མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་པ་བསྐྲུན་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2012-06-04 09:47

ཉེ་བའི་ལོ་ཤས་ནང་བོད་ལྗོངས་ཀྱིས་གཞི་རིམ་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། རང་སྐྱོང་ལྗོངས་དང་ས་གནས། གྲོང་ཁྱེར། རྫོང་། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་རིམ་པ་ལྔར་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་ཆགས་ཡོད་པ་རེད། མིག་སྔའི་བར་སླེབས་དུས་བོད་ལྗོངས་ཀྱིས་སྔ་ནུར་དུ་སྲིད་འཛིན་གྲོང་ཚོ་ཚང་མར་ཞིང་ཁྱིམ་དཔེ་ཁང་ཡོད་པ་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་བྱུང་ཡོད་པ་རེད།

སྤྱི་ལོ་2011ལོར་བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་ཤིང་། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་རིང་རིག་གནས་འཛུགས་སྐྲུན་རྣམ་གྲངས་ཚང་མ་དོན་འཁྱོལ་བྱ་རྒྱུ་ཡིན་པ་དེ་དག་རྣམ་གྲངས་ཆེ་ཁག6དང་ཡན་ལག་རྣམ་གྲངས600དང་འབྲེལ་བ་ཡོད་པ། ཁྱོན་མ་དངུལ་སྒོར་དུང་ཕྱུར13ལྷག་ཙམ་གཏོང་རྒྱུ། སྤྱི་པའི་རིག་གནས་འཁོར་རྒྱུག་འགན་སྲུང་སྒྲིག་གཞི་ཐོག་མའི་ཆ་ནས་གྲུབ་པ་བྱ་རྒྱུ། དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་། རྫོང་གི་ཕྱོགས་བསྡུས་རིག་གནས་ལྟེ་གནས། ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚུགས་བཅས་རིན་པ་མི་དགོས་པར་སྒོ་འབྱེད་རྒྱུ། རིན་པ་མི་དགོས་པར་སྒོ་འབྱེད་རྒྱུའི་འགྲོ་གྲོན་སྒོར་བྱེ་བ་གསུམ་ལྷག་ཙམ་རག་ཐབས་བྱེད་བཞིན་ཡོད་པ་རེད།

རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། སྔར་ཡོད་ཀྱི་རྫོང་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ18ཀྱི་རྨང་གཞིའི་ཐོག་བོད་ལྗོངས་ཀྱིས་སླར་ཡང་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ17བཙུགས་ཡོད་པ་རེད། ད་ཆ་ལྗོངས་ཡོངས་ཀྱི་རྫོང་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཁྱོན་ཁག34ཡོད་པ་རེད། དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་རོགས་དངུལ་ཡང་ལོ་རེའི་སྒོར་ཁྲི་ལྔ་ནས་སྒོར་ཁྲི20བར་མང་དུ་བཏང་ཡོད་ཡོད་པར་རེད།

མིག་སྔར་བོད་ལྗོངས་ཀྱི་རྫོང་ཁག་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་བཙུགས་ཡོད་པ་དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚུགས་འཛུགས་རྒྱུའི་ལས་ཀ་ཡང་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་རེད། བསྐྲུན་ཟིན་པའི་རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་ལྟེ་གནས་དང་ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚུགས་སོགས་གཞི་རིམ་རིག་གནས་ཚན་པས་ཆ་སྙོམས་ལོ་རེར་རིག་གནས་འཁྲབ་སྟོན་དང་ཚན་རྩལ་ཁྱབ་གདལ་གྱི་གསོ་སྦྱོང་སོགས་རིགས་ཁག་གི་རིག་གནས་བྱེད་སྒོ་ཐེངས་གྲངས་༨༠༠ལྷག་ཙམ་སྒྲིག་འཛུགས་བྱས་ཡོད་པ་རེད།

སྤྱི་ལོ2012ལོར་བོད་ལྗོངས་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚུགས་ཀྱི་ཁེབས་ཚད་བརྒྱ་ཆ80ཟིན་པ་བྱ་རྒྱུ། དམངས་ཁྲོད་སྒྱུར་རྩལ་ཚོགས་པ་ཚང་མར་འཁྲབ་སྦྱོང་བྱེད་ས་ཡོད་པ་དང་སྤྱི་པའི་རིག་གནས་སྒྲིག་བཀོད་གླ་རིན་མི་དགོས་པར་སྒོ་ཕྱེ་ཚད་བརྒྱ་ཆ100ཟིན་པ་བྱ་རྒྱུ། རྫོང་རིམ་པ་ཡན་གྱི་མང་ཚོགས་རིག་གནས་བྱེད་སྒོ་ཆེ་རིགས་ཐེངས་གྲངས་1000ཙམ་གཉེར་རྒྱུ། ལྗོངས་ཡོངས་ཀྱི་ཆེད་ལས་སྒྱུ་རྩལ་ཚོགས་པ་དང་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་གྲོང་གསེབ་ལ་འཁྲབ་སྟོན་ཐེངས་གྲངས་2200བྱ་རྒྱུ་ཡིན་པ་རེད། །