མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཀྱི་གྲྭ་བཙུན་བརྒྱད་ལ་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མིང་བཏགས་བསྩལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-04-18 09:47

བོད་ལྗོངས་ཀྱི་གྲྭ་བཙུན་བརྒྱད་ལ་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་ཡོན་གནས་བསྩལ་བ།

སྤྱི་ཟླ4པའི་ཚེས13ཉིན་གྱི་སྔ་དྲོར། ལོ་གཅིག་དུས་གཅིག་གི་བོད་བརྒྱུད་ནང་བསྟན་པའི་དམ་པའི་ཆོས་ལ་ཐོས་བསམ་གནང་མཁན་གྲྭ་པ་རྣམས་ལ་དགེ་བཤེས་ལྷ་རམས་པའི་མིང་བཏགས་སྩོལ་བའི་དཔྱད་ཞིབ་གྱི་རྩོད་རྒྱུགས་དང་ལག་འཁྱེར་སྤྲོད་པའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་བསྡུས་པ་རེད།

དགེ་བཤེས་ལྷ་རམས་པ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གྲུབ་མཐའི་གྲྭ་བཙུན་ཚོའི་མདོ་ཕྱོགས་ཉམས་ལེན་གྱི་མིང་བཏགས་མཐོ་ཤོས་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲྭ་པ་དམ་པའི་ཆོས་ལ་སློབ་གཉེར་གནང་མཁན་ཚོའི་ཆེས་མཐོ་བའི་དམིགས་ཡུལ་ཡང་ཡིན། 2011ལོའི་ཟླ་བ༨པར། དབྱར་རྒྱུགས་ལེན་པ་བརྒྱུད་སེ་ར་དགོན་དང་དགའ་ལྡན་དགོན། འབྲས་སྤུངས་དགོན། བཀྲས་ལྷུན་དགོན། བྱམས་པ་གླིང་དགོན་སོགས་དགོན་སྡེ་ཆེན་པོ་བརྒྱད་ནས་ཡོང་བའི་གྲྭ་བཙུན་བརྒྱད་ལ་དམ་བཅའ་འཇོག་པའི་ཐོབ་ཐང་ཐོབ་པ་དང་ཁོང་ཚོ་དངོས་སུ་དམ་བཅའ་འཇོག་པའི་བྱེད་སྒོར་ཞུགས་ཡོད་པ་རེད།

  སྔ་དྲོའི་ཆུ་ཚོད9པའི་ཐོག གྲྭ་བཙུན200ཙམ་གྱིས་མགྲིན་གཅིག་ཏུ་ཁ་ཏོན་བཟློ་ཞིང་གསོལ་བ་འདེབས་སྒྲའི་ཁྲོད་ནས་རྟགས་གསལ་འཕེན་པའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད། རྒྱུགས་སྤྲོད་དགེ་འདུན་པ་བརྒྱད་ཀྱིས༼གཞུང་ཆེན་བཀའ་པོད་ལྔ༽སོགས་ཀྱི་གཞུང་དོན་དྲི་བར་ལན་ཐོགས་པ་མེད་པ་བསྐྱོན་པ་དང་དུས་ཡུན་ཆུ་ཚོད་གཉིས་ཙམ་རྩོད་རྒྱུགས་དང་དཔྱད་འདེམས་རྣམ་པའི་ཞིབ་དཔྱད་བརྒྱུད་དགའ་ལྡན་དགོན་གྱི་རྒྱུགས་སྤྲོད་གྲྭ་བཙུན་རྡོ་རྗེ་རྒྱལ་མཚན་ལ་ཨང་དང་པོ་ཐོབ་པ་དང་ནག་ཆུ་ས་ཁུལ་རོང་ཕུ་རབ་བརྟན་དགོན་གྱི་རྒྱུགས་སྤྲོད་གྲྭ་བཙུན་བསྟན་འཛིན་ནོར་བུར་ཨང་གཉིས་པ་ཐོབ་པ། སེ་ར་དགོན་གྱི་རྒྱུགས་སྤྲོད་གྲྭ་བཙུན་ངག་དབང་བློ་གྲོས་ལ་ཨང་གསུམ་པ་བཅས་ཐོབ་པ་རེད།

 

དགེ་བཤེས་ལྷ་རམས་པའི་མིང་བཏགས་ཐོབ་པའི་གྲྭ་བཙུན།

  བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་བཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དགེ་བཤེས་ལྷ་རམས་པའི་མིང་བཏགས་ཐོབ་པའི་གྲྭ་བཙུན་བརྒྱད་ལ་མཇལ་དར་སྒྲོན་པ་དང་ལག་འཁྱེར་གནང་བ་མ་ཟད་རྟེན་འབྲེལ་ཤིས་ཚིག་གསུངས་པ་རེད། ཁོང་གིས་གསུངས་པར་འདི་ལོའི་རྩོད་རྒྱུགས་ཀྱི་དམ་བཅའ་འཇོག་པའི་བྱེད་སྒོ་ནི2005ལོར་བོད་བརྒྱུད་ནང་བསྟན་པའི་གྲྭ་པ་མཚན་ཉིད་སློབ་གཉེར་བ་རྣམས་ལ་དགེ་བཤེས་ལྷ་རམས་པའི་མིང་བཏགས་སྩོལ་བའི་དཔྱད་ཞིབ་གྱི་རྩོད་རྒྱུགས་ལས་དོན་རྗེས་ཀྱི་ཐེངས་བརྒྱད་པ་དེ་ཡིན། ཨུ་ཡོན་སུམ་ཅུ་ལས་གྲུབ་པའི་དཔྱད་འདེམས་ཨུ་ཡོན་དང་རྩོད་རྒྱུགས་ཀྱི་ཐོག་ནས་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་མཁན་གྲྭ་བཙུན་བརྒྱད། དེ་བཞིན་དགེ་ལུགས་པའི་གྲུབ་མཐའི་དགོན་སྡེ་ཁག་ནས་ཡོང་བའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཁྱོན་མི་གྲངས260ཙམ་བྱེད་སྒོ་འདིར་ཞུགས་ཡོད་པ་རེད།

ཐེངས་འདིའི་རྟགས་གསལ་འཕེན་པའི་བྱེད་སྒོའི་འགན་འཁྲི་ཚང་མ་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་པའི་གྲྭ་པ་མཚན་ཉིད་སློབ་གཉེར་བ་རྣམས་ལ་དགེ་བཤེས་ལྷ་རམས་པའི་མིང་བཏགས་སྩོལ་བའི་དཔྱད་ཞིབ་རྩོད་རྒྱུགས་ཀྱི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་འཁྱེར་བ་དང་། ནན་ཏན་ངང་ཚད་ལྡན་དང་ཡོངས་བསྒྲགས། འདྲ་མཉམ། གཅིག་མཐུན་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཞིབ་དཔྱད་བྱས་ཡོད། ཐེངས་འདིའི་དམ་བཅའ་འཇོག་པའི་བྱེད་སྒོའི་ཁྱད་ཆོས་ནི། དགེ་བཤེས་ལྷ་རམས་པའི་མིང་བཏགས་སྩོལ་བའི་དཔྱད་ཞིབ་ལ་ཞུགས་མཁན་གྱི་དགོན་སྡེ་མང་བ་དང་། དམ་འཇོག་རྩོད་རྒྱུགས་ལ་ཞུགས་མཁན་གྲྭ་བཙུན་ཚོའི་ཆོས་ལུགས་ཀྱི་ཡོན་ཚད་གཏིང་ཟབ་པ་དང་ཡིག་རྒྱུགས་འགྲན་རྩོད་ཆེ་བ། ལྷག་པར་དུ་ས་ཁུལ་མི་འདྲ་བ་ནས་ཡོང་བའི་དམ་འཇོག་རྩོད་རྒྱུགས་གྲྭ་བཙུན་ཚོའི་རྣམ་པ་འབུར་དུ་ཐོན་ཡོད་པ་རེད།

  འདི་ལོའི་དམ་བཅའ་འཇོག་པའི་བྱེད་སྒོ་ཡིས་ཁྱོན་ཡོངས་ནས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་མཚོན་པར་བྱས་ཡོད་པ་དང་། མཐའ་གཅིག་ཏུ་མི་གཙོ་བོར་བཟུང་ནས་ཆོས་ཕྱོགས་ཀྱི་ཤེས་ལྡན་མི་སྣ་གདམས་གསེས་དང་གསོ་སྐྱོང་ཤུགས་ཆེར་བྱས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་ཤེས་བྱའི་ཡོན་ཚད་གཏིང་ཟབ་པ། ཀུན་སྤྱོད་ཐད་ཚུལ་ཁྲིམས་གཙང་པའི་ཆོས་ཕྱོགས་ཀྱི་ཚད་གཞི་དང་མཐུན་པ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོའི་ཆོས་དད་ཀྱི་དགོས་མཁོ་སྐོང་བ་དང་སྔར་ལས་ལྷག་པའི་སྒོ་ནས་ཆོས་ཕྱོགས་ཉམས་ལེན་ལ་ཞུགས་པའི་གྲྭ་བཙུན་ཚོའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་བེད་སྤྱད་ནས་ཆེས་རྒྱ་ཆེ་བའི་སྒོ་ནས་ཆོས་དད་མང་ཚོགས་མཐུན་སྒྲིལ་བྱས་ཏེ། ཁོང་ཚོའི་ཤེས་རབ་དང་སྙིང་སྟོབས་གཅིག་ཏུ་བསྡུས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་གི་བོད་ལྗོངས་འཛུགས་སྐྲུན་དང་ཞི་བདེ་བོད་ལྗོངས། འཆམ་མཐུན་གྱི་བོད་ལྗོངས། སྐྱེ་ཁམས་ཀྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་སྟེང་སླེབས་པར་འབད་བརྩོན་བྱ་དགོས། །http://192.168.1.25:8080/wcm/editor/editor/editor/images/spacer.gif