མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- འཕྲིན་ཐུང་།

སྔར་ཡོད་མ་མྱོང་བའི་ཚོར་སྣང་།

རྩོམ་པ་པོ། གདུགས་དཀར་ཚེ་རིང་།  ཡོང་ཁུངས། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་རྨ་བྱང་ཞང་།  2013-09-26 09:34

    སློབ་གྲྭ་རེ་རེའི་སྒོ་ཐེམ་བརྒྱུད་དུས་ཚོར་སྣང་འདི་མ་རྙེད་ལ།།ལས་ཁུངས་སོ་སོའི་སྒོ་ལྒིགས་རྡུང་དུས་ཚོར་སྣང་འདི་མ་རྟོགས།།

    མི་ལོ་ཉི་ཤུར་རྫོགས་ཚིག་འབྲི་ལ་ཉེ་བའི་སྐབས་འདིར།སྔོན་ཆད་ཚོར་མ་མྱོང་བའི་ཚོར་སྣང་ཞིག་གིས་གཏན་དུ་བཟི་སོང་ལ། བཟི་བཞིན་པའི་བདག་མུ་མཐུད་དུ་བཟི་དགོས་སམ། ཡང་ན་སད་རན་འདུག འདི་ལྟར་བཟི་བཞིན་པ།རང་གི་བདེ་སྐྱིད་དུ་སྒོམ་དགོས་སམ། ཡང་ན་སྡུག་བསྔལ་དུ་སྒོམ་དགོས། འཇིག་རྟེན་འདིའི་ཡོད་ཚད་རྟེན་དང་རྟེན་འབྱུང་གིས་གྲུབ་ཡོད་ན། ས་སྒང་འདིའི་ཡོད་དོ་ཅོག་རྒྱུ་དང་འབྲས་བུར་རག་ལས་ན། ད་ལྟ་ངས་བསགས་བཞིན་པའི་རྒྱུར་འབྲས་བུ་ཡོད་སྲིད་དམ། ལྗང་མདོག་གི་རྨི་ལམ་སྒོམ་པའི་ང་ལ་མཚོན་ན།རང་གི་སྐྱེ་བ་སྔོན་མས་གནང་བའི་ལས་སྐལ་ནི་བདེ་བར་བསམ་དགོས་སམ།ཡང་ན་སྡུག་བསྔལ་དུ་སྒོམ་དགོས། འཁོར་བའི་ཡོད་དོ་ཅོག་རྒྱུ་དང་འབྲས་བུ་ལས་བྱུང་ན། མི་ཚེའི་དོན་སྙིང་རྒྱུ་འབྲས་བརྩི་མིན་ལ་རག་ལས་ན། ད་ལྟ་ངས་བསགས་བཞིན་པ་རྒྱུ་འབྲས་ཡིན་ནམ།

    གང་ལྟར་འདྲི་གཞི་གང་མང་གི་ཁྲོད་ན་མགོ་བོ་རྨོངས་པའི་ང་རང་ལ། ལམ་ཡང་དག་ཅིག་སྟོན་པའི་དེད་དཔོན་ཞིག་ཡོད་ན་ཅི་མ་རུང་། འཇིག་རྟེན་འདིའི་ཡོད་ཚད་ལ་དོགས་སློང་སྐྱེ་བཞིན་པའི་ང་ལ། བདེན་རྫུན་གང་ཡིན་བརྡར་ཤ་གཅོད་པའི་མཐུ་ཅན་ཞིག་ཡོད་ན་ཅི་མ་རུང་། འཁོར་བའི་ཀློང་ན་མགོ་བོ་འཐོམས་པའི་ང་ལ།ཁ་ཕྱོགས་སྟོན་པའི་རྩིས་པ་ཞིག་ཡོད་ན་ཅི་མ་རུང་།གྲུ་ཟུར་འདི་ན་ཅི་བྱ་གཏོལ་མེད་དུ་གྱུར་བའི་ང་ལ། གང་ཡིན་གསལ་བོར་སྟོན་པའི་མོ་བ་ཞིག་ཡོད་ན་ཅི་མ་རུང་།

    འདི་ལྟར་ཚོར་སྣང་ཞིག་གིས་ང་གཏན་དུ་བཟི་ཞིང་།འདི་ལྟར་ཁ་ཕྱོགས་ནོར་སོང་བས།ངས་ནོར་བཞིན་པའི་ཁ་ཕྱོགས་འཚོལ་དགོས་ན།གང་ཞིག་ནས་འགོ་རྩོམ་དགོས་ཤིང་། གང་ཞིག་ནས་མཇུག་བསྡུ་དགོས། སྔོན་བསགས་ཀྱི་ལས་དབང་ཡ། འདི་ནི་སྐྱེ་སྔོན་གྱི་ཚོགས་ལ་རག་ལས་སམ། ཡང་ན་སྐྱེ་བ་འདིའི་ལས་དབང་ལ་རག་ལས། དེ་བས།ངའི་འཚོལ་འདོད་པ་ནི་ཡང་དག་པའི་ལམ་ཞིག་དང་། ནམ་ཡང་བཞུད་ཆོག་ཆོག་གི་ལམ་ཞིག་ལས།ནོར་སླ་བའི་ལམ་ཞིག་དང་།དེ་རིང་སོང་ཆོག་ཡང་།སང་ཉིན་འགྲོད་པར་དཀའ་བའི་ལམ་ཞིག་མིན་པས། ཀྱེ་ཀྱེ བུ་ངའི་བློ་རྩེ་གཏོད་སའི་རྩ་བའི་བླ་མ་ཡ། ཀྱེ་ཀྱེ བུ་ངའི་སྐྱབས་གནས་དམ་པ་བསླུ་མེད་དཀོན་མཆོག་རྣམ་གསུམ་ཡ། སྟོང་བའི་དབྱིངས་རིམ་ནས་བདག་ལ་ཕྱོགས་སྟོན་གྱི་སྒྲོན་མེ་ཞིག་སྒྲོན་རོགས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག