མཛོ་མོ་མཁར་ལ་གནས་མཇལ་དུ་བསྐྱོད་པའི་ཟིན་ཐོ།

1499397954307364.jpg

ཞོགས་པའི་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་།  ངེད་སྐུ་འབུམ་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲའུ་རིན་དབང་ཕྱུག་དང་བཅས་པའི་སྐུ་འབུམ་དགོན་པའི་རིག་རྫས་སྲུང་སྐྱོབ་དང་འགྲེམ་སྟོན་ལྟེ་གནས་ཀྱི་རྩོམ་སྒྲིག་ཚན་ཆུང་གི་ཚོགས་མི་རྣམས་དགོན་གཞུང་གིས་བཀོད་སྒྲིག་འོག   ཙོང་ཁ་བདེ་ཁམས་ས་ཁུལ་གྱི་གནའ་ཤུལ་འགའ་ལ་གནས་མཇལ་དང་རྟོག་དཔྱོད་དུ་སོང་།  ང་ཚོ་ཟི་ལིང་གྲོང་ཁྱེར་དང་ཙོང་ཁ་བདེ་ཁམས་རྫོང་བརྒྱུད་ནས་བསྐྱོད།  ལམ་བར་ཀུན་ལ་དབྱར་གྱི་དཔལ་ཡོན་བཞད་པས་ཧ་ཅང་སྐྱིད།

མཐོན་པོའི་རི་ལམ་དང་དམའ་མོའི་གཞོང་།  མཛེས་སྡུག་གི་རི་གྲོང་དང་གྲོང་རྡལ་སོགས་མགྱོགས་པའི་རླངས་འཁོར་གྱི་འགྲོས་དང་བསྟུན་ཏེ་རྒྱང་དུ་བསྐྱུར་ནས་རྒྱུག   གཞུང་ལམ་འགྲམ་གྱི་ལྗོན་པའི་ཚོགས་དང་རྒྱང་རིང་གི་རི་ཆུའི་མཛེས་ལྗོངས་ཀྱིས་ངལ་དུབ་ཀྱི་སྣང་བ་ཡོངས་སུ་སངས་བར་བྱེད། སྔ་དྲོའི་དུས་ཚོད་བཅུའི་སྟེང་ང་ཚོ་མཛོ་མོ་མཁར་དུ་སླེབས།  མཛོ་མོ་མཁར་ནི་རྒྱབ་མདུན་གྱི་རི་བརྒྱུད་མཐོ་རྒྱུ་མེད་པའི་ལུང་ཁོག་ཡངས་པ་ཞིག་ཏུ་ཆགས་ལ།  ཁོར་ཡུག་ཀུན་རྩྭ་ཆུ་ནགས་གསུམ་འཛོམས་པས་ཡུལ་ལྗོངས་ཧ་ཅང་སྐྱིད།  ལུང་བའི་མཐིལ་གྱི་ཁོད་ཡངས་པའི་གནས་སུ་གྱང་གི་མཁར་ཆེན་པོ་ཞིག་གི་སྒོའི་སྟེང་ན་རྒྱ་ཡིག་གིས་"ཧོང་ཧ་དགོན་(弘化寺)"ཞེས་ཡིག་འབྲུ་ཆེན་པོ་གསུམ་བྲིས་འདུག་པ་ནི་མཛོ་མོ་མཁར་དུ་གྲགས་པ་ཡིན་འདུག  མཁར་ཆེན་པོ་དང་སྒོ་ཆེན་སྟེང་གི་གནའ་ཡིག་གཉིས་མཐོང་ཙམ་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་གནའ་བོའི་དཔོན་ཆེན་ཞིག་གི་མཁར་ཆེན་པོའམ་དགོན་སྡེ་ཆེན་པོ་ཞིག་ལ་སླེབས་པའི་སྣང་བ་ཞིག་དབང་མེད་དུ་སྟེར།

1499397954936829.jpg

ང་ཚོ་སྒོ་ཆེན་བརྒྱུད་ནས་མཛོ་མོ་མཁར་གྱི་ནང་དུ་སོང་སྟེ་མཆོད་རྟེན་བརྒྱད་བཞེངས་ཡོད་པ་དང་མཇལ།  མཆོད་རྟེན་བརྒྱད་ཀྱི་གོང་ན་ལྕགས་རི་ཆུང་ཆུང་བརྒྱབ་པའི་དགོན་པ་ཞིག་འདུག  ལོ་རྒྱུས་ཀྱི་དེབ་དག་ཏུ་དགོན་འདིར་བྱམས་ཆེན་ཆོས་རྗེ་མཆོག་གི་སྐུ་གདུང་བཞུགས་པར་བཤད་པས་མྱུར་བར་ཆོས་རྗེ་གང་གི་སྐུ་གདུང་མཆོད་རྟེན་ལ་མཇལ་བར་བྲེལ་ཏེ་དགོན་པའི་སྒོ་ཆེན་ཁར་སོང་བ་ན་སྒོ་ཆེན་ལ་ཟྭ་རྒན་ཞིག་བརྒྱབ་འདུག  ལྷོ་སྒོ་ཞིག་ཨེ་ཡོད་བསམ་ནས་བཙལ་དུས་ལྕགས་རིའི་གཡས་ཕྱོགས་སུ་ལྷོ་སྒོ་ཞིག་འདུག་པ་བརྒྱུད་ནས་ནང་དུ་སོང་།  ལྕགས་རིའི་ནང་དབེན་ཐིང་ངེ་ནང་དུ་དགེ་འདུན་པ་དང་གཞན་སུ་ཡང་མི་འདུག  འདུ་ཁང་ཆུང་ཆུང་ཞིག་འདུག་པར་ཡང་ཟྭ་བརྒྱབ་སྟེ་འགྲམ་དུ་ཤོག་བྱང་ཞིག་ཏུ་དཀོར་གཉེར་གྱི་ཁ་པར་ཨང་གྲངས་བྲིས་པ་མཐོང་།  ང་ཚོས་དཀོར་གཉེར་ལ་ཁ་པར་བརྒྱབ་དུས་ཁོ་རང་ཉེ་འདབས་ཀྱི་གྲོང་ཚོའི་ནང་དུ་གྲོང་ཆོག་ན་ཡོད་པས་མྱུར་དུ་ལྡེ་མིག་འཁྱེར་ནས་འདུ་ཁང་སྒོ་འབྱེད་དུ་འོང་ཟེར་བར་སྒུག་ནས་བསྡད།

དཀོར་གཉེར་ལ་སྒུག་པའི་དུས་ཡུན་ཐུང་ཐུང་གི་རིང་།  བདག་གིས་འདུ་ཁང་མཐའ་སྐོར་གྱི་མ་ཎི་འཁོར་ལོ་བསྐོར་རྗེས་འགྲོ་ལམ་ཞིག་བཙལ་ནས་དགོན་པའི་ཕྱི་རོལ་གྱི་མཁར་ཆེན་པོའི་སྟེང་ལ་འགོས་པ་ཡིན།  སྟོད་ཀྱི་མཁར་ཆེན་པོའི་སྟེང་ལ་བུད་པ་ན་མཛོ་མོའི་མཁར་གྱི་ཕྱིའི་བཀོད་པ་དང་ནང་གི་དགོན་པ་ཆགས་པའི་རྣམ་པ་སོགས་ཡོད་ཚད་གསལ་ལེར་མཐོང་ཐུབ།  བོད་ཀྱི་གནའ་བོའི་ཡིག་ཚང་དུ་མཛོ་མོ་མཁར་དང་རྒྱའི་སྐད་དུ་ཧོང་ཧ་དགོན་དུ་འབོད་པ་འདི་ལུང་བ་ཁོད་ཅུང་ཡངས་པ་ཞིག་ཏུ་ཆགས་འདུག་པ་སྟེ།  ལུང་བའི་མཐིལ་དུ་གྱང་གི་མཁར་ཆེན་པོ་གྲུ་བཞི་བརྗིད་ཉམས་དང་བཅས་མཆིས།  མཁར་གྱི་ཕྱོགས་གཅིག་གི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ་གཅིག་ཙམ་འདུག་ལ།  མཐོ་ཚད་རྨིད་བཅུའི་ཡན་དང་མཁར་གྱི་སྟེང་གི་ཞེང་ལ་རྨིད་གསུམ་ཙམ་འདུག་པས་མཁར་སྟེང་ནས་ཤིང་རྟ་འཁོར་ལོ་ཆུང་ངུ་ཡང་ལྷོད་ལྷོད་དུ་བསྐྱོད་ཐུབ།  ལོ་རྒྱུས་ཀྱི་བཤད་རྒྱུན་ལྟར་ན་མཁར་འདི་ལ་ལོ་ངོ་དྲུག་བརྒྱ་ལྷག་གི་དུས་ཡུན་བརྒལ་བར་བཤད་ཀྱང་།  མཁར་ཆེན་པོའི་ཕྱོགས་བཞི་ལ་གཏོར་སྐྱོན་ཆེར་བྱུང་མེད་པར་ལོ་རྒྱུས་ཀྱི་གནའ་ཉམས་དང་བཅས་བརྗིད་ཆགས་སེ་མཁར་སྟེང་དུ་རྩྭ་དང་ཤིང་ཕྲན་མང་པོ་སྐྱེས་ནས་འདུག  མཁར་གྱི་ལྷོ་ཕྱོགས་ཀྱི་སྒོ་ཆེན་ལ་ཕྱི་སྒོ་དང་ནང་སྒོ་གཉིས་ཕྱེས་ཏེ་ནང་རིམ་གྱི་སྒོ་ཆེན་གཡས་གཡོན་སོ་ཕག་གིས་བཞེངས་ཤིང་སྟེང་དུ་རྒྱ་ཡིག་གིས་"ཧོང་ཧ་དགོན་"ཞེས་བྲིས་འདུག  ནང་རིམ་གྱི་སྒོ་ཆེན་དེ་ལ་གྱང་གི་མཁར་གྲུ་བཞི་ཆུང་ངུ་མཐོ་ཚད་སོགས་ལྕགས་རི་ཆེན་པོའི་ཚད་དང་ཉམས་པ་ཞིག་འདུག་པའི་སྒོ་ཆེན་ལ་གཏོར་ཞིག་ཐེབས་ནས་ཤུལ་ཙམ་ལས་མི་འདུག་གོ།

མཁར་ཆེན་པོའི་དཀྱིལ་གྱི་དགོན་པའི་ལྕགས་རིའི་ནང་ལོག་གི་སྟོད་ན་མཆོད་རྟེན་ཆེན་མོ་ཞིག་དང་དེའི་ཞོལ་དུ་དགོན་པའི་ཚོགས་ཆེན་འདུ་ཁང་།  འདུ་ཁང་མདུན་གྱི་ལོག་གཉིས་སུ་དགོན་པའི་སྤྱི་སོ་དང་གཞུང་ལས་ཁང་།  ལྷས་སྐོར་ཞོལ་མའི་ལོག་གཉིས་སུ་ལྷ་ཁང་རེ་འགའ་དང་།  སྨད་ཀྱི་ལྕགས་རིའི་དཀྱིལ་ན་རྒྱ་ཕིབ་དང་མདའ་ཡབ་ཅན་གྱི་སྒོ་ཆེན་ཞིག་བཞེངས་འདུག  སྒོ་ཆེན་གྱི་ཕྱིའི་ཐང་ཆེན་ན་སྟོན་པའི་མཛད་ཆེན་བརྒྱད་མཚོན་པའི་མཆོད་རྟེན་བརྒྱད་བརྗིད་ཉམས་དང་བཅས་མཆིས།  དགོན་པའི་ལྕགས་རི་དང་ཕྱིའི་མཁར་གྱང་ཆེན་པོའི་བར་ན་གྲྭ་ཤག་རེ་འགའ་དང་།  རིགས་མི་འདྲ་བའི་ལྗོན་པའི་ཚོགས་དང་ཤིང་ཏོག་གི་སྡོང་བོ།  རྩ་དང་རྩི་ཤིང་སོགས་ཀྱིས་བརྒྱན་པས་ཉམས་དགའ་ཞིང་གནས་ཡིད་དུ་འོང་བ་ཞིག་ཏུ་འཁུམས།

ཅུང་ཙམ་གྱི་རྗེས་སུ་མཁར་གྱི་སྒོ་ཆེན་བརྒྱུད་ནས་རླངས་འཁོར་ཆུང་ངུ་ཞིག་ཐོན་བྱུང་།  རླངས་འཁོར་ལས་གྲྭ་གཞོན་ཞིག་བབས་ཏེ་ང་ཚོ་ལ་འཚམ་འདྲི་གནང་བྱུང་། ཁོང་ནི་དགོན་པའི་དཀོར་གཉེར་ཡིན་འདུག  འདུ་ཁང་གི་ལྷོ་སྒོ་ཕྱེས་ནས་ནང་དུ་མཆོད་མཇལ་གཏོང་དུ་བཅུག  འདུ་ཁང་ཆུང་ངུ་དེའི་ནང་དུ་སྐུ་གསུང་ཐུགས་རྟེན་གྱིས་བཀང་བའི་དཀྱིལ་དུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་འབག་སྐུ་ཆེན་པོ་རྨིད་བཞི་ཙམ་འདུག་པ་ཞིག་དང་།  དབུས་ཀྱི་ཀུན་དགའ་རྭ་བར་བྱམས་ཆེན་ཆོས་རྗེ་གང་གི་སྐུ་གདུང་མཆོད་རྟེན་དང་ལོགས་སུ་མིན་གོང་མས་བྱམས་ཆེན་མཆོག་ལ་གནང་བའི་བཞུགས་ཁྲི་དང་མཚན་བྱང་སོགས་འདུག  དཀོར་གཉེར་གྱིས་དགོན་པ་འདིར་ད་ལྟ་གྲྭ་བ་ལྔ་ཙམ་བཞུགས་ཚུལ་དང་དགོན་པར་དཀའ་ངལ་ཆེ་ཚུལ།  བྱམས་ཆེན་ཆོས་རྗེ་མཆོག་ཡུལ་འདིར་བྱོན་པའི་ལོ་རྒྱུས་མདོར་བསྡུས་དང་།  ང་བརྒྱད་དང་རིག་གསར་གྱིས་བོད་ཀྱི་དགོན་སྡེ་གཞན་དག་དང་འདྲ་བར་མཛོ་མོ་མཁར་ལ་ཡང་གཏོར་སྐྱོན་ཆེན་པོ་ཐེབས་ཚུལ་སོགས་རྒྱ་སྐད་ཀྱིས་མཚམས་སྦྱོར་གནང་བྱུང་།

དེ་ཡང་༼མདོ་སྨད་ཆོས་འབྱུང་༽ལས།  དགོན་པ་འདིའི་མིང་ལ་ཁྲི་གྱིན་ཧུང་ཧྭ་ཟིའམ་མཛོ་མོ་མཁར་ཞེས་དང་།  མཛོ་མོའི་མཁར་གྱི་ལོ་རྒྱུས་ཐད་བཤད་ཚུལ་མི་མཐུན་པ་གསུམ་ཙམ་བཀོད་འདུག   བཤད་ཚུལ་དང་པོ་ནི།  བྱམས་ཆེན་ཆོས་རྗེ་མཆོག་རྒྱ་ནག་ཏཱ་མིང་ཡུང་ལོ་རྒྱལ་བོ་དང་སྲས་ཟོན་ཏེ་གཉིས་ཀྱིས་སྔ་རྗེས་སུ་རྗེ་ཙོང་ཁ་བ་ཆེན་པོའི་ཚབ་ཏུ་དབུ་བླར་སྤྱན་དྲངས།  ཐེངས་རྗེས་མ་སྲས་ཟོན་ཏེས་སྤྱན་དྲངས་ཏེ་སླར་དབུས་སུ་ཕེབས་སྐབས་མཛོ་མོ་མཁར་དུ་སྐུ་གཤེགས་ཞེས་༼དགའ་ལྡན་ཆོས་འབྱུང་༽དུ་གསུངས་ཞེས་བཤད་ཚུལ་དང་།  བཤད་ཚུལ་གཉིས་པ་ནི་དེ་དང་མི་མཐུན་པ་༼བེ་སེར་༽གྱི་བཤད་ཚུལ་དྲངས་ཏེ། བྱམ་ཆེན་ཆོས་རྗེ་རྒྱ་ནག་ཏུ་ཕེབས་པའི་མར་ལམ་ས་འདིར་དགོན་པ་ཞིག་བཏབ་ན་ལེགས་ཞེས་ལུང་བསྟན།  ཕྱིས་རྒྱ་ནག་ཏུ་ཞིང་འཕོས་ཏེ་སྐུ་གདུང་ཡར་དབུས་སུ་གདན་འདྲེན་སྐབས།  ཡུལ་འདིའི་ཐང་དུ་ཤིང་རྟ་འདམ་དུ་ཟུག་པ་བཞིན་འགྲོ་མ་ཐུབ་པས་སྔར་གྱི་བྱམས་ཆེན་མཆོག་གི་གསུང་དྲན་ཏེ་ཡུང་ལོ་རྒྱལ་པོས་མཁར་བརྩིགས་ཏེ། ནང་དུ་ལྷ་ཁང་དང་གསེར་གདུང་སོགས་རྟེན་མང་པོ་བཞེངས།  བུ་ཆེན་སེང་གེ་བཟང་པོ་གདན་སར་བཞག་པ་སོགས་ཀྱི་བཤད་ཚུལ་རེད།    བཤད་ཚུལ་གསུམ་པ་ནི་བྲག་སྒོམ་པ་རང་གི་དགོངས་པ་དང་མཐུན་པའི་ཚུལ་དུ་དྲངས་པ་སྟེ།  བྱམས་ཆེན་ཆོས་རྗེ་ཡུང་ལོ་རྒྱལ་བོས་གདན་དྲངས་ཏེ་ཕྱིར་ལི་ཐང་གི་ས་ཆ་བརྒྱུད་ནས་དབུས་སུ་ཕེབས།  ཐེངས་རྗེས་མའི་མར་ལམ་དུ་མཚོ་སྔོན་ཙོང་ཁའི་ཟི་ལིང་དང་།  མཛོ་མོ་མཁར།  ཀ་ཇུ།  འཕགས་པ་ཤིང་ཀུན།  ཐོའུ་ཇུ།  མེན་ཇུ།  ཟི་ངན་བུ།  ཤན་ཟི།  ཨུ་ཐའི་ཤན་རྣམས་བརྒྱུད་དེ་ཕོ་བྲང་དུ་ཕེབས།  དེ་དུས་མཛོ་མོ་མཁར་འདི་བྱིན་གྱིས་རླབས་ནས་བུ་ཆེན་ཤཱཀྱ་ཚུལ་ཁྲིམས་ཀྱིས་དམ་ཆོས་ཐར་གླིང་བཏབ། ས་སྐྱ་བ་བསོད་ནམས་ཡེ་ཤེས་ཀྱིས་རྒྱུད་སྡེ་བཞིའི་གྲྭ་བཙུགས།  རྗེས་སུ་བྱམས་ཆེན་ཆོས་རྗེ་ཉིད་རྒྱ་ནག་ཏུ་དགུང་ལོ་གྱ་གཉིས་བཞེས་པ་ཤིང་ཡོས་ཟླ་བཅུ་བའི་ཚེས་ཉེར་བཞིའི་ཉིན་འདས་པའི་སྐུ་གདུང་མཆོད་རྟེན་རྒྱལ་བོའི་བཀའ་ལྟར་ཆོས་རྗེ་བསོད་ནམས་ཤེས་རབ།  ཆོས་རྗེ་སེང་གེ་བཟང་པོ་གཉིས་ཀྱིས་མཛོ་མོ་མཁར་དུ་གདན་དྲངས་ནས་གཙུག་ལག་ཁང་ཁྱད་དུ་འཕགས་པ་བསྐྲུན་ཏེ་བཞུགས་སུ་གསོལ།  ཞེས་སོགས་བཀོད་རྗེས་བཤད་ཚུལ་དེ་འཐད་པའི་སྒྲུབ་བྱེད་དུ་རྗེ་སྐལ་ལྡན་རྒྱ་མཚོས་ཀྱང་།  བྱམས་ཆེན་ཆོས་རྗེ་དང་དྲུང་ཤ་རིའི་བུས་མཛོ་མོ་མཁར་དུ་ལྷ་ཁང་བཞེངས་བཤད་པ་དང་མཐུན་ཚུལ་གོང་བསྒྲིགས་ཏེ་གསུངས་སོ།།

དེས་ན་བྲག་སྒོམ་པས་མདོ་སྨད་ཆོས་འབྱུང་དུ་བཤད་ཚུལ་དང་བྱམས་ཆེན་གྱི་རྣམ་ཐར་དངོས་གཉིས་གོང་བསྒྲིགས་ནས་བཤད་ན་འདི་ལྟ་སྟེ།  བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་རྗེ་ཙོང་ཁ་བའི་དངོས་སློབ་ཏི་ཤྲིར་གྱུར་བའི་བླ་ཆེན་གཉིས་ཀྱི་གྲས་ཡིན།  ཕྱི་ལོ1354ལོར་ཚལ་གུང་ཐང་དུ་སྐུ་འཁྲུངས། རྗེ་བླ་མ་ལས་དགུང་ལོ་གསུམ་གྱིས་བགྲེས།  གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ་གསན་བསམ་རྒྱ་ཆེར་མཛད། བཤེས་བཉེན་མང་པོ་བསྟེན་ནས་གཞུང་ཆེན་པོར་སྦྱངས་ཏེ་མཁས་པའི་སྙན་པ་འབར། ལྷག་པར་རྗེ་ཙོང་ཁ་པ་མཆོག་བླ་མའི་གཙོ་བོར་བསྟེན་ཏེ་བསྙེན་པར་རྫོགས་ཤིང་མདོ་སྔགས་གཉིས་ལ་སྦྱངས་པས་མཁས་པའི་གྲགས་པས་ཁྱབ། ཕྱི་ལོ1408ལོར་མིན་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་རྒྱལ་བོས་ཕོ་ཉ་ཏཱ་ཞིང་བཞིས་མགོ་བྱས་ཕོ་ཉ་བརྒྱ་ཕྲག་མངགས་ཏེ།  རྗེ་ཙོང་ཁ་པ་མཆོག་སྔ་ཕྱིར་ལན་གསུམ་ཙམ་གདན་ཞུ་གནང་ཀྱང་དགོས་པ་ཆུང་པར་གཟིགས་ནས་ཞལ་བཞེས་མ་མཛད། མཐར་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཉིད་སྐུ་ཚབ་ཏུ་རྒྱ་ནག་གོང་མའི་མཆོད་གནས་སུ་མངགས།  གོང་མ་ཡུང་ལོ(永乐)ཁྲི་ལོ་བཅུ་གཉིས་པ་ཕྱི་ལོ1414ལོའི་ཟླ་བཅུ་གཉིས་པའི་ཟླ་སྨད་དུ་དབུས་ནས་རྡོག་ཐོན་ཏེ་ནན་ཅིན་དུ་ཕེབས་ནས་གོང་མར་མཇལ། གོང་མའི་དགོངས་པ་ལྟར་རྒྱུད་སྡེ་སྒྲུབ་མཆོད་འཛུགས་པ་དང་དགོན་སྡེ་འདེབས་པ་སོགས་དགེ་ལྡན་རིང་ལུགས་ཀྱི་བསྟན་པ་རྒྱ་ནག་ཁུལ་དུ་ཐོག་མར་སྤེལ།  ཡུང་ལོས་ཆོས་རྗེ་ཉིད་ལ་"ཐམས་ཅད་མཁྱེན་པ།  བློ་གྲོས་ཆེན་པོ།  ཀུན་གྱི་སྐྱོབ་པ།  བྱམས་པ་ཆེན་པོ། ཡངས་པའི་རྒྱལ་ཁམས་ཅད་བདེ་བར་སྦྱོར་བ།  ཀུན་གྱི་གཙུག་ཏུ་དབང་བསྐུར་བ། ནུབ་ཕྱོགས་ཀྱི་རྒྱལ་བོའི་སྲས་བོ། སྐྱིད་པའི་རྒྱལ་སྲིད་མི་འགྱུར་བརྟན་པའི་བླ་མ་ཆེན་པོ།  ཏཱ་ཀོའུ་ཤྲི་བྱམས་ཆེན་ཆོས་རྗེ"ཞེས་པའི་མཚན་དང་། གསེར་ནག་ལས་གྲུབ་པའི་ཐམ་ཀ་དང་བཅས་ཕུལ་ཏེ་བསྟན་པའི་གཙུག་རྒྱན་དུ་མངའ་གསོལ། རི་བོ་རྩེ་ལྔར་བྱོན་ནས་བསྟན་པའི་བྱ་བ་མཛད། ཕྱི་ལོ1416ལོར་བཀའ་འགྱུར་པར་ཕུད་བསྣམས་ནས་ཁམས་ལི་ཐང་བརྒྱུད་ནས་བོད་དུ་ཕེབས།  ཕྱི་ལོ1419ལོར་རྗེ་ཙོང་ཁ་བའི་བཀའ་ལྟར་སེ་ར་ཐེག་ཆེན་གླིང་ཕྱག་བཏབ། ལོ་དེའི་ཟླ་བཅུ་བར་རྗེ་ཙོང་ཁ་པ་མཆོག་དགའ་ལྡན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། དེ་རྗེས་སླར་ཡང་མིན་གོང་མས་སྤྱན་དྲངས་པ་ལྟར་ཕྱི་ལོ1429 ལོར་མདོ་སྨད་མཚོ་སྔོན་ཙོང་ཁའི་ཟི་ལིང་དང་།  མཛོ་མོ་མཁར།  ཀ་ཇུ།  འཕགས་པ་ཤིང་ཀུན་སོགས་བརྒྱུད་ནས་རྒྱ་ནག་པེ་ཅིན་དུ་ཕེབས།  སྐབས་དེར་མཛོ་མོ་མཁར་དུ་ཕེབས་ནས་ལྷ་ཁང་དང་དགེ་འདུན་གྱི་སྡེ་བཙུགས། རྒྱ་ནག་ཏུ་ཆོས་སྡེ་འདེབས་པ་དང་ཆོས་སྐོར་རྒྱ་ཆེར་བསྐོར། ཟོན་ཏེའམ་ཞོན་ཏེ་ཁྲི་ལོདགུ་བ་ཕྱི་ལོ1434ལོར་ཆོས་རྗེ་ཉིད་ལ་སླར་ཡང་ཆོ་ལོ་དང་ཟང་ཟིང་གི་དངོས་པོ་གྱ་ནོམ་ཕུལ།  ༼མདོ་སྨད་ཆོས་འབྱུང་༽ལྟར་ན་དགུང་ལོ་གྱ་གཉིས་བ་ཕྱི་ལོ1435ལོའི་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་སྐུ་གཤེགས་ཏེ་སྐུ་གདུང་མཛོ་མོ་མཁར་དུ་གདན་དྲངས་ནས་བཞུགས་སུ་གསོལ་བར་བཤད་ལ།  ལོ་རྒྱུས་མང་པོ་ན་བྱམས་ཆེན་ཆོས་རྗེ་ཉིད་དགུང་ལོ་གྱ་གཉིས་སྟེང་མཛོ་མོ་མཁར་དུ་ཕེབས་ཏེ་སྐུ་གཤེགས་ནས་སྐུ་གདུང་བཞེངས་པར་བཤད།  རྗེས་སུ་རྒྱལ་བ་བསོད་ནམས་རྒྱ་མཚོ་ཡང་ཡུལ་འདིར་ཞབས་ཀྱིས་བཅགས་ཏེ་ཟབ་ཆོས་མང་དུ་གསུངས་ལ།  རབ་བྱུང་བསྙེན་རྫོགས་མང་དུ་གནང་བའི་གནས་ཁྱད་པར་ཅན་ཡིན་པར་བཤད།  དེ་བས་རྗེ་ཐུའུ་བཀྭན་ཆོས་ཀྱི་ཉི་མས། མི་དབང་ཏཱ་མིང་རྒྱལ་བོའི་བསོད་ནམས་དང་།།བྱམས་ཆེན་ཆོས་རྗེའི་འཕྲིན་ལས་ཟུང་འབྲེལ་གྱིས།།བསྐྲུན་པའི་མཛོ་མོ་མཁར་གྱི་གཙུག་ལག་ཁང་།།ཕྱི་རྟེན་ནང་རྟེན་ཡོད་དགུ་མཇལ་ལགས་སམ།།ཁྱད་པར་རྒྱལ་བ་གཉིས་པའི་བུ་ཆེན་མཆོག །བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི།།རིང་བསྲེལ་སྙིང་བོར་བཞུགས་པའི་མཆོད་རྟེན་དང་།།དེ་ཡི་ཐུགས་དམ་བརྟེན་རྣམས་མཇལ་ལགས་སམ།།ཞེས་གསུངས་སོ།།

ངག་རྒྱུན་ན་"བྱམས་ཆེན་ཆོས་རྗེ་རྒྱ་ནག་གོང་མ་ཡུང་ལོའི་དབུ་བླར་ཕེབས་ཏེ་ཕྱིར་ཡུལ་འདིར་ཕེབས་དུས།  རྗེ་ཙོང་ཁ་པ་མཆོག་སྐུ་མྱ་ངན་ལས་འདས་པ་ཐོས་དུས་ཡུལ་འདིར་དགོངས་པ་རྫོགས་"ཞེས་བཤད་ཚུལ་ཞིག་དང་།  ཡང་ལ་ལས་"རྗེ་ཙོང་ཁ་པ་མཆོག་སྐུ་མྱ་ངན་ལས་མ་འདས་པའི་སྔོན་དུ་བྱམས་ཆེན་ཆོས་རྗེ་དགོངས་པ་རྫོགས་ཏེ། རྗེ་ཙོང་ཁ་པ་སྐུ་ཚེ་ཕྱི་མར་དགའ་ལྡན་དུ་ཕེབས་པར་སྔོན་བསུ་རུ་གཤེགས་"པར་བཤད་པ་ནི་རྗེའི་རྣམ་ཐར་དང་ཆོས་འབྱུང་དག་གི་བཤད་ཚུལ་དང་མི་མཐུན་པས་བདེན་པར་མ་མཐོང་།  ཆོས་འབྱུང་དང་རྣམ་ཐར་དག་ཏུ་རྗེ་བླ་མ་ཙོང་ཁ་པ་མཆོག་དགོངས་པ་རྫོགས་རྗེས་སུ་བྱམས་ཆེན་ཆོས་རྗེ་ལོ་མང་ལ་བཞུགས་པ་དང་། ཡང་བསྐྱར་རྒྱ་ནག་གོང་མའི་དབུ་བླར་ཕེབས་པ་གོང་དུ་བཤད་པ་ལྟར་དང་།  གུང་རུ་རྒྱལ་མཚན་བཟང་བོས་སྟོང་ཉིད་ཀྱི་ལྟ་བའི་ཐད་ནས་རྗེའི་རིང་ལུགས་དང་མི་མཐུན་པར་བོད་སྔ་རབས་པའི་ཕྱག་ཆེན་དང་མཐུན་པར་གསུངས་པར།  མཁས་གྲུབ་རྗེས་བཀའ་བཀྱོན་མཛད་པར་ཐུགས་སྐྱོ་བའི་རྣམ་པས།  "མི་རྣམས་ཕལ་ཆེར་གྲགས་པའི་རྗེས་སུ་འབྲང་།།བློ་བཟང་གྲགས་པ་དགའ་ལྡན་གནས་སུ་གཤེགས།།བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས།།རྒྱལ་མཚན་བཟང་བོ་གངས་རིའི་ཁྲོད་འདིར་ལུས།།"ཞེས་གསུངས་པས་ཀྱང་རྗེ་བླ་མ་མྱ་ངན་ལས་འདས་རྗེས་བྱམས་ཆེན་ཆོས་རྗེ་གོང་མའི་དབུ་བླར་ཕེབས་ཏེ་ཡུན་རིང་དུ་བཞུགས་པ་རྟོགས་ནུས་སོ།།

མཇལ་ཚར་རྗེས་དགོན་པའི་ལྕགས་རི་དང་མཁར་གཉིས་ཀྱི་བར་ན་གནས་པའི་ཙན་དན་གྱི་སྡོང་བོ་ཞིག་ཡོད་ཟེར་བ་ལ་མཇལ་དུ་སོང་།  དཀོར་གཉེར་གྱིས་འགྲེལ་བཤད་གནང་བ་ལྟར་ན།  ཙན་དན་གྱི་སྡོང་བོ་དེ་ནི་སྔོན་བྱམས་ཆེན་ཆོས་རྗེ་མཆོག་ཡུལ་འདིར་ཕེབས་དུས་སྐུ་དངོས་ཀྱིས་བཙུགས་པའི་སྡོང་བོ་ཡིན་ལ།  ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཟེར།  ཙན་དན་གྱི་སྡོང་བོ་ནི་སྤྱིར་བཏང་སྡོང་རྒན་ཆེན་པོ་ཞིག་ཡིན་ན་འགྲིག་ཀྱང་།  དེང་དངོས་སུ་ཡོད་པ་ནི་གཞི་གཅིག་ཏུ་སྡོང་ཕྲན་མང་པོ་སྐྱེས་པ་ཞིག་འདུག  ཕལ་ཆེར་སྔོན་གྱི་བྱམས་ཆེན་ཆོས་རྗེས་བཙུགས་པའི་ཙན་དན་སྡོང་བོ་དངོས་ལ་སྐྱོན་བྱུང་ནས་ཤུལ་དུ་སྐྱེས་བ་ཨེ་ཡིན་ནམ་སྙམ།

དེ་ནས་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་མཛོ་མོ་མཁར་དང་གྱེས།  ཡང་བསྐྱར་ལམ་ལ་ཆས་ཏེ་ཁ་ཏཱའི་ཁ་བའི་དགོན་པའི་ཕྱོགས་སུ་བསྐྱོད།  རི་རྒྱུད་དང་ལུང་ཁུག་མང་དུ་བརྒྱུད་མཐར་བཀའ་མ་ལོག་ཅེས་འབོད་པའི་ལུང་བ་གཞོང་ཆེན་ཞིག་ཏུ་སླེབས།  བཀའ་མ་ལོག་ཅེས་པ་ནི་ལོ་རྒྱུས་སྟེང་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་རིང་ལ་བོད་མདོ་སྨད་ཕྱོགས་ཀྱི་མཐའ་མཚམས་སྲུང་བར་མངགས་པའི་དཔའ་བོ་མི་དགུ་གཞི་ཆགས་ས་ཡིན་པར་བཤད།  བཤད་རྒྱུན་དུ་དཔའ་བོ་མི་དགུ་ལ་བཙན་པོའི་བཀའ་མ་ལོག་བར་དུ་བོད་རྒྱའི་མཐའ་མཚམས་འདི་སྲུང་ནས་འདུག་དགོས་ཞེས་བཀའ་ཕབ་པས་"བཀའ་མ་ལོག་"ཅེས་པའི་མིང་འདི་ཐོགས་ལ།  ཡུལ་འདིའི་ད་ལྟའི་བོད་པ་དག་བོད་བཙན་པོའི་སྐབས་ཀྱི་དཔའ་བོ་མི་དགུའི་མདུང་རྒྱུད་ཡིན་པར་ལབ།  དུས་ཚོད་ཕྱེད་ཀ་ལྷག་ལ་བསྐྱོད་མཐར་ང་ཚོ་ཁ་ཏའི་ཁ་བའི་དགོན་དུ་སླེབས། །

ཕྱི་ལོ2017ལོའི་ཟླ5བའི་ཚེས20ཉིན།  ཧོར་ཟླ༤པའི་ཚེས༢༥ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།