མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་མངའ་རིས་ས་ཁུལ་དུ་ཨེ་ཤ་ཡ་གླིང་ཆེན་གྱི་འཛམ་གླིང་རིམ་པའི་གནམ་རིག་བརྟག་དཔྱད་ས་ཚིགས་ཐོག་མ་འཛུགས་བཞིན་ཡོད་པ།

  ཡོང་ཁུངས། ཤིན་ཧྭ་དྲ་བ།  2012-04-20 11:13

    གསར་འགོད་པས་ཉེ་བར་ཀྲུང་གོའི་ཚན་རིག་གླིང་རྒྱལ་ཁབ་གནམ་དཔྱད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་མངའ་རིས་ས་ཁུལ་དུ་ཨེ་ཤ་ཡ་གླིང་ཆེན་གྱི་འཛམ་གླིང་རིམ་པའི་གནམ་རིག་བརྟག་དཔྱད་ས་ཚིགས་ཐོག་མ་འཛུགས་རྩིས་ཡོད། རྒྱལ་ཁབ་ནང་ལོག་དང་ཐའེ་ཝན། འཇར་པན། ཁོ་རེ་ཡ་སོགས་ཀྱི་གནམ་དཔྱད་རིག་པ་བ་ཚོས་མཉམ་འབྲེལ་ངང་མངའ་རིས་ས་ཁུལ་དུ་རྒྱང་ཤེལ་སྒྲིག་ཆས་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་རྩིས་ཡོད་ལ། ཁོང་ཚོས་མཉམ་དུ་གནམ་རིག་བརྟག་དཔྱད་ཞིབ་འཇུགས་བྱེད་རྒྱུ་ཡིན་པ་རེད།

    རྒྱལ་ཁབ་གནམ་དཔྱད་ཁང་གི་ཞིབ་འཇུག་པ་ཐོག་མ་ཡའོ་ཡུང་ཁང་གིས་བསྟན་དོན། ཀྲུང་འཇར་ཁོ་རྒྱལ་ཁབ་གསུམ་གྱི་གནམ་དཔྱད་རིག་པ་བས་གྲུབ་པའི་ཨེ་ཤ་ཡ་ཤར་མའི་གནམ་དཔྱད་ཁང་གིས། ཉེ་སྔོན་ནུབ་ཕྱོགས་གནམ་དཔྱད་གནས་འདེམས་དཔྱད་ཞིབ་ཚོགས་འདུ་པེ་ཅིང་ནས་བསྡུས་པ་དང་། བོད་ལྗོངས་མངའ་རིས་ཤར་ནུབ་ས་ཁུལ་ཨེ་ཤ་ཡ་གླིང་ཆེན་གྱི་འཛམ་གླིང་རིམ་པའི་གནམ་རིག་བརྟག་དཔྱད་ས་ཚིགས་ཐོག་མ་འཛུགས་ཡུལ་གྱི་འདེམས་སྒུག་ས་ཁུལ་ཡིན་པ་གཏན་ཁེལ་བྱས།EACOAདང་NAOCགཉིས་ཀྱིས་མུ་མཐུད་དུ་ནུབ་ཕྱོགས་སུ་གནས་འདེམས་པར་རྒྱབ་སྐྱོར་བྱེད་པ་དང་། ལོ་གཉིས་ཀྱི་རིང་དུ་གནས་འདེམས་བརྟག་དཔྱད་ལས་དོན་གཉེར་རྩིས་ཡོད།

    མིག་སྔར་འཛུགས་སྐྲུན་བྱེད་བཞིན་པའི་མངའ་རིས་གནམ་དཔྱད་ས་ཚིགས་ནི། མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་ལྷོ་ཕྱོགས་ནས་སྨི5100ཡོད་པའི་ས་མཚམས་ཀྱི་རི་བོ་ཞིག་གི་རྩེ་མོར་འཛུགས་སྐྲུན་བྱེད་བཞིན་ཡོད། ས་ཚིགས་དེ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་སའི་གོ་ལའི་ཕྱེད་བྱང་མའི་མཚོ་ངོས་མཐོ་ཚད་སྨི་5000ཡན་གྱི་གནམ་རིག་བརྟག་དཔྱད་ས་ཚིགས་ཐོག་མ་ཡིན་པ་དང་། ཨ་རིའི་ཞ་ཝེ་དབྱི་དང་པེ་ཀྲི་ལི། རྒྱ་མཚོ་ཆེན་མོ་བྱང་མའི་ཅ་ན་གླིང་ཚོམ་གྱི་རྒྱལ་སྤྱིའི་གནམ་རིག་བརྟག་དཔྱད་ས་ཚིགས་བཅས་དང་མཉམ་དུ། ཆེད་དམིགས་གནམ་གཟུགས་དག་ལ་ཉིན་གཅིག་གི་དུས་ཚོད་༢༤རིང་དུ་རྒྱུན་ཆད་མེད་པར་རྗེས་སྙེག་བརྟག་དཔྱད་བྱས་ཆོག་པ་རེད།

    ཡའོ་ཡུང་ཆང་གིས་བཤད་རྒྱུར།མངའ་རིས་ས་ཁུལ་ནི་འཛམ་གླིང་གི་གནམ་དཔྱད་རྒྱང་ཤེལ་གྱིས་ཁེབས་མེད་པའི་སྟོང་ཆའི་ས་ཁུལ་ཞིག་ཡིན་པས། གནམ་རིག་དང་མངའ་ཁོངས་བརྟག་དཔྱད་ཐད་ལ་ས་བབ་དགེ་མཚན་ཆེན་པོ་ལྡན། ད་ལྟ་མངའ་རིས་སུ་གནམ་རིག་བརྟག་དཔྱད་ས་ཚིགས་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་རྒྱུ་མཚན་ནི། ས་ཁུལ་དེར་གནས་འདེམས་བརྟག་དཔྱད་ཞིབ་ཚགས་བྱེད་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱིས་མ་འོངས་པར་གནམ་རིག་བརྟག་དཔྱད་སྒྲིག་ཆས་འཕེལ་རྒྱས་གསར་སྐྲུན་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཏེ། རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་གང་མང་ནང་འདྲེན་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།

    མངའ་རིས་ས་ཁུལ་ནི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་ཕྱོགས་སུ་གནས་ཡོད་ལ། མཚོ་བོད་མཐོ་སྒང་བྱང་ཕྱོགས་ཀྱི་བྱང་ཐང་ལྟེ་གནས་ས་ཁུལ་དུ་གཏོགས་པ་དང་། ཆ་སྙོམས་མཚོ་ངོས་མཐོ་ཚད་སྨི4500ཡན་ཡིན། ཡའོ་ཡུང་ཆང་གིས་བཤད་རྒྱུར། མངའ་རིས་ས་ཁུལ་གྱི་ས་བབ་མཐོ་ལ། མཁའ་དབྱིངས་སུ་སྤྲིན་པ་ཉུང་བ་དང་། ཆུ་རླངས་དམའ་བ་མ་ཟད། དྭངས་གསལ་ཚད་མཐོ་བ་བཅས་ཡིན་པས། ལྟ་ཞིབ་ཆ་རྐྱེན་ལེགས་པོ་འཛོམས་པ་དང་། མཚན་མོ་གནམ་རིག་བརྟག་དཔྱད་བྱེད་པར་དགེ་མཚན་ཆེན་པོ་ལྡན། ནུས་མཐོ་དང་སྨུག་ཕྱིའི་འོད་། དམར་ཕྱིའི་འོད། ཡ་ཧའོ་སྨི་པོ་དང་ཉི་ནུས་བརྟག་དཔྱད་སོགས་ལའང་དགེ་མཚན་ངེས་ཅན་ལྡན་པས། གནམ་རིག་བརྟག་དཔྱད་གཞི་ས་འཛུགས་པར་ཧ་ཅང་འཚམས།

    རྒྱལ་ཁབ་གནམ་རིག་བརྟག་དཔྱད་ཁང་གིས2003ལོར་ནུབ་ཕྱོགས་ཀྱི་གནས་འདེམས་རྣམ་གྲངས་ལས་འགོ་ཚུགས་པ་དང་། ད་བར་ལོ་ངོ་བཅུ་ཙམ་རིང་གཉེར་ཏེ་སྔ་གཞུག་ཏུ་ཕ་སྨི་ཨེར་མཐོ་སྒང་གི་ཁ་ལ་སུའུ་དང་། མངའ་རིས་མཐོ་སྒང་གི་འོ་མ་སོགས་སུ་གནམ་རིག་གནས་འདེམས་བརྟག་དཔྱད་ས་ཚིགས་བཙུགས། གནས་འདེམས་དཔྱད་ཞིབ་མཇུག་འབྲས་ཁྲོད་དུ་མངོན་དོན། བོད་ལྗོངས་ནུབ་བྱང་ས་ཁུལ་ནི་གནམ་རིག་བརྟག་དཔྱད་ཀྱི་ཆ་རྐྱེན་ཆེས་ལེགས་པའི་ས་ཁུལ་ཞིག་རེད། 2010ལོར། ནུབ་ཕྱོགས་གནས་འདེམས་རྣམ་གྲངས་ཚོ་ཆུང་གིས་དཔྱད་ཞིབ་ནན་ཏན་བྱས་མཐར་འགྲིམ་འགྲུལ་དང་འབྲེལ་ཡོད་ཆ་རྐྱེན་སྔར་ལས་ལེགས་པའི་སེང་གེ་ཁ་འབབ་གཙང་བོའི་ནུབ་ཁུལ་འདེམས་ཏེ་བརྟག་དཔྱད་ས་ཚིགས་བཙུགས།

    ཡའོ་ཡུང་ཆང་གིས་བཤད་རྒྱུར། མངའ་རིས་བརྟག་དཔྱད་ས་ཚིགས་ཀྱི་སྒྲིག་ཆས་དག་ལོ་སྔོན་མའི་ནང་ནས་རྒྱུན་ཆད་མེད་པར་བཀོད་སྒྲིག་བྱེད་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། མངའ་རིས་བརྟག་དཔྱད་ས་ཚིགས་ཀྱིས་ད་ལྟའི་ལྷོ་སྣེའི་གནམ་དཔྱད་ཁང་གི་འཕེལ་རྒྱས་ལ་ཚོད་ལྟའི་གཞི་ས་མཁོ་འདོན་བྱེད་པ་དང་། མངའ་རིས་ས་ཁུལ་གྱི་ནུབ་བྱང་ཕྱོགས་ཀྱང་ཀྲུང་གོའི་འོད་རིག་ཕྱི་མཐོང་རྒྱང་ཤེལ་གྱི་འདེམས་གནས་གཙོ་བོར་འགྱུར་རྒྱུ་ཡིན་པ་རེད།