མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཀྱི་ཡིག་ཚགས་ཁང་གིས་སྔར་མེད་འཛུགས་སྐྲུན་གྱི་དུས་སྐབས་བཟང་པོ་བསུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2012-04-11 11:24

    ད་ལོར། བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ཁང་གསར་འཛུགས་བྱེད་པའི་ལས་གཞི་ཆ་ཚང་དངོས་སུ་འཛུགས་སྐྲུན་བྱེད་པ་དེ་རྣམ་གྲངས་ཀྱི་གྲས་སུ་འགོད་པའི་ལས་དོན་ཁག་ཡོངས་འགྲུབ་བྱས་ཡོད་ལ། སྒར་རྫོང་དང་རྫ་ཡུལ་རྫོང་གཉིས་ཀྱི་ཡིག་ཚགས་ཁང་ད་ལོའི་ལོ་སྟོད་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། གྲོ་མོ་དང་སྣེ་གདོང་རྫོང་བཅས་རྫོང་ཁག་༧གྱི་ཡིག་ཚགས་ཁང་ལོ་འདིའི་ནང་དུ་འཛུགས་སྐྲུན་ལས་འགོ་ཚུགས་ཐུབ་པ་བྱེད་རྩིས་ཡོད། །

    མིག་སྔར། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་ཀྱི་ཅུས་ཀྲང་བློ་བཟང་རྣམ་རྒྱལ་གྱིས་ངོ་སྤྲོད་བྱ་རྒྱུར། བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ཁང་གསར་འཛུགས་བྱེད་པའི་ལས་དོན་དེ་བོད་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་རིང་གི་འཛུགས་སྐྲུན་རྣམ་གྲངས་ཁྲོད་བཀོད་པ་དང་། རྫོང་ཁག་85ཡི་ཡིག་ཚགས་ཁང་འཛུགས་སྐྲུན་ལས་དོན་རྒྱལ་ཁབ་ཀྱི་ནུབ་ཕྱོགས་དཀྱིལ་མཚམས་ས་ཁུལ་གྱི་རྫོང་རིམ་པའི་སྣ་འདུས་ཡིག་ཚགས་ཁང་འཛུགས་སྐྲུན་རྣམ་གྲངས་སུ་བཀོད་པ་ནས་བཟུང་། བོད་ལྗོངས་ཀྱི་ཡིག་ཚགས་ཁང་འཛུགས་སྐྲུན་ལས་དོན་གྱིས་སྔར་མེད་ཀྱི་འཛུགས་སྐྲུན་དུས་སྐབས་བཟང་བོ་ཞིག་བསུས། །

    ཡིག་ཚགས་ཁང་འཛུགས་སྐྲུན་བྱ་རྒྱུ་ནི་ཡིག་ཚགས་བྱ་གཞག་ལེགས་པོར་གཉེར་བའི་རྨང་གཞིའི་དངོས་པོའི་ཁག་ཐེག་ཡིན། 2011ལོ་ནི་བོད་ལྗོངས་ཀྱི་ཡིག་ཚགས་ཁང་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན། ལྷ་ས་གྲོང་ཁྱེར་གྱི་ཡིག་ཚགས་ཁང་དང་། ལྷ་སའི་གྲོང་ཞོལ་ཡིག་ཚགས་ཁང་སོགས་འདུས་པའི་ལྷ་ས་གྲོང་ཁྱེར་གྱི་སྣ་འདུས་འགྲེམ་སྟོན་ཁང་ནི་ཅང་སུའུ་ཞིང་ཆེན་གྱིས་ལྷ་སར་རོགས་སྐྱོར་འཛུགས་སྐྲུན་བྱེད་པའི་མཚོན་བྱེད་རྣམ་གྲངས་ཡིན་ལ། ད་ལྟ་དངོས་སུ་ལས་འགོ་ཚུགས་ཡོད་པ་དང་། གཞིས་ཀ་རྩེ་ས་ཁུལ་གྱི་ཡིག་ཚགས་ཁང་བསྐྱར་འཛུགས་ལས་དོན་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་ཁྲོད་དུ་བཀོད་ཡོད། རྒྱལ་ཁབ་ཀྱི་ནུབ་ཕྱོགས་དཀྱིལ་མཚམས་ས་ཁུལ་གྱི་རྫོང་རིམ་པའི་སྣ་འདུས་ཡིག་ཚགས་ཁང་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་པ་དང་། རྫོང་ཁག་སོ་སོས་ནུས་ཤུགས་ཅི་ཡོད་ཀྱིས་རང་ཉིད་ཀྱི་ཡིག་ཚགས་ཁང་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར། ཐོག་དང་པོར་རྣམ་གྲངས་དེའི་ཁྲོད་དུ་བཀོད་པའི་ཆུ་ཤུར་རྫོང་དང་། ལྷུན་གྲུབ། ཁང་དམར། ཟངས་རི། ལྷ་རྩེ། རྒྱལ་རྩེ། སྨན་གླིང་། བྲག་གཡབ་བཅས་རྫོང་ཁག་༨ཀྱི་སྣ་འདུས་རང་བཞིན་གྱི་ཡིག་ཚགས་ཁང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད། །

    བློ་བཟང་བསོད་ནམས་ཀྱིས་བསྟན་དོན། འཛུགས་སྐྲུན་རྣམ་གྲངས་ཁག་འདི་དག་རིམ་བཞིན་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། ལྷག་པར་དུ་རྫོང་ཁག་སོ་སོའི་ཡིག་ཚགས་ཁང་ཆ་ཚང་འཛུགས་སྐྲུན་ཟིན་རྗེས། བོད་ལྗོངས་ཀྱི་ཡིག་ཚགས་བྱ་གཞག་གི་རྣམ་པ་གསར་བ་ཞིག་ཏུ་འགྱུར་འགྲོ་བ་ཚོད་དཔག་བྱེད་ཐུབ་ཅེས་བཤད། །

    བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ཡིག་ཚགས་ཐོན་སྐྱེད་ཐབས་ལམ་ཡང་ཇེ་མང་ནས་ཇེ་མང་དང་། རྒྱུ་ཆའི་ཐོན་ཁུངས་གཞི་རྒྱའང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ཁང་གིས་ཁུལ་གྱི་ཡིག་ཆ་བསྡུ་ལེན་བྱེད་པ་དང་ཆབས་ཅིག རྩ་ཆེ་བའི་ལོ་རྒྱུས་ཡིག་ཆ་དང་། དངོས་པོའི་ཡིག་ཆ། གློག་རྡུལ་ཡིག་ཆ། སྒྲ་བརྙན་ཡིག་ཆ། གྲགས་ཅན་མི་སྣའི་ཡིག་ཆ་སོགས་འཚོལ་སྡུད་ལས་ཀ་ལའང་ཤུགས་སྣོན་བྱེད་བཞིན་ཡོད།།

    རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཡིག་ཚགས་ཁང་གིས་མུ་མཐུད་དུ་ཡིག་ཆ་བསྡུ་ལེན་གྱི་ཁྱབ་ཚད་རྒྱ་བསྐྱེད་དང་། གལ་ཆེའི་བྱ་འགུལ་གྱི་ཡིག་ཆ་དང་འཛུགས་སྐྲུན་ལས་གཞིའི་ཡིག་ཆ། དེ་མིན་དམངས་འཚོའི་ཡིག་ཆ་བཅས་ཀྱི་བསྡུ་ལེན་ལ་ཤུགས་སྣོན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་གློག་རྡུལ་ཡིག་ཆ་སོགས་རྣམ་པ་གསར་བའི་ཡིག་ཆའང་བསྡུ་ལེན་གྱི་ཁྱབ་ཁོངས་སུ་འཇོག་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གང་འདྲ་ཞིག་ལ་སླེབས་ན་ཡིག་ཆའི་ཐོན་ཁུངས་ཀྱི་འཛུགས་སྐྲུན་ཡང་དེ་གར་སོན་དུ་འཇུག་རྒྱུ་ཁག་ཐེག་བྱེད་རྩིས་ཡོད། །