མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཀྱི་ཤང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན།    2012-04-16 11:35

     སྤྱི་ཚེས11ཉིན་གྱི་སྔ་དྲོར། ལོ་ལྔ་ཚན་བཅུ་གཉིས་པའི་ལྗོངས་ཡོངས་ཀྱི་ཤང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་ལྕགས་འདམ་ཤང་དུ་སྤེལ་བ་དང་། དེས་ལོ་ལྔ་ཚན་བཅུ་གཉིས་པའི་ལྗོངས་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར 5.7 བཏང་བའི་ཤང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས543 གྱི་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་ལ་སླེབས་པ་མཚོན་གྱི་ཡོད་པ་རེད།
    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོག་འགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད་རྣམ་གྲངས་ལ་རྩིག་རྨང་གཏིང་གནང་བ་རེད།

     རྡོ་ཐོག་གིས་གསུང་བཤད་གནང་སྐབས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་ཚན་པ་ཁག་གིས་ཤང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་རྣམ་གྲངས་འཛུགས་སྐྲུན་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་པ་དང༌། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་གཙོ་གནད་རྣམ་གྲངས་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བཏོན་གནང་བའི་འདུ་ཤེས་གསར་པ་དང་བླང་བྱ་གསར་པ་དོན་འཁྱོལ་ནན་ཏན་བྱས་ནས། རྨང་གཞིའི་འཛུགས་སྐྲུན་གྱི་གོ་རིམ་བླང་བྱ་དང་དམ་པོར་བསྟུན་ཏེ་འཛུགས་སྐྲུན་ཚན་པ་དང་ཨར་སྐྲུན་ཚན་པ། ལས་གཞི་ལྟ་སྐུལ་ཚན་པ་བཅས་འགན་འཁུར་ཚན་པ་གཙོ་བོ་གནད་དུ་འཁེལ་བ་བྱེད་པ་དང་རིག་གནས་ཁང་འཛུགས་སྐྲུན་གྱི་ནུས་པའི་བླང་བྱར་གཞིགས་ནས། ལས་ཡུལ་ཡག་པོ་འདེམས་པ་དང་ལས་གཞིའི་འཕེལ་རིམ་མགྱོགས་ལ་སྤུས་ཚད་མཐོ་པོ་ཡོང་རྒྱུ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།།