མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

«བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»ཅེས་པ་སྒྲ་ལེན་མགོ་བརྩམས་འདུག

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2012-05-22 10:57

    

     2012ལོའི་སྤྱི་ཟླ5བའི་ཚེས12ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་རླུང་འཕྲིན་ཁང་གི་འཆད་ཁྲིད་ལེ་ཚན་གྱིས་«བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»ཅེས་པའི་བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་མཚོན་པའི་དཔེ་དེབ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྒྲ་ལེན་ཁང་ནས་སྒྲ་ལེན་མགོ་བརྩམས།

     མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་རླུང་འཕྲིན་ཁང་གི་འཆད་ཁྲིད་ལེ་ཚན་ནི་བོད་སྐད་རླུང་འཕྲིན་ཁང་གི་ཡུན་རིང་འགོར་ཞིང་ཀུན་གྱི་དགའ་བསུ་ཐོབ་ཀྱིན་པའི་ལེ་ཚན་ཞིག་ཡིན་ལ།ལེ་ཚན་འདིའི་ནང་སྔ་རྗེས་སུ་མཁས་དབང་ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན།བསམ་འགྲུབ་རྒྱ་མཚོ།དཔལ་དོན་འགྲུབ་རྒྱལ་སོགས་མཁས་ཆེན་མང་པོ་གདན་ཞུ་གནང་ནས་བོད་ཀྱི་བཅུ་ཕྲག་རིག་གནས་སྐོར་ནས་འཆད་ཁྲིད་བྱས་པར་ཀུན་གྱིས་དགའ་བསུ་བྱེད་པའི་ལེ་ཚན་ཞིག་ཡིན་ལ།ནམ་རྒྱུན་ཉིན་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་སུམ་བཅུ་ནས་དུས་ཚོད་གཅིག་དང་སྐར་མ་བཅུའི་བར་གཏོང་གྱིན་པའི་སྐར་མ་བཞི་བཅུ་རིང་གི་ལེ་ཚན་ཞིག་ཡིན།ཐེངས་འདིར་ཡང་གོང་རིམ་མགོ་ཁྲིད་དག་གི་ཐུགས་བཀོད་ལྟར་འཆད་ཁྲིད་ལེ་ཚན་གྱིས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མདོ་དབུས་མཐོ་སྒང་རིག་གནས་ཞིབ་འཇུག་ཁང་གི་མགོ་གཙོ་དང་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་རྒྱ་ཡེ་བཀྲ་བྷོ་ལགས་གདན་ཞུ་གནང་ནས་ཁོང་གིས་གཙོ་སྒྲིག་མཛད་ཅིང་༢༠༠༣ལོར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་མཚན་ཉིད་སྤྱི་ཚོགས་ཚན་རིག་གླིང་གི་ཨང་གསུམ་པའི་བྱ་དགའ་ཐོབ་པའི་«བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»ཅེས་པའི་བོད་ཀྱི་རྩོམ་རིག་གི་ཁུངས་དང་།རྒྱུན།འཕེལ་འགྱུར་སོགས་གསལ་བོར་མཚོན་པའི་དཔེ་དེབ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་སྒྲུབ་ཐོག་ཁང་གི་སྒྲ་ལེན་ཁང་ནས་སྒྲ་ལེན་མགོ་བརྩམས་ཤིང་དུས་ཚོད་ཉིས་བརྒྱ་ལྷག་ཡོད་པའི་དཔེ་དེབ་དེ་ཁོང་གིས་གཟའ་མཇུག་གི་དུས་ཚོད་བེད་སྤྱད་ནས་སྒྲ་ལེན་རྒྱུ་ཡིན་པ་དང་།སྒྲ་བླངས་ཚར་རྗེས་དུས་ལྟར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་རླུང་འཕྲིན་ཁང་གི་འཆད་ཁྲིད་ལེ་ཚན་ནང་བཀོད་སྒྲིག་བྱེད་རྒྱུ་རེད།

    

     རྒྱ་ཡེ་བཀྲ་བྷོ་ལགས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྒྱ་ཡེ་སྡེ་བའི་ཡིན།1986ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཚན་གནས་བླངས།དེའི་རྗེས་སུ་ཉི་ཧོང་རྒྱལ་ཁབ་ཏུ་ཕྱི་འགྲིམས་སློབ་མ་བྱས།༢༠༠༢ལོའི་ཟླ་དང་པོར་སློབ་དཔོན་ཆེན་མོའི་གོ་གནས་བླངས།2004ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རམས་འབྱམས་པའི་མཚན་གནས་བླངས།ཁོང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མདོ་དབུས་མཐོ་སྒང་རིག་གནས་ཞིབ་འཇུག་ཁང་གི་མགོ་གཙོ་དང་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ།སློབ་དཔོན་ཆེན་མོ།མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་བཅས་ཀྱི་འགན་བཞེས་ཡོད།ལོ་དུ་མའི་རིང་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་བོད་སྐད་ཡིག་ལ་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ཡོད་པར་མ་ཟད།བོད་ཀྱི་ཤེས་རིག་གི་གར་སྟེགས་སུ་གོ་གནས་ངེས་ཅན་ཟིན་ཡོད་པའི་བོད་ཀྱི་སློབ་གསོ་བ་ཞིག་ཀྱང་རེད།ཁོང་གིས་གཙོ་སྒྲིག་བྱས་པའི་«བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»དང«ལེགས་བཤད་ཟླ་བའི་སྣང་བ།» «བོད་ཀྱི་གནའ་རབས་རྩོམ་རིག་ཀྱི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག» «སློབ་ཆེན་བོད་ཀྱི་སྐད་ཡིག» «ཚད་ལྡན་ཉི་ཧོང་སྐད་ཡིག»གཙོ་བྱས་པའི་བརྩམས་ཆོས་མང་བོ་པར་སྐྲུན་བྱས་པ་དང་།«ཀྲུང་གོའི་བོད་རིག་པ»སོགས་རྒྱལ་ཁབ་རིམ་པའི་དུས་དེབ་སྟེང«རོ་སྒྲུང་ཉེར་ལྔའི་ཞིབ་འཇུག»དང«བོད་ཀྱི་གཏེར་མའི་རྣམ་བཤད»སོགས་དཔྱད་རྩོམ་བཅུ་ཕྲག་ཅིག་སྤེལ་མྱོང་།«བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན»ལ༢༠༠༣ལོར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་མཚན་ཉིད་སྤྱི་ཚོགས་ཚན་རིག་གླིང་གི་ཨང་གསུམ་པའི་བྱ་དགའ་ཐོབ།«བོད་ཀྱི་གནའ་རབས་རྩོམ་རིག་ཀྱི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག»ལ་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་མི་གཞུང་ཚན་རིག་གླིང་གི་ཨང་གསུམ་པའི་བྱ་དགའ་ཐོབ།«ཚད་ལྡན་གྱི་ཉི་ཧོང་སྐད་ཡིག»ཅེས་པ་བོད་ཡིག་ཏུ་བསྒྱུར་ཏེ་པར་སྐྲུན་བྱས།ཁོང་གིས་རིག་གཞུང་ཐད་ཞིབ་འཇུག་བྱས་པའི་གྲུབ་འབྲས་མང་བོར་རྒྱལ་ཁབ་མི་གཞུང་སྤྱི་ཚོགས་ཚན་རིག་གླིང་གིས་གནང་བའི་བྱ་དགའ་ཐེངས་མང་ཐོབ་མྱོང་།ད་ལྟ་ཁོང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།