མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- དཔྱད་བརྗོད།

བོད་ཡུལ་ནགས་ཚལ་གྱི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།

རྩོམ་པ་པོ། རྩེ་གཞུང་སྐལ་བཟང་འབུམ།  ཡོང་ཁུངས། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་།  2013-09-25 14:19

    ནང་དོན་གནད་བསྡུས།དཔྱད་རྩོམ་འདིར་བོད་མདོ་དབུས་མཐོ་སྒང་གི་ལྗོན་ཤིང་དང་ནགས་ཚལ་གྱི་ཁོར་ཡུག་དང་དེར་བརྟེན་པའི་སྐྱེ་དངོས་སྣ་ཚོགས། ད་ལྟར་ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆུང་དང་ས་ནག་བྱེ་ཐང་དུ་འགྲོ་རྐྱེན། ནགས་ཚལ་ལ་བཙོག་བཟོ་ཐེབས་ཚུལ་དང་སྲུང་སྐྱོབ་བྱ་དགོས་ཚུལ། བོད་མི་རིགས་ལ་ནགས་ཚལ་སོགས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ཕྱོགས་ནས།བསམ་བློ་འདུ་ཤེས་དང་གོམས་སྲོལ་ཡག་པོ་གང་འདྲ་ཡོད་ཚུལ་སོགས་རགས་ཙམ་བརྗོད་ཡོད ། །

    བརྡ་ཆད་གཙོ་བོ།བོད་མདོ་དབུས་མཐོ་སྒང་། ནགས་ཚལ། ཁོར་ཡུག་སྲུང་སྐྱོབ ། །

    སའི་གོ་ལའི་སྐམ་སར་ཤིང་སྡོང་མང་པོ་སྐྱེས་ཡོད་པའི་གནས་ལ་ང་ཚོས་ནགས་ཚལ་ཟེར །  ལོ་རེའི་སྟོན་ཀར་གནམ་གཤིས་ཇེ་འཁྱག་ཏུ་སོང་ན།སྡོང་བོའི་ལོ་མ་སར་ལྷུང་ཞིང་དཔྱིད་ཀར་གནམ་གཤིས་ཇེ་དྲོར་སོང་ན།སྡོང་ལོ་གསར་བ་ཡང་བསྐྱར་འབུས་བ་ཡིན ། །

    ད་ལྟ་སྐམ་ས་ཆེན་པོའི་གསུམ་ཆའི་གཅིག་ནི་ལྗང་མདོག་གི་ནགས་ཚལ་ཀྱིས་ཁེབས་ཡོད།ནགས་ཚལ་གྱིས་རང་བྱུང་ཁམས་ཀྱི་མི་གཙང་དྲི་ངན་སེལ་ཐུབ་ལ་ཐལ་རྡུལ་ངན་པ་འགོག་ཐུབ་ཅིང་།ཁོར་ཡུག་ལ་དབྱང་དབུགས་མང་པོ་གཏོང་ཐུབ་པས།ཚན་རིག་པས་ནགས་ཚལ་གྱི་མིང་གཞན་ལ་མཁའ་དབུགས་གཙང་སེལ་འཕྲུལ་ཆས་དང་སའི་གོ་ལའི་གློ་བ་ཞེས་ཀྱང་འབོད ། །

    ནགས་ཚལ་ནི་སྐྱེ་དངོས་སྣ་ཚོགས་ཀྱི་རིགས་རྒྱུད་སྤེལ་བྱེད་ཀྱི་རྒྱུད་རྒྱུའི་བང་མཛོད་དང་འདྲ་བར་ས་སྟེང་གི་རྩི་ཤིང་དང་སྲོག་ཆགས་མང་ཆེ་བ་དེར་འཚོ་བཞིན་ཡོད ། ང་ཚོ་མིའི་རིགས་ཀྱི་འཚོ་བའི་ནང་རྒྱུན་བཀོལ་གྱི་ཤིང་ཆ་དང་རྒྱུ་ཆ་སྣ་ཚོགས་ཀྱང་ནགས་ཚལ་གྱིས་་འདོན་སྤྲོད་བྱས་པར་མ་ཟད། ད་དུང་ཞིམ་མངར་གྱི་ཤིང་འབྲས་སིལ་ཏོག་བགྲང་གིས་མི་ལངས་བ་མཁོ་འདོན་བྱེད་བཞིན་ཡོད་དོ། །

    ནགས་ཚལ་འཛམ་གླིང་གི་གླིང་ཆེན་སོ་སོར་ཡོད་པ་དང་།ནགས་ཚལ་གྱི་རྩི་ཤིང་མང་ཆེ་བ་ནི་ཤིང་

    སྡོང་མཐོན་པོ་རིགས་ཡིན་ཞིང་སྡོང་ཕྲན་ཐུང་ཐུང་དང་རྩྭ་རིགས་རྩི་ཤིང་ཡང་འདུས་ཡོད ། དེ་མིན་ནགས་ཚལ་དུ་འཚོ་བའི་རི་དྭགས་གཅན་གཟན་དང་འདབ་ཆགས་བྱ་ཡི་རིགས་ཀྱང་ཧ་ཅང་མང་ལ་ཁོར་ཡུག་གི་གྲུབ་ཚུལ་ཡང་སྣ་འཛོམས་ཅན་ཞིག་ཡིན། །

    མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་རྩ་འཛུགས་ཀྱིས་2000ལོར་འཛམ་གླིང་གི་གླིང་ཆེན་སོ་སོའི་ནགས་ཚལ་གྱི་རྒྱ་ཁྱོན་ལ་ཚོད་རྩིས་བྱས་པའི་རེའུ་མིག་ལྟར་ན།

    གླིང

    2000ལོའི་རྒྱ་ན/100ཁྲིhm2

    ནགས་ཚལ་གྱི་སའི་རྒྱ་ཁྱོན/%

    འཛམ་གླིང་ཡོངས

    3870

    28

    ཨ་ཧྥེ་རི་ཁ

    650

    21

    ཨ་ཤེ་ཡ

    548

    17

    རྒྱ་མཚོ་ཆེན་པོའི་གླིང

    198

    23

    མེ་གླིང་ལྷོ་མ

    886

    50

   མེ་གླིང་བྱང་དང་བར་མ

    549

    24

    ཡོ་རོབ་གླིང།ཨུ་རུ་སུ

    1039

    21

    ནགས་ཚལ་ནི་སའི་གོ་ལའི་སྐམ་སའི་སྐྱེ་ཁམས་ཁོར་ཡུག་ཆེས་ཆེ་བ་ཡིན་པས།ས་ཁམས་རིག་པ་དང་སྐྱེ་དངོས་རིག་པར།ནང་ནགས་ཚལ་སྤྱིའི་ཁྱད་རྟགས་དང་ཁྱབ་སྟངས་ལྟར་རིགས་དབྱེ་ན།ལོ་མ་ཁབ་དབྱིབས་ཅན་གྱི་ནགས་ཚལ་དང་། འདབ་ཡངས་ལོ་ལྷུང་ནགས་ཚལ། རྒྱུན་ལྗང་འདབ་ཡངས་ནགས་ཚལ། ཚ་ཁུལ་ཆར་ཆུའི་ནགས་ཚལ། ས་མཐོའི་སྡོང་ཕྲན་ནགས་ཚལ། འདབ་ཡངས་དང་ལོ་མ་ཁབ་ཅན་འདྲེས་མའི་ནགས་ཚལ་སོགས་རིགས་མང་པོར་བགར་ཡོད་དོ། །

    དང་པོ།    མདོ་དབུས་མཐོ་སྒང་གི་ཤིང་སྡོང་དང་ནགས་ཚལ །

    བོད་མདོ་དབུས་མཐོ་སྒང་གི་ནགས་ཚལ་མང་ཆེ་བ་གྲང་འཁྱག་གི་ཁོར་ཡུག་ཏུ་སྐྱེས་ཡོད་པ་

    དང་། ནགས་ཚལ་གྱི་རིགས་གཙོ་བོ་ལ་ལོ་མ་ཁབ་དབྱིབས་ཅན་གྱི་ནགས་ཚལ་དང་། ཚ་ཁུལ་ཆར་

    ཆུའི་ནགས་ཚལ། རྒྱུན་ལྗང་འདབ་ཡངས་ནགས་ཚལ། ས་མཐོའི་སྡོང་ཕྲན་ནགས་ཚལ་བཅས་ཡོད།

    བསྡོམས་རྩིས་བྱས་པ་ལྟར་ན་མདོ་དབུས་མཐོ་སྒང་དུ་མཐོ་རིམ་རྩི་ཤིང13000ལྷག་ཡོད་ལ ། དེའི་ནང་ཤིང་རིགས་རྩི་ཤིང1500དང་སོན་རྗེན་རྩི་ཤིང་སྟེ་ཤིང་སྡོང་གི་རིགས50ལྷག་ཡོད། །

    ང་ཚོ་བོད་ཡུལ་ན་རང་བྱུང་གདོད་མའི་ནགས་ཚལ་གྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། བོད་ལྗོངས་ཀྱི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དང་ཡར་ཀླུང་གཙང་བོ་གཙོ་བྱས་པའི་ཁ་འབབ་ཆུ་བོ་བཞིའི་འབབ་རྒྱུད ། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་གྱི་འབབ་རྒྱུད། སི་ཁྲོན་དང་ཀན་སུའུ ། ཡུན་ནན་བཅས་བོད་ཀྱི་ས་ཁུལ་དུ་ནགས་ཚལ་གྱི་ཁེབས་རྒྱ་ཧ་ཅང་ཆེ་བར་མ་ཟད།རང་བྱུང་གདོད་མའི་ནགས་ཚལ་ཡང་ཧ་ཅང་མང་སྟེ།མཚོ་སྔོན་ཞིང་ཆེན་གཅིག་པུར་དཔེར་མཚོན་ནའང་ཆེ་འབྲིང་ཆུང་གསུམ་བརྒྱད་ཅུ་ལྷག་ཡོད། །

    བོད་ན་ད་ཡོད་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོབ་ས་ཁུལ་གྲགས་ཆེ་བ་ལ་བོད་ལྗོངས་ཀྱི་སྦས་ཡུལ་རོང་ཆེན་པདྨ་བཀོད་ནགས་ཚལ་དང་། ཇོ་མོ་གླང་མའི་ནགས་ཚལ། རི་བོ་ཆེའི་ནགས་ཚལ། མེ་ཏོག་ནགས་ཚལ ། སྐྱིད་གྲོང་ནགས་ཚལ། རྫ་ཡུལ་ནགས་ཚལ། ཉིང་ཁྲི་སྟོང་འཇུག་ནགས་ཚལ། སི་ཁྲོན་སྨར་ཁམས་ནགས་ཚལ། མཚོ་སྔོན་གྱི་ཚྭ་འདམ་གཞོང་ནགས་ཚལ། གཙན་ཚའི་ཁམས་ར་ནགས་ཚལ་དང་། རྡོ་སྦིས་སྟོང་རི་ནགས། རྩེ་གཞུང་དམེ་ཤུལ་ནགས་ཚལ།  རེབ་གོང་མདོ་བའི་ནགས་ཚལ ། རེབ་གོང་ཞོ་འོང་ནགས་ཚལ ། རེབ་གོང་བློན་ཆོས་ནགས་ཚལ། གསེར་ཁོག་བྱང་རིའི་ནགས་ཚལ་སོགས་ཤིན་ཏུ་མང་པོ་ཡོད་པས།བོད་ཡུལ་ནི་ས་མཐོའི་རྩི་ཤིང་གི་ཞིང་ཁམས་ཤིག་ཡིན་པ་དང་འདབ་ཆགས་དང་རི་དྭགས་རྩ་ཆེན་མང་པོ་བག་ཡངས་སུ་རྒྱུ་བའི་རང་བྱུང་གླིང་ཀ་ལྷད་མེད་པ་ཞིག་ཀྱང་ཡིན། །

    གཉིས་པ། མདོ་དབུས་མཐོ་སྒང་གི་ནགས་ཚལ་གྱི་ཁོར་ཡུག་དང་སྐྱེ་དངོས་སྣ་ཚོགས །

    མདོ་དབུས་མཐོ་སྒང་གི་ནགས་ཚལ་གྱི་ཁོར་ཡུག་ནི་འཛམ་གླིང་སྟེང་ཆེས་མཐོ་ཞིང་ཆེས་གཙང་བ། སྐྱེ་དངོས་ཀྱི་རིགས་སྣ་ཁྱད་པར་ཅན་ཆེས་མང་བའི་རང་བྱུང་གླིང་ཀ་ཞིག་ཡིན་པར་མ་ཟད། སའི་གོ་ལའི་སྟེང་གི་སྐྱེ་འགྲོ་གསོ་བའི་སྨན་དང་ཟས་ཀྱི་བང་མཛོད་དུ་གྱུར་ཡོད། །

    རྩད་ཞིབ་བྱས་པ་ལྟར་ན། རྒྱལ་ཡོངས་ན་སིལ་སྡོང་གི་རིགས700ལྷག་ཡོད་པའི་ནང་བཞི་ཆའི་གཅིག་ཙམ་རང་རེའི་བོད་ལྗོངས་ན་ཡོད་པ་དང་། བོད་ལྗོངས་ཀྱི་ཉིང་ཁྲི་དང་། རྩེད་ཐང་། ཆབ་མདོ། མཚོ་སྔོན་གྱི་རེབ་གོང་དང་། གཅན་ཚ། ཁྲི་ཀ། ཀན་སུའུའི་གཙོས། སི་ཁྲོན་གྱི་ནུབ་ཕྱོགས། ཡུན་ནན་གྱི་ནུབ་བྱང་བཅས་ནི་སིལ་སྡོང་ཆེས་མང་སའི་གནས་ཡིན་ཏེ། འབྲས་ཤིང་ཁམ་བུ་དང་སྟར་ཀ། ཀུ་ཤུ། སེ་འབྲུ། ཚ་ལུ་མ། རྒུན་འབྲུམ། ཡུལ་སིལ། ཆང་བ་ལི། ཙོ་རུ། གཡེར་མ་སོགས་ཡོད་པ་དང་། ཤིང་སྡོང་ལྗོན་ཤིང་གི་རིགས་ལ་ཐང་ཤིང་དང་། གསོམ་སྡོང་། ཤུག་པ། སྟག་པ། ལྕང་མ། སྦྱར་བ། སེང་སྡེང་། སྒྲོན་ཤིང་སོགས་ཡོད ། ད་དུང་ནགས་ཚལ་གྱི་སྐྱེ་ཁམས་ཁོར་ཡུག་ནས་སྐྱེས་པའི་སྔོ་སྨན་དང་། ཤིང་རིགས་སྨན་རྩྭ་སྣ་ཚོགས་རྒྱལ་ཁབ་ཕྱི་ནང་ཀུན་ལ་མིང་ཏུ་གྲགས་པ་མང་པོ་ཡོད་དོ། །

    བོད་ཡུལ་གྱི་ས་ཆ་ཁ་ཤས་ནི་གདོད་མའི་ནགས་ཚལ་སྟུག་པོས་ཁེབས་ཡོད་པ་དང་།ནགས་ཚལ་དེ་དག་གི་ནང་སྟག་དང་། གཟིག དྲེད་མོང་། འཕར་བ། གསའ། སྤྱང་ཀི། གཡི། ཕག་རྒོད། གྲུམ་པ་སོགས་གཅན་གཟན་གྱི་ཚོགས་རྒྱུ་ཞིང་། དགོ་དང་། གླ་བ ། ཤ་བ་ཁ་དཀར། སྤྲེལ། འབྲོང་། གཉན། གནའ་བ། རི་བོང་། འཕྱི་བ། ཨ་བྲ། སྲེ་མོང་སོགས་རི་དྭགས་ཆེ་ཆུང་སྣ་ཚོགས་པ་རྣམས་མཆོང་རྒྱུག་དང་རྩེད་འཇོའི་གར་གྱིས་བྲེལ་ཞིང་གཞན་གྱིས་འཚེ་བ་མེད་པར་བག་ཕེབས་སུ་རྒྱུ་བ། ནགས་རི་དང་ནགས་གསེབ་ཀྱི་མཚོ་མོའི་མཐའ་སྐོར་ཏུ་ལྷ་བྱ་ཁུ་བྱུག་དང་།བྱིའུ་འཇོལ་མོ། ཤིང་རྟ་མོ། པུ་ཤུད་ལྟག་རོ། འོལ་བ། བྱ་དེ་ཕོ། ནེ་ཙོ། ཅོ་ག།སྲིན་བྱ་འུག་པ། ཁྲ་དང་གླག། བྱ་གག། ངུར་བ། ཆུ་སྐྱར་སོགས་འདབ་ཆགས་མང་པོས་འཕུར་ལྡིང་གི་གར་ལ་རོལ་བཞིན་ཡོད་པས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འཕྲོག་པ་ཞིག་ཡིན་ནོ །

    གསུམ་པ།  ནགས་ཚལ་ཇེ་ཉུང་དང་ས་ནག་བྱེ་ཐང་དུ་འགྲོ་རྐྱེན །

    སྤྱིར་མདོ་དབུས་མཐོ་སྒང་ལ་ནགས་ཚལ་གྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད་ལ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཡང་ཧ་ཅང་མང་པོ་ཞིག་ཡོད།འོན་ཀྱང་དེང་གི་དུས་འདིར་རིམ་པ་བཞིན་ཤིང་ནགས་ཀྱི་བེད་སྤྱོད་དང་དགོས་མཁོ་ཇེ་ཆེ་རུ་སོང་ནས་ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཉུང་དང་ས་ནག་བྱེ་ཐང་དུ་འགྲོ་བ་ཇེ་མགྱོགས་སུ་འགྲོ་བཞིན་བོད་ཀྱི་ཁོར་ཡུག་གི་གནས་ཚུལ་ཇེ་སྡུག་ཏུ་སོང་ཡོད། རྒྱུ་མཚན་ནི་གང་ཡིན་ཅེ་ན། །

    གཅིག་ནས་ནགས་ཚལ་ལ་རང་བྱུང་གི་མེ་སྐྱོན་ཤོར་བ་དང་།ཡང་ན་མིའི་སྤྱོད་ལམ་སྣ་ཚོགས་ལས་ནགས་ཚལ་མེ་ལ་ཤོར་བའམ་མེ་སྐྱོན་བཏང་བས་ནགས་ཚལ་དང་སྐྱེ་དངོས་རིགས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད། །

    གཉིས་ནས་མི་རྣམས་ཀྱིས་རང་གི་དགོས་མཁོ་ལྟར་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་གཅོད་འབྲེག་འབལ་གསུམ་བྱས་ཏེ་ཕྱུགས་ར་བཟོས་ནས་སྐམ་ལུག་གི་ཤ་ལས་བཟོ་བྱེད་གནས་འཛུགས་པ།ཤིང་ནགས་བཅད་ནས་ཁང་པ་སོགས་ཀྱི་བཟོ་སྐྲུན་རྒྱུ་ཆ་བྱེད་པ། འཛམ་གླིང་མི་གྲངས་ཀྱི་ཕྱེད་ཀ་ཙམ་གྱིས་ཤིང་སྡོང་བཅད་ནས་འབུད་ཤིང་བྱེད་པས་ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཉུང་དུ་འགྲོ་བ་ཡིན། །

    གསུམ་ནས་ནགས་ཚལ་ལ་བདག་གཉེར་བྱས་པ་མི་ལེགས་པས་ནགས་རི་ལས་གཏེར་ཁ་རྐོ་བ། བྲག་རི་བཤིག་པ།མི་གྲངས་འཕར་བ་དང་བསྟུན་ནས་མིའི་རིགས་ཀྱི་བཟའ་བཏུང་གི་རེ་བ་སྐོང་ཆེད་ནགས་ཁུལ་གྱི་ནགས་བཅད་དེ་ས་སློག་ནས་ཞིང་ལས་སྤེལ་བ། ནགས་ཁུལ་གྱི་ནགས་བཅད་ནས་ཚད་ལས་བརྒལ་བའི་ནོར་ལུག་མང་པོ་འཚོ་སྐྱོང་བྱས་ཏེ་ཕྱུགས་ལས་སྤེལ་བ་སོགས་ལ་རྒྱུ་བྱས་ནས་ནགས་ཚལ་ཇེ་ཉུང་དང་ས་ནག་བྱེ་ཐང་དུ་གྱུར་བ་ཡིན། །

    བཞི་བ།   ནགས་ཚལ་གྱི་ཕན་ནུས་དང་སྲུང་སྐྱོབ་བྱ་ཚུལ །

    ༡ ནགས་ཚལ་ལ་སྲུང་སྐྱོབ་བྱས་ན་ཕན་ནུས་གང་མང་ཡོད་དེ།

    གཅིག་ནས་ལྗོན་ཤིང་ནགས་ཚལ་ཡོད་སར་སའི་ནང་གི་ཆུའི་བརླན་ཆ་འདུས་ཚད་ཧ་ཅང་མཐོ་བས་ཐན་པ་འགོག་པ་དང་ ། ཆར་བ་ཆེན་པོ་བབས་ནས་ཆུ་ལོག་རྒྱུགས་ཚད་ཇེ་ཉུང་དུ་འགྲོ་བའི་ཕན་ནུས་ཡོད།།

    གཉིས་ནས་ནགས་ཚལ་གྱིས་རྩི་ཤིང་གི་རྩད་པའི་ས་རྒྱུ་རུལ་བ་འགོག་ཐུབ་པ་དང་། འདམ་ཆུ་དང་རླུང་ཆེན་འགོག་པའི་ནུས་བ་ཡོད་པས་ཆར་ཆུ་ཉུང་བའི་ས་ཁུལ་གྱི་ཐན་པ་འགོག་ཞིང་ས་ནག་ཏུ་འགྲོ་བ་ཇེ་ཉུང་དུ་གཏོང་ཐུབ། །

    གསུམ་ནས་ནགས་ཚལ་གཅོད་པ་ཐལ་དྲག་ན་རླུང་ཆེན་ལྡང་ནས་ཞིང་ལས་ས་ཁུལ་གྱི་ལོ་ཏོག་དང་འབྲུ་རིགས་སྨིན་པར་གནོད་པ་ཚབས་ཆེན་གཏོང་ཞིང་འབྲོག་ཁུལ་གྱི་རྩྭ་ཐང་ལ་ཡང་ཐན་པ་ཆེན་པོ་ཡོང་བ་ཡིན། དེར་བརྟེན ། ནགས་ཚལ་གྱིས་གནམ་གཤིས་ཀྱི་བཟང་ངན་ལ་ཕན་ནུས་ཆེན་པོ་ཐེབས་བཞིན་ཡོད།།

    བཞི་ནས་ནགས་ཚལ་ནི་ནགས་ན་གནས་པའི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་སྣ་ཚོགས་ཀྱི་ཁྱིམ་གཞིས་ལྟ་བུ་ཡིན་པ་དང་། སྨན་རྩྭ་རིན་པོ་ཆེ་གང་མང་དང་ཤིང་འབྲས་སིལ་ཏོག་མང་པོའི་སྐྱེ་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མ་ཟད། ད་དུང་བཟོ་ལས་འཛུགས་སྐྲུན་གྱི་ཤིང་ཆ་དང་། ཤོག་བུ་བཟོ་བའི་རྒྱུ་ཆ། འབར་རྫས་གྱི་རྒྱུ་ཆ་སོགས་ལ་མེད་དུ་མི་རུང་བ་ཞིག་ཡིན་པས་ནགས་ཚལ་གྱིས་འཇིག་རྟེན་སྟེང་གི་མི་སྲོག་མང་པོར་ཁོར་ཡུག་མཛེས་པ། བདེ་ཐང་གསོ་བ། དགོས་མཁོ་སྐོང་བར་ཕན་ནུས་རྒྱ་ཆེན་པོ་འདོན་བཞིན་ཡོད་དོ། །

    ༢ ལྗོན་ཤིང་ནགས་ཚལ་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས།

    ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་ཤིང་ཆའི་དགོས་མཁོ་ཇེ་ཆེ་དང་བེད་སྤྱོད་བྱ་ཡུལ་ཇེ་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ནགས་ཚལ་ལ་སྲུང་སྐྱོབ་བྱ་རྒྱུ་ནི་མདོ་དབུས་མཐོ་སྒང་དང་ཐ་ན་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་དྭངས་གཙང་ཡོང་བར་ཕན་པ་རྒྱ་ཆེ་ཞིང་མི་སྲོག་སྐྱེ་དངོས་ཡོངས་ཀྱི་བདེ་སྐྱིད་ཀྱི་རེ་བ་ཉག་གཅིག་ཡིན། དེར་བརྟེན། ང་ཚོས་ནམ་ཡིན་ཡང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གཙིགས་ཆེན་གྱི་བྱ་བ་ཞིག་ཡིན་ཏེ། །

    གཅིག་ནས་ཤིང་སྡོང་ནགས་ཚལ་གྱི་རིན་ཐང་དང་། ནགས་ཚལ་དང་སྐྱེ་དངོས་ཐམས་ཅད་བར་གྱི་འབྲེལ་བ། ཤིང་སྡོང་ནགས་ཚལ་གྱི་ཕན་ཡོན་གང་འདྲ་ཡིན་པ་སོགས་ཤེས་སུ་བཅུག་ནས་ནགས་ཚལ་ལ་སྲུང་སྐྱོབ་དང་ནགས་ཚལ་གྱི་ཐོན་ཁུངས་ལ་གཅེས་འཛིན་བྱ་བའི་བསམ་བློའི་འདུ་ཤེས་ཡག་པོ་ཡོད་གོས། །

    གཉིས་ནས་རང་རྒྱལ་གྱི་ཁྲིམས་ལུགས་ལ་བརྟེན་ནས་ནགས་ཚལ་ལ་བདག་གཉེར་དང་སྲུང་སྐྱོབ་བྱེད་པ་དང་། སྲིད་གཞུང་དང་མི་སྒེར་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་རི་རྒྱུད་དང་ཆུ་རྒྱུད་དུ་སྡོང་འཛུགས་ནགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་གི་ནགས་ཚལ་རྒྱ་ཁྱོན་ཇེ་ཆེ་རུ་གཏོང་དགོས། ལྷག་པར་དུ་གཏེར་ཁ་སྔོག་པ་དང་ནགས་ཚལ་གཅོད་པ་སོགས་རང་བྱུང་ཁམས་གྱི་ནགས་རི་དང་དང་བྲག་རི་ལ་གནོད་པའི་ལས་མི་བྱ་བ་ཧ་ཅང་གལ་ཆེའོ། །

    གསུམ་ནས་ནགས་ཁུལ་གྱི་ནགས་བཅད་ནས་འབྲུ་རིགས་འདེབས་སའི་ཞིང་སར་མི་སྒྱུར་བ་དང་།ནགས་ཁུལ་དུ་ནགས་བཅད་ནས་ཚད་ལས་བརྒལ་བའི་ནོར་ལུག་མང་པོ་འཚོ་སྐྱོང་བྱེད་གནས་མི་བྱེད་པར་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་ལས་ལ་བརྩོན་འགྲུས་ཆེན་པོ་བྱེད་དགོས་།

    ལྔ་བ།   བོད་ཀྱི་རིག་གནས་གོམས་སྲོལ་དང་ནགས་ཚལ་སྲུང་སྐྱོབ །

    ནགས་ཚལ་ནི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་བྱ་ཡི་རིགས་བག་ཡངས་སུ་རྒྱུ་གནས་ཞིག་ཡིན་པ་དང་། རང་བྱུང་ཁམས་ཀྱི་མཁའ་དབུགས་གཙང་སེལ་བྱེད་པ། ཐལ་རྡུལ་དང་རླུང་ཆེན་འགོག་ཐུབ་པ། ཆུ་ལོག་དང་ཐན་པ་འགོག་པ། ཁོར་ཡུག་ལ་དབྱང་དབུགས་མང་པོ་གཏོང་ཐུབ་པ། གནམ་གཤིས་འགྱུར་ལྡོག་ལ་ཁྱད་པར་ཅན་གྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས་ན། རང་ཅག་བོད་མི་རིགས་ཀྱི་མེས་པོ་རྣམས་ཀྱིས་གནའ་སྔ་མོ་ནས་བཟུང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ཐད་ལ་རིན་ཐང་ལྡན་པའི་བསམ་བློའི་བང་མཛོད་དང་ཐམས་ལམ་མཆོག་ཏུ་གྱུར་བ་མང་དུ་བསྐྲུན་ཡོད། བོད་མི་རྣམས་ཀྱིས་ནགས་ནས་སྡོང་བོ་གཅོད་པའི་གོམས་སྲོལ་ནི་གལ་ཏེ་མི་སུ་ཞིག་ལ་ཤིང་ཆའི་དགོས་མཁོ་བྱུང་ཚེ་ཡུལ་དེའི་གཞི་བདག་ལ་བསང་ཕུད་ནས་ཤིང་སློང་བའི་གསོལ་མཆོད་ཀྱི་ཆོ་ཀ་སྒྲུབ་དགོས་པ་དང་། ཆོ་ག་དེ་བསྒྲུབས་རྗེས་ད་བཟོད་རང་ཉིད་ལ་དགོས་པའི་ཤིང་གཅོད་པ་ལས་གང་བྱུང་དུ་ཤིང་གཅོད་པར་འཛེམ་པ་ཡིན ། གནས་རི་བཟང་བོ་དང་དགོན་པའི་མདུན་རྒྱབ་ཀྱི་རི་ལས་སྡོང་བོ་མི་གཅོད་ལ་ཐ་ན་ཡལ་ག་ཕྲ་མོ་ཙམ་གཅོད་པར་ཡང་འཛེམ་ཞིང་ནང་སྒོས་སུ་ཆུ་མགོ་དང་བྲག་སྣ་སོགས་སུ་སྐྱེས་ཡོད་པའི་སྡོང་བོ་མི་གཅོད་ལ། སྡོང་རྒན་དང་སྡོང་བོ་ཁེར་སྐྱེས་གཅོད་མི་སྲིད་ལ་ཚེ་ཐར་དུ་གཏོང་བའི་སྲོལ་ཡག་པོ་ཡོད། ནགས་ཚལ་གྱི་སྡོང་བོ་མང་པོ་མི་གཅོད་པའི་ཆེད་དུ་ཐབ་ལ་མེ་གཏོང་དུས་ཨོང་བ་དང་རིལ་མ་སོགས་མེ་རུ་འབུད་པ་ལས་ཤིང་སྡོང་སོགས་མི་འབུད་པར་ཤིང་གི་ཡལ་ག་འམ་ལོ་མ། ཤིང་སྐམ་པོ་སོགས་བཏུས་ནས་འབུད་པ། འབུད་ཤིང་བཏུ་སྐབས་ཡང་དེ་དག་གི་རྩད་པ་སློག་པའི་དཔེ་མི་སྲིད་པ་ཡིན། ཤིང་ལ་ལྷ་ཤིང་ཀླུ་ཤིང་ཞེས་བཀུར་ཞིང་དད་པ་དང་། རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་།  རི་བཟང་པོ་བསློགས་ན་ས་མི་དགའ། ཤིང་ཡར་སྐྱེས་ཤིག་ལ་མི་སྲོག་གཅིག་ཅེས་བོད་མི་ཚོས་རྩྭ་དང་རྩི་ཤིང་། ནགས་ཚལ་བཅས་ལ་གཅོད་འབྲེག་འབལ་གསུམ་མི་བྱེད། བྲག་རི་དང་ནགས་རི་ནི་གཞི་བདག་གི་མཁར་རྫོང་ཡིན་པ། སྤང་ཐང་དང་ནེའུ་གསིང་ནགས་ཚལ་ནི་གཞི་བདག་གི་ལྭ་བ། རྫ་ཆུ་དང་མཚོ་མཚེའུ་ནི་གཞི་བདག་གི་ཟུངས་ཁྲག་ཡིན་པ་བཅས་ཀྱི་བཤད་སྲོལ་ཡོད་པས་ནགས་དང་རི་བྲག་བརྐོས་ནས་གཏེར་ཁ་བསློགས་ན་གཞི་བདག་གི་མཁར་རྫོང་གཏོར་བ་དང་། སྨན་རྩྭ་བརྐོས་ནས་སྤང་ཤུན་བཀོག་པ་དང་ཤིང་སྡོང་གཅོད་པ། ཆུ་དང་མཚོ་ལ་མི་གཙང་བ་སོགས་བྱས་ན་ལྷ་ཀླུ་གཞི་བདག་མི་དགའ་ཟེར་བ་ཡིན། བོད་ཀྱི་ལེགས་བཤད་ནང་། དཔག་བསམ་ཤིང་ལ་བརྟེན་བྱས་ན། ། དགོས་འདོད་ཐམས་ཅད་ཆར་དུ་བསྙིལ །།ཞེས་པ་དང་། ད་དུང་ལྗོན་ཤིང་རྩི་ཏོག་སོགས་ལ་ཚེ་སྲོག་གི་རྒྱུན་ཡོད་པས་ངག་རྒྱུན་དུ་ལྗོན་ཤིང་གི་རྩེ་མོ་ལྷ་ཡུལ་ལ་ཟུག་ཅིང་རྩ་བ་ཀླུ་ཡུལ་ལ་ཟུག་ཡོད་ཟེར་ནས་ལྗོན་ཤིང་དང་ནགས་ཚལ་ཅི་དགར་གཅོད་པ་དང་རྩི་ཏོག་བག་མེད་དུ་བརླག་ཚེ་རང་ཉིད་ལ་ཉེས་བ་ཆེན་པོ་ཕོག་པར་བཤད་སྲོལ་ཡོད། གཞན་ཡང་ཤུག་པ་ལ་དྲི་ཞིམ་ལྡན་པས་ལྷ་ཤིང་ཤུག་པའམ་ལྷ་ཡི་ལྗོན་ཤིང་ཡིན་ཟེར་ནས་གཅོད་མི་སྲིད་པ་སོགས་སྲོལ་བཟང་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད། དེ་བཞིན་དུ་མི་སུ་ཞིག་ཡིན་ནའང་སའི་གོ་ལའི་ནགས་ཚལ་གྱི་ཁོར་ཡུག་ལ་བཙོག་བཟོ་མི་བྱེད་པར་ཡ་རབས་ཀྱི་སྤྱོད་ལམ་དང་ཀུན་ཕན་གྱི་འདུ་ཤེས་བཟང་པོ་ཞིག་རང་རྒྱུད་ལ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ནོ ། །

    མཆན།

    1.ཐུབ་བསྟན་ཆོས་ཀྱི་གྲགས་པས་བརྩམས་པའི་སྤྱོད་འཇུག་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་།Mཔེ་ཅིན །ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ །1990 .7པར་གཞི་དང་པོ །

    2.ཟླ་བ་ཚེ་རིང་དང་བསྟན་འཛིན་རྣམ་རྒྱལ་གཉིས་ནས་བརྩམས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ །Mཔེ་ཅིན ། མི་རིགས་དཔེ་སྐྲུན་ཁང་ །2004.11པར་གཞི་དང་པོ །

    3.དཔའ་རིས་བསོ་ནམས་ཚེ་རིང་གིས་བརྩམས་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་པོའི་ཆུན་པོ །Mལན་གྲུ ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ །2006.6པར་གཞི་དང་པོ །

    4.周鸿编著,人类生态学M.北京:高等教育出版社.2001.7第一版

    5.刘峰贵等编著,人类环境学M.北京:地质出版社.2004.4第一版

    6.小学生环境保护手册编写组编,小学生环境保护手册M.北京:中国环境科学出版社.2001.7第一版

    7.南文渊著,藏族生态伦理M.北京:民族出版社.2007.1第一版   

   

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག