ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ལྡན་ཞིང་གི་དྲན་དབྱངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2016-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་ལོའི་ལོ་སར་གྱི་ཚེས་ཉེར་བརྒྱད་ཉིན་ཕ་ཡུལ་ནས་ལམ་ལ་ཆས་ཏེ་ལན་ཇུ་གྲོང་ཁྱེར་གྱི་རླངས་འཁོར་ས་ཚིགས་དང་ཐག་ཅུང་རིང་བའི་ཤར་ཕྱོགས་ས་ན། ཟི་ལིང་སྣ་འཛོམས་འབབ་ཚིགས་དང་། བསྡུར་ཐབས་བྲལ་བའི་མེ་འཁོར་འབབ་ཚིགས་དེས་སྔར་བཞིན་སྤྲང་བོ་ཞིག་དང་འདྲ་བར་རྙིང་ཆས་གྱོན་འདུག    དེ་ནས་ཀོང་ཀྲོའུ་ནས་ལྷ་སར་བགྲོད་པའི་མེ་འཁོར་དུ་བསྡད་ནས་ཕྱི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད༥-༦ཡས་མས་སུ་ཕོ་བྲང་པོ་ཏ་ལ་ཆུ་བུར་མིག་གིས་མཐོང་ཐུབ་པ་བྱུང་། ངས་ཆུང་དུས་ནས་རེ་བའི་དག་ཞིང་དུ་འབྱོར་བྱུང་སྙམ་ནས་དགའ་བ་མནོན་མ་ཐུབ་པར“སྭོ་ཡ་ལ། ལྷ་ས་མ་ཆགས་ལྷ་ས།། ལྷ་ས་རྒྱ་མཚོའི་ཁ་ན་ཆགས་ཡ།། སྭོ་ལོ་ལོ། སྭེ་ལེ་ལེ། རྩེ་རུ་རྩེ་མོ་སྐོར་བ་བྱེད་ཀི་འགྲོ་ཡ”ཞེས་པའི་བྱིས་གླུ་དེ་དྲན་བྱུང་།

69772e7e3ac3f457bd89d298468e72dd.jpg

བརྗིད་ཅིང་ལྷུན་ཆགས་པའི་ཕོ་བྲང་དེ་གྲུ་འཛིན་རི་བོའི་སྟེང་དུ་འགྱིང་ཉམས་གྱིས་གནས་འདུག་པ་ནི་མ་བརྩིགས་རང་བྱུང་ཇི་བཞིན་འཁྲུག་ཆ་དོད། ངའི་སེམས་སུ་གནས་འདི་ནས་བོད་རྒྱལ་སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུ་བའི་དགོངས་པ་འདི་ནས་འཁྲུངས་མྱོང་ལ། རིས་སྙོམས་དགེ་བཅུའི་ཁྲིམས་ཀྱིས་རྒྱལ་ཁོངས་བདེ་ལ་ཕབ་སའང་འདི་ཡིན། བློན་ཆེན་སློབ་དཔོན་ཐོན་མིའི་རང་རེའི་བླ་སྲོག་ཏུ་བརྒྱུས་པའི་དབྱངས་གསལ་སོ་བཞིའི་རྒྱལ་མཚན་ཐོག་མ་འདི་ནས་བསྒྲེངས་ལ། ཨ་ཅེ་རྒྱལ་བཟའ་བལ་བཟའི་འཆོར་སྒེག་གི་སྟངས་སྟབས་འདི་ནས་ངོམ།   བློན་ཆེན་མགར་བ་སྟོང་བཙན་གྱིས་རིག་པའི་ཁྱུང་ཆེན་རྩེན་ས་འདི་ཡིན། དེ་བཞིན་སྤུ་རྒྱལ་གསེར་རིའི་ཕྲེང་བ་ཆད་མེད་ངང་བྱོན་ནས་བོད་ཆེན་པོའི་སྲིད་དབང་རང་ཚུགས་ཀྱི་བསླངས་ཞིང་རང་སྤེལ་གྱིས་འཚོ་བའི་ལོ་རྒྱུས་ཀྱི་རྡོ་རིང་ལ་ཕྱིར་དྲན་བྱས་ཏེ་ཡུད་ཙམ་ལ་ཧབ་དེ་ལུས།

a9055976cea233f3c12fd194a24c3dfc.jpg

སྤྱི་ཟླ༢པའི་ཚེས༡༠ཉིན་གྱི་ཞོགས་པའི་ཆུ་ཚོད༥-༦ཙམ་གྱི་སྟེང་དུ་ལྷ་ས་ནས་ལམ་ལ་ཆས་ཏེ་བཤད་རྒྱུན་ལྟར་རྗེ་བླ་མའི་དྲི་ཆབ་གཏོར་བའི་བཞུར་ཚུལ་ལྟར་བཞེངས་བའི་ལམ་ཆེན། ད་ལྟ་སྣུམ་ལམ་རེད། དེར་འཁྱོག་ཆེན་པོ་ཉེར་བདུན་ཡོད་པས་ངོ་མ་རང་ཉིད་ཁྱབས་མའི་ནང་གི་འབྲུ་བཞིན་ཡར་གཡུགས་མར་གཡུགས་ངང་ལམ་དེ་བརྒྱུད་ནས་སྐྱ་རེངས་བཀྱགས་ཡོང་བ་དང་མཉམ་དུ་དགེ་ལུགས་མ་དགོན་དགའ་ལྡན་དགོན་དྲུང་དུ་བདེ་ལེགས་ངང་འབྱོར། རླངས་འཁོར་ནས་ངལ་ཅུང་ཙམ་གསོས་རྗེས་ཁ་བའི་ཟེགས་མས་ཡོངས་སུ་བསྟུམས་པའི་གཡས་རི་ངོས་ཀྱི་ལམ་ཕྲན་དུ་ཨ་ཕོ་ཁམས་པ་འགའ་དང་ལྷན་དུ་ལྷ་བསང་བཏང་བར་སོང་མོད། འོན་ཀྱང་མུན་ནག་པའི་དབང་གིས་ཁ་བའི་ཁྲོད་ནས་བསང་རྫས་དང་མཉམ་དུ་ཐེངས་འགར་འགྱེལ་དུས། ལག་ཟུང་ནི་རི་སྤྱང་སྔོན་མོའི་རྐང་རྗེས་བཞིན་དཔར་ཚེ། གཤིན་རྗེའི་འཕྲང་ལམ་དུ་བསྐྱོད་འདྲའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་ཤར་རུང་། གློ་བུར་བའི་དད་སེམས་ཀྱིས་རང་བློ་ནང་དུ་བཅུག་ནས་རྒྱབ་རིའི་ཆེས་མཐོ་ས་ནས་བསང་མཆོད་དང་ཁ་མདོག་སྣ་ལྔའི་དར་ལྕོག་ཉག་བར་ལ་འཐེན་ཞོར། རེ་བའི་རླུང་རྟ་དགུང་ལ་སྤུར་བ་དང་། དར་དཀར་ལྟ་བུའི་བསང་དུད་གྱིས་རི་རྩེ་ཡོངས་སུ་གཡོགས་དུས། རང་ཉིད་ལྷ་ཡུལ་དུ་འབྱོར་བའི་བདེ་སྣང་ཞིག་འགོག་མེད་དུ་འཕྱུར་བྱུང་། དེ་ནས་མར་བབས་ནས་ཕྲ་ལམ་མེར་ཆགས་པའི་དགའ་ལྡན་དགོན་པར་ཞིབ་མཇལ་བྱེད་དུས། བློ་ངོར་ཡོད་པའི“དམིགས་བརྩེ་མ”འདོན་བཞིན་སོང་ན། རྗེ་བླ་མའི་མཛད་པ་རེ་རེར་འཕྲུལ་གྱི་མེ་ལོང་ངོས་བཞིན་འཆར་བྱུང་། དགོན་པའི་གཡོན་ཟུར་གྱི་རི་སྒང་དག་ན་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རང་བྱུང་མང་པོར་རྩེ་གཅིག་ཏུ་མཇལ་ན། སེམས་སུ་ཚེ་ཕྱི་མར་དག་ཞིང་དུ་སྐྱེས་སྲིད་པའི་འཕྲུལ་སྣང་ཞིག་གིས་བཀང་ནས་བཟི་བར་བྱས།

b7f1390374aca7113f04a2d12b628969.jpg

བྲག་ཡེར་བ། ཁྱེད་ནི་ངོ་མཚར་སྟོང་གི་ཀློང་ན། གཏམ་རྒྱུད་གྱི་བང་མཛོད་ཇི་བཞིན་མི་སེམས་གཡོ་བའི་བྱུང་བ་མང་དུ་མཆིས་བས་རི་གྲོང་འདི་རུ་ཁུ་སེམ་མེར་སྒོམ་དུ་བཞུགས་རུང་། ཆོ་གའི་འགྲོ་ལུགས་མི་ཤེས་པའི་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་མང་པོས་ཁྱེད་ཀྱི་སྒྲུབ་པ་ལ་བར་ཆད་བྱེད་བཞིན་འདུག་སྙམ་སྟེ། ང་རང་ཚོས་དལ་གྱི་མཇལ་ནས་ག་ལེར་བུད་འགྲོ      

ཕྱིར་ལོག་པའི་ལམ་བར་དུ་ཕྱིང་ཞྭ་བསྣམས་པའི་ལྷ་ལུང་དཔལ་རྡོར་གྱི་སྐུ་བརྙན་དེ་དྲན་བཞིན་འུ་དུམ་བཙན་པོའི་སྙིང་ཁའི་མདའ་མོ་ལ་སེམས་ཀྱིས་རེག་དུས། ཁོང་གི་ན་ཟུག་དེ་སུ་ལ་བཤད།  སྐྱབས་དེ་སུ་ལ་བཅོལ། རྒྱལ་ཁབ་རིག་པས་སྐྱོང་བཞིན་སྲིད་ལ་བཅོས་སྒྱུར་གྱི་ཐུགས་དགོངས་མངའ་བའི་རྒྱལ་བོ་དེ། འདི་ལྟར་མདའ་མོ་གཅིག་གིས་ཕྱི་མར་བསྐྱལ་ན་ངོ་མ་ཡིད་ཕངས་བ་ཞིག་མ་ཡིན་ནམ། ཆོས་ལུགས་ཀྱིས་ཕྱོགས་ཞེན་འཁུར་བའི་ལོ་རྒྱུས་རྒན་པོའི་སྨྱུག་འོག་ཏུ། སྐྱོན་ཆ་ཏིལ་འབྲུ་ཙམ་ཡང་མེད་པའི་བོད་བཙན་པོའི་ཆོས་རྒྱལ་ལ་ཉེས་འགལ་བྱེད་པ་ལོ་རྒྱུས་ཀྱི་བདེན་པར་བརྩི་ག་ལ་རུང་། སྤྱི་ཟླ༢ཚེ༡༢ཉིན་གྱི་ཞོགས་པའི་ཆུ་ཚོད༥:༣༠སྟེང་གཙང་ཕྱོགས་སུ་བསྐྱོད། ཡུན་རིང་ལ་ནམ་མི་ལངས་པས་ལམ་བར་གྱི་མཐོང་ཐོས་བརྗོད་འདོད་ཀྱང་མག་མོག་ཞིག་ཡིན་པས་རྟོག་བཟོ་སྒོས་དྲིས་ན་དགེ་བ་ཆུང་སྙམ། རེ་ཞིག་བཏང་སྙོམས་སུ་མི་འཇོག་ཐབས་མེད་བྱུང་། ཡར་ཀླུང་སྐྱ་རེངས་ལྷ་མོས་མུན་ནག་གི་ཡོལ་བ་དལ་གྱིས་ཕྱེས་པ་དང་སྤུར་རྒྱལ་བཙན

058b31bf084928efbc4b9fe4df1a75de.jpg

མཁར་ཐོག་མ་ཡུམ་བུ་བརླ་སྒང་གི་ཞལ་ཁེབས་ཀྱང་ཕྱེས་བྱུང་། ངས་དུངས་བ་དང་དད་པ་བསྡེབས་ནས་བསང་ཁུག་དང་མཇལ་དར་ལག་ཏུ་ཡོད་མེད་མི་ཤེས་པར་ཡུམ་བུ་བརླ་སྒང་གི་ཀྱག་ཀྱོག་ཐེམ་སྐས་དེད་ནས་ཡར་འགོས་བ་ན་ལྷ་ཁང་དུ་འབྱོར། དེར་ཞིབ་ཏུ་མཇལ་ནས་མཁར་དེའི་ལྕགས་རིར་བསྙེས་བཞིན་ཕྱོགས་བཞིར་རྒྱང་ལྟ་བྱེད་དུས། ས་ཕྱོགས་གང་ནས་དགྲ་གྲོགས་སུ་ཞིག་སླེབས་པ་སྐྱུར་རུ་ར་ལག་མཐིལ་དུ་བཟུང་བ་ལྟར་སྣང་། བློས་དཔོག་པར་དཀའ་བའི་མེས་པོ་གོང་མའི་དཔྱོད་ཤེས་ཀྱི་ས་དཔྱད་དང་། མཁས་པའི་རིག་རྩལ་ལ་མིག་ཟུང་ཙུམ་བཞིན་དད་མོས་མི་བྱེད་རང་དབང་ཅི།

53a32a57ac91cd47e31f5a1abda178b4.jpg

ཁྲ་འབྲུག་དགོན་པ། དགོན་པ་དེར་འབྱོར་སྐབས་སེམས་སུ་ཝ་ལེར་འཆར་བ་ནི་སྒྲོལ་མའི་ལྷ་ཁང་རེད། ལོས་ཡིན། དེ་ནི་བྱིན་རླབས་ཀྱི་ཚན་ཁ་ཤིག་ཤིག་ཏུ་འབར་བའི་སྒྲོལ་སྐུ་རང་བྱོན་དང་མུ་ཏིག་གིས་བཟོས་པའི་བྱིན་ཅན་སྤྱན་རས་གཟིགས་ཀྱི་ཐང་ཀ  དེ་དག་ལྡན་པས་མ་ཡིན་ནམ། དེར་བཞུགས་པའི་བརྟེན་དང་རྟེན་པར་མཇལ་ན་རྙིང་མ་བའི་དགོན་པ་ཞིག་ཡིན་ཤས་ཆེ་བས་དགེ་ལུགས་པའི་དགོན་པའི་རྟེན་དང་མི་འདྲ་ས་མང་དུ་མཆིས།

3f08b5fa73273af7a77f2a421828bef9.jpg

ཆུ་ཚོད༡༠:༥༨སྟེང་ནས་ལྷོ་ཁ་གཡས་ནས་བསྐྱུར་ཏེ་ལམ་ལ་ཆས། གཡོན་ཏུ་ཆུ་ཆེན་ཡར་ཀླུང་གཙང་པོ་བཞག་ནས་ར་རྒྱུ་ཐང་ལ་གཏོར་འདྲའི་ལམ་ཕྲན་བརྒྱུད་ནས་རྩེ་ལུང་རྫོང་དང་བསམ་ཡས་ལ་འབྱོར། དགོན་པ་ཧ་ཅང་བདེ་མོའི་ཐང་དུ་ཆགས་འདུག  རང་ཡུལ་དུ་གྲང་ལྷགས་རྒོད་པའི་དུས་ཚིགས་ཡིན་རུང་། དགོན་གྲོང་ན་བཞུར་གྱིན་པའི་ཆུ་ཕྲན་དེའི་འགྲམ་དུ་རྩྭ་ལྗང་སྐྱེས་འདུག་ལ་གཙང་ཕྱོགས་ཀྱི་དགོན་པ་བདེ་ཐང་དུ་ཆགས་ཡོད་པ་གཅིག་པུ་རེད། དེ་རུ་མཇལ་ཚར་ནས་ཚུ་ཚོད༡༢:༥༠སྟེང་དུ་རླངས་འཁོར་ནས་བྲོ་ཁ་ཟ་ཞོར་ཡང་མུ་མཐུད་དུ་ལམ་ལ་ཆས།

ae1def88e7466f0400452a4c84d70f7e.jpg      

དེ་ནས་བྱེ་མའི་ཐང་ཆེན་དང་གྲོང་ཚོ་མང་པོ་བསྐྱུར་ནས་གོང་དཀར་ཆོས་བདེ་ལ་མཇལ་ཐུབ་པ་བྱུང་། དགོན་དེའི་ཤིང་སྐས་སད་པོ་ཞིག་ཏུ་ཕྲན་གངས་བཤུད་བྱེད་པ་ལྟར་འགྱེལ་ནས་སྟབས་ལེགས་པར་ལུས་ཕུང་བརྣད་མ་བྱུང་། བདག་གིས་མཆོད་མཇལ་གྱིས་བྱིན་རླབས་རེད་སྙམ་ཞོར་ཡོས་ཟངས་ལྟ་བུའི་རླངས་འཁོར་དྲོད་མོ་དེར་བསྡད།

33f1f19cfe592f86fe70c86992446624.jpg

གཙང་ཆབ་ཡར་ཀླུང་གཙང་བོ་གཡོན་ནས་བཞག་ཏེ་རླངས་འཁོར་དང་རླུང་བུའི་རྩུབ་རྡར་ལས་བྱུང་བའི་ཤུར་སྒྲ་དང་བསྡོངས་ནས་ཆུ་ཆེན་འཕྲེད་ཀྱིས་བཅད་དེ། ཉིན་ཕྱོགས་ཀྱི་སྣུམ་ལམ་དེད་ནས་ཤེས་མེད་ཚོར་མེད་ངང་ཆུ་ཤུར་རྫོང་གི་ཆོས་འཁོར་ཡང་བརྩེ་དགོན་མཇལ།  དེ་ནི་གོང་ས་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་སྤྱི་ལོ་༡༦༤༨ལོར་ཕྱག་བཏབ། རྗེ་བླ་མའི་བཀའ་ཆོས་ལ་འཆད་ཉན་བྱེད་པས་གཞན་ལ་ངོ་གནོང་མི་དགོས་པའི་བསྟན་པ་རྒྱས།

8403e60cb032441b429854ada23bb268.jpg

ཚེས༡༣ཉིན་ཞོགས་པའི་ཆུ་ཚོད༦:༣༥སྟེང་ནས་སྐར་མ་ཕྲ་རིལ་ལག་ཏུ་བཟུང་སྟེ། གཞི་རྩེ་གྲོང་ཁྱེར་རྗེས་སུ་བསྐྱུར་ནས་ཤར་ལྷོའི་མཚམས་སུ་ཡུན་རིང་དུ་བསྐྱོད་པ་ན། འཁྱོགས་ཆེན་པོ་ཞིག་དང་འཕྲད། དེ་ནི་ས་སྐྱའི་ཡུལ་དུ་དངོས་སུ་འགྲོ་བའི་ལམ་ཆེན་ཡིན་ནོ། དགོན་པར་འབྱོར་དུས་ཆུ་ཚོད༩:༤༥རེད། ཚོགས་ཁང་གི་སྒོའི་གཡོན་ཟུར་དུ་ཆོས་རྩིག་བྲག་རི་མ་ཡོད། ད་དུང་ངོ་མཚར་གཏམ་རྒྱུད་ཀྱི་ཕྱུག་པའི་ཀ་ཆེན་བཞི་སོགས་མང་དུ་མཇལ་ནས་ཁ་ཕྱིར་འཁོར་ཏེ་ཕྱོགས་བཞི་མཚམས་བརྒྱད་གང་དུ་བལྟས་ཀྱང་ཤིང་ནགས་མཛུབ་མོ་ཙམ་མེད་ས་ནས་ཀ་ཆེན་པོ་འདི་འདྲ་གང་ནས་དྲངས་ཡོང་བ་རེད། ངོ་མ་འཕྲུལ་གྱིས་དྲངས་བ་ལྟར་བརྗོད་ན་འོས་བ་ཞིག་རེད།

28e66a6075844e1f7f831ea24aeb787b.jpg

ཕྱིར་ལམ་དུ་གདོང་དགའ་ཆོས་སྡེར་དགོན་པར་མཇལ། དགོན་འདི་ནི་སྤྱི་ལོ༡༣༣༧ལོར་ས་སྐྱའི་གྲུབ་ཆེན་བདེ་ལེགས་བཟང་པོས་ཕྱག་བཏབ། དུས་འགྱུར་མ་བྱུང་གོང་དགེ་འདུན་བརྒྱ་ཕྲག་ལོང་བའི་ལོ་རྒྱུས་ཡོད་ལ། བཤད་སྒྲུབ་བྱ་བ་ཕུན་སུམ་ཚོགས་པས་སྒྲུབ་མཆོད་སོགས་གྲྭ་རྒྱས་པ། རིག་དངོས་སོགས་གང་ཅིའི་ཐད་ནས་གཞན་འདྲིང་མི་འཇོག་པ་ཞིག་ཡིན། དགོན་པའི་མཚན་ཆ་ཚང་ལ་གདོང་དགའ་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་ཞེས་འབོད། དེ་རུ་ཐུན་མོང་མ་ཡིན་པར་རྔོན་ཆས་དང་གཙོད་རྭ་སོགས་ཡོད་པ་མ་ཟད། སེན་མོ་རིང་ཞིང་བོད་ཆས་གྱོན་པ་ཞིག་གི་སྐེ་རུ་ལྕགས་ཐག་རྒྱབ་ནས་གྱེན་དུ་བཏགས་འདུག     ངེད་ཅག་རྣམས་དེར་ཧ་ལས་ཏེ་ཡང་དང་བསྐྱར་དུ་ཞལ་མཇལ་བྱས། ངག་རྒྱུན་ཏུ་དེའི་མིང་ལ“གཉན་ཕྲུག་གཟུང་སྐྱབས་རྒྱ”ཞེས་འབོད།

2d331c2da366b62c97d159dc7c424350.jpg

སྣར་ཐང་དགོན་དུ་སླེབས་དུས་གཞན་དང་མི་མཚུངས་བའི་དུས་ཆེན་ཞིག་ཏུ་འཁེལ་འདུག    ས་དེའི་རྒན་དར་གཞོན་གསུམ་དག་གིས་དགོན་པའི་སྒོ་ཆེན་ཁར་ཆུ་ཁུག་དང་རས་ཁུག་ཏུ་རྩམ་པ་བཟུང་ནས་ཕན་ཚུན་སྟེང་ལ་གཏོར་བཞིན་འདུག   ང་ཚོ་དེར་མ་གོམས་པས་རླངས་འཁོར་ནས་ཐང་ལའང་མ་བབས་པར་ཁ་ཕྱིར་འཁོར་ནས་གཞུ་རྒྱུད་ལས་ཤོར་བའི་མདའ་མོ་བཞིན་བཀྲ་ལྷུན་གྱི་ཕྱོགས་སུ་རྒྱུགས།  དེ་རུ་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་གདུང་མཆོད་རྟེན། རྩེ་མོར་བལྟས་ན་མགོ་བོའི་ཞྭ་མོ་ཐང་ལ་ལྷུང་བར་དོགས་ལ། གནས་གཞན་དུ་དེ་འདྲའི་གཞི་རྒྱ་ཆེ་བ་ཉུང་ཚོད་རེད། ཡར་སོང་ན་མཆོད་རྟེན་རྣམ་གསུམ་དང་ངོ་མ་ཧང་སངས་དགོས་པའི་བྱམས་ཁང་ཆེན་མོ་སོགས་མིག་ལམ་དུ་སྣང་དུས་དད་པའི་སྤུ་ལོང་གཡོ་ལ།  ལྷག་པར་དུ་པཎ་ཆེན་བཅུ་བ་མཆོག་གི་བརྗིད་ཅིང་དཔའ་བའི་སྐུ  སྙན་ཞིང་གསལ་བའི་གསུང་། སྒམ་ཞིང་རླིང་བའི་ཐུགས།   སྐུ་ལུས་སུ་གོས་ཆེན་སེར་པོའི་བོད་ལྭ། ཞབས་ལྕགས་སུ་འཇུར་རྟ་བསྣམས་བཞིན་ཆོས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་བའི་འཕྲིན་ལས་དེ་ཡིད་ལ་ཤར་དུས་ཡང་བསྐྱར《ཕྱག་འཇུས་གནང་བ》ཞེས་པའི་སློབ་ཚན་དེ་མཇལ་འདོད་སྐྱེས།

སྤྱི་ཚེས༡༥ཉིན་གྱི་ཞོགས་པའི་ཆུ་ཚོད༧:༠༠སྟེང་ལམ་ལ་ཆས་ཏེ་སྐར་མ༢༨སྟེང་དཔལ་ཞ་ལུ་དགོན་པར་མཆོད་མཇལ་བྱེད་ཐུབ་པ་བྱུང་།   ཅུང་སྔ་དྲགས་པས་དགོན་པའི་ཕྱིའི་བཀོད་པ་དཔར་གསལ་བོ་ཞིག་བརྒྱབ་མ་ཐུབ། དེའི་རྟེན་གྱི་གཙོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ཡིན་ལ་ཞོར་དུ་མ་ཎི་རང་བྱོན་བརྐོས་རྒྱབ་པ་ལྟ་བུ་ཞིག་ཏུ་མཇལ་ཐུབ་སོང་།  བདག་གིས་མཇལ་ཞོར་དུ་ས་པཎ་གྱིས་མུ་སྟེགས་འཕྲོག་བྱེད་དགའ་བོ་དམ་ལ་བཏགས་པའི་དཔང་བོར་དབུ་རལ་བཅད་ནས་རྟེན་དུ་བཞུགས་ཞེས་བའི་གསུང་རྒྱུན་ཡོད་རུང་བསྐལ་དམན་བདག་གིས་དངོས་སུ་ཞལ་མཇལ་མ་ཐུབ།

9ecbf0449923dec6f2ac0a6cf80d4737.jpg

དེ་ནས་ཤར་ནུབ་མཚམས་སུ་ཡུན་རིང་དུ་བསྐྱོད་པ་ན༩:༤༦སྟེང་རྒྱལ་རྩེ་ལ་འབྱོར། སྒོ་ཆེན་དུ་འཛུལ་མ་ཐག་ཏུ་དཔལ་མགོན་མཆོད་རྟེན་དེ་བཀོད་འགྲིག་པའི་ངང་དད་ལྡན་མང་ཚོགས་ལ་ཐུགས་རྗེ་སྤྱན་གྱིས་གཟིགས་པ་དང་ཨ་ན་མ་ན་རེད།  རྒྱང་ནས་མཇལ་ན་མཆོད་རྟེན་དང་ཞིབ་མཇལ་བྱེད་དུས་ལྷ་ཁང་བརྒྱ་རྩ་བརྒྱད་ལས་གྲུབ་པ་ཞིག་རེད། དེའི་བུམ་པའི་ས་རུ་གནས་བརྟན་བཅུ་དྲུག་སོགས་བཞུགས་འདུག

a25336e8d4c48f69baf97f1818aaf08e.jpg

ད་དུང་རྒྱལ་རྩེ་དབྱིན་འགོག་དམག་འཁྲུག་གི་རྗེས་ཤུལ་ཡང་ཡོད་པས་བོད་དམག་ཁྲི་སྟོང་མང་བོའི་རྣམ་ཤེས་ས་དེ་རུ་འཐིམ་པའི་སྐྱོ་གར་དྲན་ན། ངོ་མ་ཁོང་ཚོ་ནི་མེས་རྒྱལ་གྱི་མཐའ་མཚམས་སྲུང་བར་རང་སྲོག་བློས་བཏང་བའི་རྒྱལ་སྤྱིའི་དཔའ་བོ་ཡིན་པ་བསྙོན་དུ་མེད་རྐྱེན། མི་དམངས་དུང་ཕྱུར་དྲུག་གིས་རྗེས་དྲན་དང་བསྟོད་གླུ་ལངས་ན་ཅིས་མི་ཆོག ཞིབ་ཆ《དཔའ་བོའི་མེ་ཏོག》ཅེས་པའི་རྩོམ་ཡིག་ཏུ་གསལ་བས་འདིར་མང་དུ་བརྗོད་པའི་ངལ་བ་མི་བྱ། ཕྱིར་ལྷ་སར་ལོག་དུས་ཧ་ལམ་ཆུ་ཚོད་༡༠:༡༠ཙམ་རེད། ས་དེ་ནས་ཆུ་ཕྲན་ཞིག་གི་ལྡོག་ཕྱོགས་བརྒྱུད་ནས་མཁའ་རེག་ལ་ཆེན་བུད་ན་སྣ་དཀར་རྩེ་རྫོང་འབྱོར་ཞིང་། རྫོང་དེ་ནས་ཕར་རྒྱང་ལྟ་བྱེད་ན་ཡར་འབྲོག་གཡུ་མཚོ་སྔོ་ལྟེམ་མེར་མིག་ལམ་དུ་བཀོན་བྱུང་། ཕྱིར་མིག་བལྟས་ན། སྨུག་སྤྲིན་ལྟ་བུའི་མཚོ་རླངས་མཁའ་ལ་བསྐྱོད་པས་ཨ་མྱེ་གོང་མ་རྒྱལ་མོར་གསོལ་ཇ་དྲོན་མོ་འདྲེན་པ་དང་གཉིས་སུ་མ་མཆིས།

b2cb4bf772dcb61905276a6fd758806d.jpg

མཚོ་ཁ་ནས་རང་སེམས་མཚོན་ཐབས་ཀྱི་མཛེས་ལྗོངས་ལ་དཔར་ཞིག་བརྒྱབ་ཏེ་མཚོ་མོར་གཡས་བསྐོར་རྒྱག་བཞིན་རྫ་བྲག་འདྲེས་མའི་གམ་པ་ལ་མོར་འགོས་ནས་མེ་ལོང་ཐང་ལ་ལྷུང་འདྲའི་ཡར་འབྲོག་གཡུ་མཚོར་རང་བློ་ནང་དུ་བཅུག་ནས་མྱོང་རོལ་བྱེད་དུས། ངོ་མ་ཕྱི་མི་དགོས་གཡུ་མཚོ་རང་གསལ། རྡར་མི་དགོས་གཡུ་མདོག་ཞུན་མ་ཞེས་པའི་གཡུ་མདོག་དེ་གངས་དཀར་སེམས་ཀྱི་ངོས་སུ་ཝ་ལེར་འཆར་སྲིད། ཞོར་དུ་རང་དབང་མེད་པར་ངག་ནས“ཡར་འབྲོག་གཡུ་མཚོའི་ཁ་ནས།། ངང་བའི་ངང་ཕྲུག་ཁྲིད་བྱུང་།། ངང་ཕྲུག་ཨ་མ་མ་འབོད།། ང་རང་ཕ་ཡུལ་དྲན་བྱུང་།།”ཞེས་པའི་གླུ་དབྱངས་དེ་གྱེར་བ་ན། ངའི་མཇལ་རོགས་རྣམས་གད་མོ་ཤོར་ཏེ་རེ་ཞིག་རླངས་འཁོར་དུ་དགོད་སྒྲས་ཁྱབ་བྱུང་། གམ་པ་ལ་མོ་མཐོ་བ་གནམ་འདེགས་ཀ་བ། གཟར་བ་གཤིན་རྗེའི་ལྕགས་མཁར་ལྟ་བུའི་རི་རྒྱུད་ཆེན་པོས་དབུས་གཙང་གི་དབྱེ་འབྱེད་ཐིག་གྲུབ་འདུག   དེ་ནས་ལ་འདབས་སུ་ལྷ་སའི་གཙང་བོ་དར་སྔོའི་ཚུལ་གྱིས་མཛེས་ལྡན་ལྷ་སའི་གྲོང་དུ་འཐེན་འདུག

dabccf22466c7876fbc21441b0f8486f.jpg

སྤྱི་ཚེས༡༦ཉིན་སེ་ར་དུར་ཁྲོད་མཇལ། ང་ཚོར་སྔ་ནས་དུད་ཁྲོད་དེར་མཇལ་རྒྱུའི་བློ་ཡོད་ཀྱང་ས་ཆར་རྒྱུས་མེད་པས་དེ་འཕྲལ་སླེབས་མ་ཐུབ། ཨ་མདོའི་ཁ་སྐད་དུ“དུར་ཁྲོད་ཀླུ་མོ་རྒྱ”ཟེར་བས་དེ་ལྟར་ཡུལ་མིར་ཚོར་དྲིས་ན།“ཧ་གོ་མ་སོང”ཅེས་པའི་བརྡ་ལས་བརྗོད་རྒྱུ་མི་འདུག   དེར་བསམ་ན་མིང་དེ་ནི་ཨ་མདོའི་ཕྱོགས་སུ་མ་དག་རྒྱུན་འབྱམས་སུ་སོང་བར་འདྲ།  དེ་མཚུངས་གྲ་གཞི་ལྷ་མོར་ཨ་མདོ་ནས“དགྲ་བསྒྱུར་ལྷ་མོ”ཞེས་ཁ་ལ་འབྱོར་བའི་མཚན་བཏགས་ཀྱང་དོན་དུ་འབྱོར་ཡོད་མེད་འུ་ཅག་གི་སེམས་སུ་གསལ་ལོ།།

སྤྱི་ཚེས༡༨ཉིན་གྱི་ཆུ་ཚོད༩:༤༠སྟེང་ཆོས་ལྡན་ལྷ་སར་གྱེས་ཕྱག་ཕུལ་ཏེ་ཅུང་འདྲིས་པའི་ཕ་ཡུལ་ཨ་མདོའི་ཕྱོགས་སུ་གོམ་ཁ་བསྒྱུར།  ངས་ཆུང་དུས་ནས་ཕ་མ་དང་དགེ་རྒན། གྲོགས་པོ་སོགས་གྱི་ཞལ་ནས་སྟོད་ཉི་མ་ལྷ་ས་ནི་དཀར་པོ་ཆོས་ཀྱི་ཞིང་ཁམས། བྱམས་བརྩེ་དྲོད་ཀྱི་གཞི་མ་སོགས་ཡིན་ཚུལ་ཐོས་མྱོང་བས། ང་ས་དེར་ཞེ་སེམས་པའི་སྟེང་ནས། གློ་རྒྱུ་མའི་བར་ནས་དགའ་ཞིང་དུངས་བ་དེ་གཟུགས་ཅན་བཞིན་དུ་གྲུབ་ན། ཁམས་གསུམ་སྣོད་དུ་ཆུང་བའི་སྣང་བ་ཞིག་འགོག་མེད་དུ་སྐྱེས།

གྱེས་བརྡའི་དུས་ཚོད་ཉེ་བར་གཅར་དུས།   ད་དུང་མིག་རྡེབ་ཡུན་ཙམ་ཡང་དབང་ན་སྙམ་པའི་ཕྱིར་མིག་ཡང་ཡང་བལྟས། རྗེས་ཕྱོགས་ལྷ་སར་འབྱོར་ན་དལ་ལྷོད་ལྷོད་ངང་རྫོང་རྒྱབ་ཀླུ་ཁང་སོགས་སུ་སོང་ནས་དཀྲུག་ཇར་ཡུན་གྱིས་རོལ་འདོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།