་ཅི་ཞིག་འདེབས་དགོས་པ་འང་མི་ཤེས་པར་གྱུར། ལྷག་པར་དམའ་གསུམ་རིམ་པའི་སྤོ་ལོ་འགྲན་བསྡུར་ཞིག་སྤེལ། དེ་ནི་དམའ་གསུམ་རིམ་པའི་ཆེས་མཇུག་མཐའི་བྱ་འགུལ་ཡིན་པས།ཨ་མས་ཀྱང་ང་རང་དེར་ཞུགས་སུ་བཅུགས།འོན་ཀྱང་།ངས་ཡུན་རིང་བོར་སྤོ་ལོར་ལག་པས་ཀྱང་རེག་མ་མྱོང་བས།འགྲན་བསྡུར་འགོ་བརྩམས་མ་ཐག་འཚུབ་ཆ་སྐྱེས་ཞིང་།ལག་པ་འདར་ནས་སྤོ་ལོ་དམ་པོར་ཡང་འཛིན་མི་ཐུབ་པར་གྱུར།སྔ་རྗེས་སུ་སྤོ་ལོ་ལྔ་ལྷག་འཕངས་མོད།ཐེངས་གཅིག་ལ་འང་སྐར་མ་ཐོབ་མ་ཐུབ། འགྲན་བསྡུར་བྱས་ནས་སྐར་མ་བཅུ་ལྷག་འདས་པའི་སྐབས།ང་རང་ཐང་ཆད་ནས་མིག་ལམ་རབ་རིབ་ཏུ་གྱུར་ཞིང་མགོ་ཡོམ་འཁོར་ནས་བརྟན་པོར་ལངས་ཀྱང་མི་ཐུབ་པར་གྱུར།མཐར་སློབ་གྲོགས་ཤིག་གིས་སྤོ་ལོ་གཡུགས་པ་དེ།འཛིན་སྐབས་ཤེད་ཀྱིས་མ་འདང་བར་ལག་ནས་ཤོར་ཅིང་།ཐང་ལ་འགྱེལ་ཏེ་ལག་པའི་གྲུ་མོར་རྨ་བཟོས་པས་མུ་མཐུད་དུ་འགྲན་བསྡུར་ལ་ཞུགས་ཐུབ་པར་གྱུར།

    དེ་ནས་བཟུང་།ངས་སློབ་སྤྱོང་ལ་སྔར་ལྟར་འབད་པ་བྱས་ཀྱང་།ང་རང་ཉིད་དང་ཕ་མ། དགེ་རྒན་ཚོའི་ཡིད་ཚིམས་པའི་འབྲས་བུ་ཐོན་མ་ཐུབ་པར་མ་ཟད། རིམས་ཀྱིས་བསླབ་བྱ་གང་ཡིན་ཡང་།ནང་དོན་ལ་མི་བལྟ་བར་བློར་འཛིན་པའི་གོམས་གཤིས་ཤོག་ཆགས་སོང་།འོན་ཀྱང་དགེ་རྒན་གྱི་ངག་དྲིའམ་རྒྱུགས་ཤོག་ཐོག་གི་དྲི་བ་དག་ལ་མཐོང་ཚེ།ཀླད་པ་སྔར་ནས་ཀྱང་སྟོང་བར་འགྱུར་སྲིད།

    ཕ་མ་དང་དགེ་རྒན་ཚོ་ང་ལ་ཡིད་ཆད་པར་མ་ཟད།སློབ་གྲོགས་ཚོའང་ཡིད་ཆད་པ་འམ་ཡིད་མི་ཆེས་པར་གྱུར་ནས།རིམས་ཀྱིས་ང་དང་རྒྱང་གྱེས་བྱེད་འགོ་བརྩམས།ངས་ཕར་ཁོ་ཚོར་ཅི་ཞིག་བཤད་ན་ཡང་།ཨ་ལན་རེ་སྟེར་བ་མ་གཏོགས་ཁ་ཡ་བྱེད་མཁན་མེད་པར་གྱུར། དགེ་རྒན་ཚོས་ཀྱང་སློབ་ཁྲིད་སྐབས་སུ་ང་ལ་དྲི་བ་འདོནཔ་ཕར་ཞོག ཐ་ན་ལས་བྱ་བྲིས་པ་ནོར་བའམ་རྒྱུགས་སྐར་དམའ་ན།སྐྱོན་བརྗོད་ཙམ་ཡང་མི་བྱེད་པར་བཏང་སྙོམས་སུ་འཇོག་སྲིད་པས།ངའི་སྔོན་གྱི་སྤོ་ལོ་རྒྱག་སྐབས་ཀྱི་གྲོགས་པོ་ཚོས་ཀྱང་ང་ལ་ཁ་ཡ་མི་བྱེད་པར་གྱུར་ཏེ། ང་རང་ངེས་པ་དོན་གྱིས་མི་ཁེར་རྐྱང་ཞིག་ཏུ་གྱུར།

    སྐབས་དེར་དག་དག་ལ།ངས་སློབ་གྲོགས་ཚོའི་ཁ་པར་ལས་གླུ་གཞས་སྙན་མོ་ཞིག་ཐོས།ང་རང་ཧ་ལས་པར་གྱུར་བ་ནི། གླུ་གཞས་སྙན་མོ་དེ་ང་རང་གནས་ཚུལ་ལ་སྦྱར་ཏེ་བརྩམས་པ་དང་འདྲ་པས། སྐྱོ་གདུང་གིས་ཁེངས་པའི་ཚིག་དང་གདངས་ཀྱིས་ངའི་མིག་ཆུ་དབང་མེད་དུ་ཤོར་ཏུ་བཅུག

    ཁ་བ་མར་མར་འབབ་དུས།
    བུ་ང་ཡི་བགྲོད་ལམ་བཀག་བྱུང་ཡེ།
    དྲིན་ཆེན་ཕ་མ་གཉིས་ལ།
    ཨོ་དྲན་པའི་ཚིག་གསུམ་བསྐུར་ཡོད།།
    ཉིན་དེར།ངས་ཁྱིམ་ནས་དྲོས་ཇ་འཐུང་ཏེ་ཕྱིར་སློབ་ཁང་དུ་ཐོན་དུས།སློབ་གྲོགས་ཤིག་གི་ཁ་པར་ལས་སྔར་བཞིན་གླུ་གཞས་དེ་གྲགས་ཀྱིན་འདུག དེར་ཉན་བཞིན་ཉནབཞིན་ངའི་མིག་ལམ་ཡུན་གྱིས་རབ་རིབ་ཏུ་གྱུར་ཅིང་།མཚམས་ཤིག་ལ་གཉིད་ལོག་ལྟར་ཅི་ཡིན་མི་ཤེས་པར་གྱུར།དེར་བསྟུན་ནས།རྨི་ལམ་ལྟ་བུའི་མག་མོག་གི་ཞིང་ཁམས་ཤིག་ཏུ་སླེབས། ངེད་ཁྱིམ་ཚང་གང་བོས་སྤང་ཐང་ཞིག་ཏུ་རྩེད་མོ་རྩེ་བཞིན་ཡོད་ལ།ཕ་མ་གཉིས་ཀྱི་འཛུམ་མདངས་ཀྱང་སྙིང་ཉེ་ཤིང་བྱམས་བརྩེས་ཁེངས་པ་ཞིག་རེད།ཡང་མཚམས་ཤིག་ལ།ངས་གྲོགས་པོ་ཚོ་དང་མཉམ་ཏུ་སྤོ་ལོ་རྒྱག་བཞིན་ཡོད་ལ།ངས་སྐར་མ་མང་པོ་བླངས་པས།སློབ་མ་མང་པོས་སྔོན་ཆད་ལྟར་ངའི་མིང་ནས་བོས་ཏེ།ཤུ་རེ་བྱོས། ཤུ་རེ་བྱོས།ཞེས་འུར་རྒྱག་བཞིན་ཡོད། འོན་ཀྱང་ཅུང་མ་འགོར་བར།དེ་དག་ཚང་མ་གར་སོང་ཆ་མེད་དུ་གྱུར་ཅིང་མིག་ལམ་ནག་འཐིབ་བེར་གྱུར་སོང་།

    ངའི་མིག་ལམ་ཡུན་གྱིས་ཇེ་དཀར་དང་ཇེ་གསལ་ནས་དཀར་གསལ་ལེར་གྱུར།མ་གཞི་དེ་ནི་རྨི་ལམ་ཞིག་ཡིན་ཞིང་། ང་རང་ཁང་བ་ཆ་མེད་ཅིག་གི་ནང་ཉལ་ཡོད་ལ། ཉལ་ཁྲིའི་མཐའ་ན་ཕུ་བོ་དང་ལྭ་བ་དཀར་པོ་གྱོན་པའི་བུ་མོ་ཞིག་ཀྱང་ཡོད།ངའི་ལག་མགོར་གནམ་ཁབ་འཛེར་ཡོད་ལ་སྣ་ཁུང་དུའང་སྤུ་གུ་ཞིག་བཙུགས་ཡོད།བུ་མོ་དེས་ང་སད་པ་མཐོང་མ་ཐག སད་བྱུང་། སད་བྱུང་། ཟེར་ནས་སྒོར་བུད་སོང་།ཕུ་བོར་དགའ་སྤྲོ་ཆེན་པོ་ལངས་སྟེ།ངའི་ལག་མགོ་ནས་བཟུང་སྟེ།ཁྱོད་སད་བྱུང་ངམ།མི་བདེ་བ་འདྲ་ཨེ་ཡོད་ཅེས་མཚམས་མ་ཆད་པར་དྲིས། ངས་མགོ་བོ་གཡུགས་ཙམ་བྱས་པ་ན།ཁོས་དེ་ན་བཟང་གི དེ་ན་བཟང་གི ཞེས་བཟློས་བཞིན་ངའི་ལག་མགོར་འཕུར་འཕུར་བྱས།

    དེ་ནས་ལྭ་བ་དཀར་པོ་གྱོན་པའི་སྨན་པ་ཞིག་ཡོང་ནས།ངའི་མིག་ཤ་འཐེན་ཏེ་བལྟ་ཙམ་བྱས་པ་དང་།ཁ་གདངས་སུ་བཅུག་ནས་ལྕེ་ཐོག་ལ་བལྟ་ཙམ་བྱས་རྗེས།་ཕུ་བོར་བལྟས་ནས། སྐྱོན་མི་འདུག འཚོ་བཅུད་ཀྱིས་མ་འདང་བ་དང་ཀླད་པ་ཐང་ཆད་དྲག་ཡོད།སྨན་ཁང་ནས་བུད་རྗེས་ངལ་གསོ་བཟང་བོ་ཞིག་བྱོས་ཞེས་བཤད་རྗེས། ཕྱིར་བུདསོང་།

    སྨན་པ་སོང་རྗེས།ཕུ་བོས་ང་ལ་ཟ་མ་ཞིག་སྟེར་ཞོར་དུ།ང་རང་སློབ་ཁང་ནས་བརྒྱལ་ཚུལ་དང་། རྫོང་སྨན་ཁང་དུ་བསྐྱལ་ཡང་མ་སད་པས་ཁུལ་ཐོག་ཏུ་བསྐྱལ་ཡོང་ཚུལ་དང་།སྨན་ཁང་འདི་ནས་ཀྱང་ཉིན་གཅིག་ལྷག་ལ་མ་སད་ཚུལ་སོགས།མཐོ་རྒྱུགས་ལ་ལན་འདེབས་པ་ལྟར། གསལ་བོ་མིན་པ་རྣམས་ནན་གྱིས་རྗེས་དྲན་བྱས་ཏེ་གསལ་བོར་བཤད་ཨེ་ཐུབ་པར་འབད་པ་བྱས།

    ང་རང་སད་ནས་ཆུ་ཚོད་གསུམ་བཞི་ཙམ་ཕྱིན་ཡང་།ཕ་མ་གཉིས་ཀྱི་གྲིབ་མ་ཙམ་ཡང་མ་མཐོང་བས།ཕུ་བོར་རྒྱུ་མཚན་དྲིས།ཕུ་བོའང་ཅུང་དོགས་མི་བདེ་བར་གྱུར་ཅིང་། ཨ་ཕར་བྱ་བ་བྲེལ་བ་ཆེ་བས་ཡོང་ཁོམ་མ་བྱུང་བ་དང་།ཨ་མ་ཡང་སློབ་གྲྭའི་ནང་དོན་དག་གལ་ཆེན་ཡོད་པས།ད་ནངས་ཕྱིར་བུད་སོང་ཚུལ་སོགས་བཤད། ངའི་སེམས་སྡུག་པར་དོགས་ནས། སང་ཉིན་ཁོང་གཉིས་ཁྱོད་ལ་བལྟ་རུ་ཡོང་ངེས་ཡིན་ཞེས་ཡང་ཡང་བཤད། ངས་ཀྱང་དེར་སྐྱོན་མེད་པའི་ཚུལ་དུ་མགོ་བོ་ནང་དུ་གུག་གུག་བྱས་སྟེ་བརྡ་བསྟན་མོད།ཅི་ཡིན་མི་ཤེས་པར་སེམས་ཁོངས་འཁྱག་སིབ་སིབ་ཏུ་གྱུར།

    དོན་དེ་ང་རང་བརྒྱལ་ནས་སད་པའི་ཕྱི་ཉིན་བྱུང་བ་ཡིན། ཉིན་དེར་ངས་རང་ཉིད་ལ་ནད་ཅི་ཞིག་བྱུང་ཡོད་པ་རྟོགས་མ་ཐུབ་ལ།སྨན་པས་ཀྱང་རྟོགས་མ་ཐུབ་པར་གྱུར་སྙམ་སོང་།

    ཉིན་གུང་གི་སྐབས།ཕུ་བོ་སྒོར་སོང་ནས་ཕྱིར་ཐོན་དུས་གདོང་ལ་འཛུམ་གྱིས་ཁེངས་ཡོད། ཁོས་སྒོ་ཕྱེ་རྗེས་ང་ལ། ཁྱོད་ཀྱིས་ལྟོས་དང་སུ་ཐོན་ཞེས་དྲིས། ངས་སྔ་བཞིན་ཁོས་ཀུ་རེ་རྩེད་བཞིན་ཡོད་སྙམ་ནས་ཁ་ཡ་མ་བྱས། འོན་ཀྱང་ཁོའི་རྣམ་འགྱུར་ལ་བལྟས་ན་ཀུ་རེ་མིན་པ་དང་མཚུངས།རྐུབ་སྟེགས་གཉིས་ཁྱེར་ཡོང་ནས། ཁྱོད་གཉིས་ཀ་འདི་ནས་སྡོད་ཟེར་ཞོར་དུ། ཨ་མས་ཁྱོད་ཅི་འདྲ་རེད་ཅེས་འདྲི་བཞིན་པ་མི་ཐོས་སམ་ཞེས་འཚུབ་ཆ་ལངས། འོན་ཀྱང་ངས་ཅི་ལྟར་བལྟས་ཀྱང་།ཕུ་བོ་མ་གཏོགས་སུ་ཡང་མཐོང་མ་ཐུབ།ངས་ཕུ་བོར་ཁོང་གཉིས་གང་དུ་ཡོབ་ཅེས་འདྲི་སྐབས།ཁོ་རང་ཁོ་ཧ་ལས་སོང་། ཁོའི་འཚུབ་ཆ་ཇེ་ཆེར་གྱུར་ཞིང་།ངའི་ལག་མགོ་ནས་བཟུང་ཏེ།དྲང་མོར་ཤོད་དང་།ཁྱོད་ཀྱིས་ཁོ་གཉིས་མི་མཐོང་ངམ་ཞེས་དྲིས། ངས་རང་ཉིད་ཀྱིས་ཁོ་མ་གཏོགས་ཅི་ཡང་མི་མཐོང་ཚུལ་བཤད་དུས།ཁོ་ཕལ་ཆེར་ངུ་ལ་ཁད་དུ་གྱུར་ནས།ངའི་ཕྲག་པ་ནས་སྤྲུག་སྤྲུག་བྱེད་བཞིན་རྫུན་མ་བཤད་ཅེས་ཡང་དང་ཡང་དི་བཤད།ངས་རྫུན་མིན་ཚུལ་བཤད་པ་ན།ཁོས་ངུ་ཞོར་དུ་ཨ་ཕ། ཁྱོད་སོང་ནས་སྨན་པ་བོས་ཞེས་ནན་སྐུལ་བྱས། སྐབས་དེའི་ཚོར་བ་ནི་དངོས་གནས་བཤད་མི་ཤེས་ཞིག་རེད། ང་རང་གིས་ཤེས་པ་ནི་རང་གི་མིག་ཆུ་དེ་འགོག་ཐབས་མེད་པར་ཞག་གང་བོར་བཞུར་བ་དེ་རེད། ཕུ་བོས་ངའི་ལག་མགོར་འཇུ་ནས།ངུ་ཞོར་ཏུ་ཁྱོད་ཀྱི་སེམས་མ་སྡུག་དང་།ང་ཚོས་སྨན་བཅོས་བྱས་ཆོག་ཅེས་སེསམ་གསོ་ཡང་ཡང་བྱས། འོན་ཀྱང་དེ་ནསབཟུང་།ངས་རང་གི་ཕ་མ་གཉིས་མཐོང་ཐབས་མ་བྱུང་ལ། དབང་མེད་དུ་བྱིས་པའི་དུས་སུ་ཁོང་གཉིས་ཀྱིས་ངའི་ལག་པ་གཡས་གཡོན་ནས་འཇུས་ཏེ་རྩེད་མོ་རྩེ་བའི་རྣམ་པ་སོགས་དག་དྲན་བྱུང་།

    ཡིད་སྐྱོ་བའི་ཟློས་གར་ད་དུང་མཇུག་མ་རྫོགས།

    ང་རང་སྨན་ཁང་ནས་བུད་རྗེས་ཀྱི་ཉིན་ལྔ་བར་ཕྱིར་སློབ་གྲྭར་ལོག དཔེ་ཁུག་སྙིང་བར་དཔེ་ཆ་འགའ་བཅུག་ནས་སློབ་ཁང་གི་སྒོ་ཁར་ཐོན་དུས།ངའི་སྙིང་དེ་སྟིག་སྟིག་ལྡིང་བཞིན་ཡོད་ལ།སྒྱིད་པའང་འདར་ལྕུག་ལྕུག་བྱེད་བཞིན་ཡོད།སློབ་ཁང་སྒོ་ཡུན་གྱིས་ཕྱེ་སྟེ་བལྟས་པ་ན། ལས་བཟང་བ་ནི་དགེ་རྒན་དང་སློབ་གྲོགས་ཚོ་བདེ་ལེགས་ངང་མཐོང་།ང་རང་ཡང་དགའ་དྲག་སྟེ།ཁ་ནང་ལ་ཐོན་ལ་ཉེ་པའི་སྙིང་དེ་མར་འབབ་ཏུ་བཅུག་རྗེས།སྐད་གདངས་ཅུང་མཐོན་པོས་ཡར་ཞུ་ཞེས་བོས་རྗེས།དགེ་རྒན་གྱིས་ནང་དུ་ཤོག་ཟེར་བར་སྒུག་ནས་བསྡད།འོན་ཀྱང་གྲགས་འགུལ་ཅི་ཡང་མ་བྱུང་བས།ངས་མ་གོ་བ་རེད་སྙམ་ནས་ཡང་བསྐྱར་ཐེངས་གཅིག་འབོད་བསམ་དུས།སློབ་ཁྲིད་གྲོལ་བརྡ་གྲགས་བྱུང་། ཅུང་མ་འགོར་བར་དགེ་རྒན་སྒོར་ཐོན། འོན་ཀྱང་ཁོས་ང་མ་མཐོང་བར་མ་ཟད།ངས་ཁོ་ལ་ལམ་ཀྱང་འབྱེད་མ་དགོས་པར་མཁའ་རླུང་ནང་ལག་པ་བསྲིངས་བ་ལྟར།ངའི་ལུས་ཀྱི་བར་གསེང་ཞིག་ལ་སིམ་པ་ལྟར་བུད་སོང་། ང་ཧ་ལས་ཏེ།དགེ་རྒན་གྱི་རྒྱབ་གཟུགས་ལ་ཅེར་བསྡད་སྐབས།སློབ་གྲོགས་ཚོ་ཡང་སྒོར་ཐོན།ཁོ་ཚོའང་རེ་རེ་བཞིན་ཐོག་རེག་ཅི་ཡང་མེད་པར་ངའི་ལུས་པོ་བརྒྱུད་ནས་བུད་སོང་། ངས་ཁོ་ཚོ་བཟུང་ཡང་མི་ཟིན་པར་མ་ཟད།སྐད་བརྒྱབ་ཀྱང་མ་ཐོས་པར་གྱུར།ཡུན་གྱིས་ངས་གསལ་བོར་ཤེས་སོང་།ངས་ཕ་མ་གཉིས་ཀ་མཐོང་མི་ཐུབ་པ་ལྟར།ཁོ་ཚོས་ཀྱང་ང་རང་མཐོང་མི་ཐུབ་པར་གྱུར་ཡོད།

    དེ་ནས་བཟུང་།ང་རམ་འཛིན་གྲྭར་ཡོད་ཀྱང་མི་ཤེས་ལ་མེད་ཀྱང་མི་ཤེས་པ་ཞིག་ཏུ་གྱུར།

    གསུམ། དོར་ཐབས་མེད་པའི་གྲིབ་གཟུགས།

    རང་ཉིད་དེ་ལྟར་ཁེར་རྐྱང་དུ་གྱུར་རྗེས། སློབ་གྲོགས་ཚོ་མཉམ་ཏུ་འགྲོགས་ཏེ་འགྲོ་བ་དང་།ཕན་ཚུན་རྩེད་མོ་སྣ་ཚོགས་རྩེ་བ་མཐོང་བ་ནི་སེབས་ཀྱི་མནར་གཅོད་ཅིག་ཡིན་ལ། འདས་ཟིན་པའི་སྐྱིད་སྡུག་གི་བྱ་བ་སྣ་ཚོགས། དྲན་པའི་ཡོལ་རས་ངོས་སུ་ཤར་དུས།ལྷག་པར་བཟོད་ཐབས་མེད་པར་གྱུར་སོང་།

    ནམ་རྒྱུན་སློབ་ཁང་དུ་ཐོན་པ་ན།སློབ་གྲོགས་ཚོའི་འཛུམ་མདངས་དང་དགོད་སྒྲ་ལ་ཡིད་སྨོན་ཤོར་ནས། མིག་ཆུ་དབང་མེད་དུ་བཞུར་འགྲོ་མོད།འོན་ཀྱང་དེར་སུས་ཀྱང་མཐོང་ཐབས་བྲལ།སྒོས་སུ་ཨ་མས་བཏང་སྙོམས་སུ་བཞག་ཅིང་། དགེ་རྒན་ཚོས་ཀྱང་ཁ་ཡ་ཅི་ཡང་མི་བྱེད་ལ། སློབ་གྲྭ་གྲོལ་ནས་ཁྱིམ་ལ་ལོག་ཀྱང་ཕ་མ་གཉིས་ཀ་མཐོང་མི་ཐུབ་ལ།ཕུ་བོ་སྔར་ནས་ཕྱིར་གྲོང་ཁྱེར་དུ་ལོག་ཟིན་པས།ཁང་སྟོང་དེ་ནང་གི་སྡོད་མཁན་ང་གཅིག་པུར་གྱུར། ནམ་རྒྱུན་རང་གི་ཉལ་ཁང་དུ་འཛུལ་ནས་སྟོང་འདང་རྒྱག་པ་དང་།ཆུང་དུས་ཕ་མ་དང་མཉམ་ཏུ་བླངས་པའི་འདྲ་པར་ལ་བལྟས་ཏེ་ཉི་མ་གཏོང་ཐབས་བྱས།

    བལྟས་བལྟས་རིག་རིག་ལ་འབྲིང་རྒྱུགས་ལེན་པར་ཟླ་གཅིག་ཙམ་ལས་མེད་པའི་མཚམས་སུ་བསླེབས།སློབ་གྲོགས་ཚང་མས་བསྐྱར་སྤྱོང་བྱས་ནས་ཟང་ཟིང་ལང་ལོང་བྱེད་ཡོད་མོད། ངའི་ཕ་མ་གཉིས་ཀྱིས་ཀྱང་ཕུ་བོ་བརྒྱུད་ནས་བསྐྱར་སྤྱོང་ལེགས་པོ་ཞིག་བྱས་ཏེ་རྒྱུགས་ལེགས་པོ་ཞིག་སྤྲོད་དགོས་པར་སྐུལ་མ་བཏང་། འོན་ཀྱང་ངའི་ཀླད་པར་སྨུག་ལྟ་བུ་ཞིག་འཐིབས་ཏེ།སྔོན་ཆད་བསླབས་པ་རྣམས་གསལ་བོར་མི་དྲན་ལ།བསྐྱར་སྤྱོང་བྱེད་པའི་འདུན་པའང་མེད་པར་གཞའ་ས་ཞིག་བཙལ་ཏེ། སུས་ཀྱང་མི་མཐོང་ཞིང་ཅི་ཡང་མི་མཐོང་བར་ཁ་རོག་ངང་སྐུང་ནས་འདུག་པའི་འདོད་པ་ཞིག་སྐྱེས་བྱུང་།

    རྒྱུ་མཚན་ནི་ལོ་གཉིས་ལྷག་གི་ཀྱག་ཀྱོག་གི་ལོ་ཟླའི་ཁྲོད།ངས་ཕམ་ཁ་ཉོས་པ་གྲངས་མེད་ལ།ང་ལ་མནར་གཅོད་བཏང་བའང་གྲངས་མེད་པས།རྙོག་འཛིང་གི་འཚོ་བ་འདིར་སུན་སྣང་སྐྱེས་ཞིང་། མ་འོངས་བར་གཏོང་པའི་རེ་བའང་མེད་པར་གྱུར།

    འབྲིང་རྒྱུགས་ལེན་པར་ཉིན་བཅུ་ཙམ་ལས་མེད་དུས།་ངས་གཞི་ནས་གཞའ་ས་ལེགས་པོ་ཞིག་རྙེད་བྱུང་།

    དེ་ནི་ངའི་ཨ་མྱེས་མཐོ་རིས་པོ་གཤེགས་མེད་པའི་སྐབས་ཤིག་སྟེ།ཧ་ལམ་ང་རང་སློབ་ཆུང་གི་ལོ་རིམ་ལྔ་བའི་དུས་ཙང་ཡིན་སྙམ།ལོ་དེའི་དགུན་གནང་སྐབས་སུ།ཁོང་གིས་ང་ཁྲིད་དེ་རི་ཁྲོད་ཀྱི་དགོན་པ་ཆུང་ཆུང་ཞིག་ལ་མཇལ་སྐོར་ཏུ་ཕྱིན།མ་གཞི་དེ་ནི་ཁོང་སྔོན་ཆད་འདུག་སའི་དགོན་པ་ཡིན།ངའི་ཨ་མྱེས་རིག་གསར་སྔོན་དུ་གྲྭ་པ་ཡིན་ལ།དེ་ན་ལོ་ཚོད་ངའི་ཨ་ཕ་ལས་ཅུང་ཆེ་བའི་གྲྭ་པ་ཞིག་ཡོད་ལ། ཁོང་ནི་ཨ་མྱེས་ཀྱི་དགེ་ཕྲུག་ཞིག་ཡིན།གྲྭ་པ་དེས་ང་རང་ལ་གྲྭ་པ་བྱེད་འདོད་ཡོད་མེད་དྲིས་བྱུང་། སྐབས་དེར་ངས་བློ་ཐག་རྦད་ཆོད་སྒོས་མེད་ཅེས་ལན་བཏབ་མོད།འོན་ཀྱང་ད་ལྟ་དེ་ནི་ལས་ལེགས་པའི་གཞའ་ས་ཞིག་ཏུ་གྱུར།

    ངས་བློ་ཐད་བཅད་དེ་ཁྱིམ་དང་བྲལ་བའི་ཉིན་དེར།ཕ་མ་གཉིས་ལ་ཡི་གེ་ཞིག་བསྐྱུར་ཀྱང་ཡོད།སྐབས་དེར་ཁོང་གཉིས་ཀས་ང་མཐོང་ཡོད་ཀྱང་སྲིད་མོད་། འོན་ཀྱང་ངས་སྔར་བཞིན་ཁོང་ཀའི་གྲིབ་མ་ཙམ་ཡང་ མ་མཐོང་།ངས་གླ་གཏོང་རླངས་འཁོར་ཞིག་གླས་ཏེ་ལམ་ཏུ་ཞུགས་སྐབས།མིག་ཆུ་ཤར་ཤར་ཏུ་བབ་ཅིང་། སེམས་སུ་དགའ་མིན་སྐྱོ་མིན་གྱི་སྣང་བ་ཞིག་གིས་དམ་པོར་བཅིངས་སོང་།

    མཇུག་གི་ཞུ་བ།

    སྟོན་མཇུག་གི་རླུང་བུ་འཁྱག་སིབ་སིབ།ས་མཐོའི་རི་ཁར་དེ་བས་ཀྱང་འཁྱག་སིབ་སིབ།ངས་རང་གི་གདོང་གི་མིག་ཆུ་ཕྱི་བར་བསྟུན་ནས།ཕར་གྲོང་རྡལ་ལ་འགྲོ་དགོས་སམ་ཕྱིར་དགོན་པར་ལོག་དགོས་པའི་བར་ན། གཟུགས་མེད་ཀྱི་ཕ་བོང་ཆེན་པོ་ཞིག་གིས་བཀག།

མཚོ་ལྷོ་མི་རིགས་སློབ་འབྲིང་གཉིས་པ།

    ༢༠༡༢.༡༢.༠༧ཉིན་བཅོས།  ༢༠༡༣.༠༦.༠༥ཉིན་ཡང་བསྐྱར་བཅོས།    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག