མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

ས་སྲོས་ཤིག་གི་དྲན་ཐོ།

རྩོམ་པ་པོ། རེང་བུ  ཡོང་ཁུངས། མཚོ་ལྷོ་མི་རིགས་མཐོ་འབྲིང་གཉིས་པ།  2013-09-26 10:19

འཐོར་རླུང་ཕྱག་གིས་སྡོང་ལོ་ལྕིག་ལྕིག་སྒུལ།།
ལྗང་ལོ་ཁྱུ་གཅིག་ལམ་གྱི་གཞོངས་སུ་འགྲིལ།།
འཁོར་ལོས་འཐག་པའི་རྡུལ་ཟགས་ཚམ་ཚོམ་ཞིག།
མཚམས་དང་མཚམས་སུ་སྐྱོ་བའི་སེམས་དང་སྡེབ།།

རྒྱག་ཤ་འཁུར་བའི་སྙེ་མའི་ཕོན་པོ་དག།
རླུང་གིས་བརྡེགས་པས་རྒྱ་མཚོའི་རླབས་བཞིན་གཡོ།།
ས་ཡིས་ཚོགས་པའི་གཞིས་ཁང་སྐྱ་བོ་རུ།།
ནད་ཀྱིས་བཟུང་བའི་དུ་བ་འཐེང་བོ་ཞིག།

མགོ་དཀྲིས་དམར་པོ་རླུང་གིས་ལྷབ་ལྷུབ་སྒུལ།།
མིག་ལ་གཉུག་གཤིས་ཤིག་གི་མཆི་མ་འཁོར།།
ཡིད་ལ་རེ་བཞག་ཅིག་གི་ལྷག་མ་འཛིན།།
རོང་མོ་དར་མ་ཞིག་གི་གཟུགས་རྣམ་རྒྱུ།།

སྦག་སྦག་འཁོར་ལོས་ལྷང་འཇགས་ཧྲག་ཧྲུག་བརྡལ།།
ར་མ་ཁྱུ་གཅིག་གྲོང་མཐའི་ལྷག་མ་འཆའ་།།
སྔོ་ཚལ་འཚོང་བའི་རྒྱ་རིགས་བུད་མེད་དེས།།
ཕྱོགས་འདིའི་འབྲོག་རྒན་སྐོར་ཞིག་འགུག་ལ་བྲེལ།།

ག་ནས་མཆེད་པ་ང་ལ་ལྐོག་གྱུར་གྱི།།
ཁྱི་སྐད་འཛེར་བོ་ཞིག་ཀྱང་རྣ་བར་ལྷུང་།།
ས་སྲོས་འདི་ཡི་ནམ་མཁའ་སྟུག་ས་རུ།།
ང་ལ་གཉིད་རྨུགས་ཤིག་གི་འཇབ་རྒོལ་ཐེབས།།

གཞིས་ཁང་སྟར་དུ་བསྒྲིགས་པའི་ཁྲོམ་གོག་འདིར།།
སྔོ་ཚལ་སྣུམ་གསུར་ཞིག་གི་དྲི་མ་འཐིལ།།
པྲ་ཆལ་བྱིས་པ་སྐོར་ཞིག་འུར་གྱུ་ལེར།།
ས་སྲོས་འདི་ཡི་མུན་པ་ཁད་ཀྱིས་འོང་།།

རྒྱུག་ཆུ་ཤག་ཤག་བརྡོལ་བའི་གྲམ་པ་རུ།།
ཤིང་ལེབ་སྐྱ་གཅིག་བསྒྲིགས་པའི་རྐང་ལམ་ཞིག།
ཟླ་བའི་འོད་ཐིགས་ཆུ་རུ་ཀྱུག་ཀྱུག་བྱེད།།
བོང་བུས་སྔོ་རྩྭ་ལྡོད་པ་དལ་གྱིས་གོ།

ཁོལ་བའི་ཆུ་ལ་ཤིང་གི་ལོ་མ་འདེབས།།
བོངས་ཚོད་རགས་པའི་རྗེན་གོར་མདུན་དུ་བརྩེགས།།
སྔོར་མ་ཚོམ་བུ་ཆུ་ཡིས་འཚོད་པར་བྱེད།།
འཚོ་བ་འདི་ལ་བདག་གིས་ལན་གཅིག་འཐུང་།།

ཕག་ཤ་སྐམ་པོར་དུས་ཀྱི་བམ་རྩི་ཆགས།།
ས་ཡི་ཐབ་ལ་ནས་ཀྱི་གང་བུ་འབུད།།
དྲེག་པ་སྟུག་པོས་གནམ་གཅལ་མོག་པོར་སྒྲིབ།།
ཆུ་གློག་སེར་བོའི་ཁ་ཏོག་ཁད་ཀྱིས་ཞུ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག