མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བྲག་དཀར་སྤྲེལ་རྫོང་ཞེས་པའི་པར་རིས་བརྩམས་ཆོས་པར་བསྐྲུན་བྱས།

    2013-05-07 16:12

 

    རང་རྒྱལ་གྱི་ནུབ་རྒྱུད་ཆེན་མོ་དང་སྒོས་སུ་མཚོ་བོད་མཐོ་སྒང་དུ་རིག་གནས་སྲོག་ཤིང་ཡིན་པའི་ཡུལ་སྐོར་ལས་རིགས་ཀྱི་ཚ་རླབས་ཆེན་པོ་འཕྱུར་པར་བསྟུན་ནས།ཕྱི་ཕྱོགས་ཡུལ་སྐོར་པ་རྣམས་ལ།ཀློག་བདེ་ཞིང་གོ་སླ་བའི་ས་གནས་རང་བཞིན་གྱི་གནས་མཆོག་དང་།ཡུལ་གྲུའི་རིག་གནས་སྲོལ་རྒྱུན་སོགས་དུས་ལྟར་མཚམས་སྦྱོར་བྱེད་པའི་དཔེ་དེབ་སོགས་སྤེལ་རྒྱུ་ནི།དུས་རབས་ཀྱིས་བཏོན་པའི་བླང་བྱ་གལ་ཆེན་ཡིན་ཞིང་།ས་གནས་རིག་གནས་དར་སྤེལ་ཕྱོགས་ནས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་གལ་ཆེན་ཡོད།གནས་ཚུལ་འདི་འདྲར་བསྟུན་ནས། སྐུ་ཞབས་ཚེ་བརྟན་རྡོ་རྗེ་ལགས་གྱིས་གཙོ་སྒྲིག་བྱས་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་མའི་པར་རིས་བརྩམས་ཆོས་སྤུས་ལེགས་མ《བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང》ཉེ་ཆར་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས།

    བརྩམས་ཆོས་སུ་བོད་རྒྱ་དབྱིན་གསུམ་ལ་བརྟེན་ནས་བྲག་དཀར་སྤྲེལ་རྫོང་དང་།ལས་དོན་གཟིགས་ཞིབ།བླ་སྤྲུལ་རིམ་བྱོན།བདེ་གཤེགས་མཆོད་རྟེན།འདུ་ཁང་ཀ་བརྒྱ།བྱམས་ཁང་ཆེན་མོ།མགོན་ལྷའི་བཙན་ཁང་།སློབ་གཉེར་གླིང་ག དུས་འཁོར་མཆོད་རྟེན།བླ་སྤྲུལ་ནང་ཆེན།སྐུ་གསུང་ཐུགས་རྟེན།ཆོ་ག་ཕྱག་ལེན།གནས་སྒོ་བཅོ་བརྒྱད།དགོན་པའི་ཡུལ་ལྗོངས་བཅས་དོན་ཚན་བཅུ་བཞིར་དབྱེ་སྟེ།བྲག་དཀར་སྤྲེལ་རྫོང་གི་སྔོན་བྱུང་ལོ་རྒྱུས་དང་ཡུལ་སྐོར་གནས་བབ་ཟུང་འབྲེལ་དང་།རིག་གནས་སྲོལ་རྒྱུན་དང་གནས་སྐོར་ལམ་ཡིག་ཟུང་འབྲེལ།སྤུས་ལེགས་མཛེས་རིས་དང་མཚམས་སྦྱོར་བསྡུས་གསལ་ཟུང་འབྲེལ་བཅས་ཁྱད་ཆོས་དུ་མས།གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་རིག་གནས་བླ་སྲོག་སྟེ་སྐུ་གསུང་ཐུགས་བཅས་གཙོར་བཟུང་ནས།བོད་རྒྱ་དབྱིན་གསུམ་སྒོས་མཚམས་སྦྱོར་མཛད་པས། ཕྱི་ཕྱོགས་ཀྱི་ས་གནས་རིག་གནས་ལ་ཆ་རྒྱུས་མེད་མཁན་ཚོར་མཚོན་ན།མེད་དུ་མི་རུང་བའི་གནས་སྐོར་ལམ་ཡིག་ལྟ་བུར་གྱུར་ཡོད་ལ། བོད་པ་རང་ལ་མཚོན་ན་ཡང་།ས་གནས་རང་བཞིན་གྱི་རིག་གནས་ཞིབ་འཇུག་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་བྱས་པས།རྨད་དུ་བྱུང་བའི་རིག་གནས་དར་སྤེལ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད།།

བློ་འདོན་མཁན། ཨ་རོལ་བསྟན་འཛིན་དགེ་ལེགས་དཔང་པོ།
རྒྱ་དབྱིན་ཡིག ཚེ་བརྟན་རྡོ་རྗེ།
བོད་ཡིག ལས་རབ་རྡོ་རྗེ།
པར་རིས། ལས་རབ་རྡོ་རྗེ།
འབྲེལ་གཏུག་ཁ་པར། 13997685285  

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག