སྟོང་རི་ལྷ་མཚོ།

1454630296568301.jpg

སྟོང་རི་ལྷ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཞུན་ཧྭ་རྫོང་གི་ཁོངས་སུ་ཡོད་པ་དང་། དེ་ནི་ཞུན་ཧྭ་རྫོང་གི་ཡ་རྫིའི་མཁར་ནས་བྱང་ཤར་གྱི་མཚམས་སུ་སྤྱི་ལེ30ཙམ་གྱི་རྒྱ་མཚོའི་ངོས་ལས་མུས2500ལྷག་གིས་མཐོ་བའི་ས་རུ་ཆགས་ཡོད་ལ། སྤྱི་ལོ2000ལོར་རྒྱལ་ཁབ་ཀྱིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་དུ་བཙུགས་པ་དང་། དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང9544ཡོད་ཅིང་མཚོ་མོའི་རྒྱ་ཁྱོན་ལ་མུའུ300ལྷག་ཡོད།

མཚོ་མོ་འདིའི་མིང་གི་རྣམ་གྲངས་ལ་སྟོང་རི་ལྷ་མཚོ་སྔོན་མོ་དང་སྟོང་རི་མཚོ། ལྷ་ལུང་མཚོ་སོགས་ཡོད་པ་དང་། དེའང་སྟོང་རི་ལྷ་མཚོ་ཟེར་དོན་ནི་མཚོ་འདིའི་གནས་ཡུལ་ནི་དེ་དང་ཐག་མི་རིང་བའི་ཨ་མདོ་རྡོ་སྦིས་ས་ཁུལ་གྱི་གནས་རི་སྟོིང་དར་གུང་གསུམ་ལས་ཨ་མྱེས་སྟོང་རིའི་པང་དུ་འཁྱིལ་ཡོད་པས་ཡིན་ལ། ལྷ་ལུང་མཚོ་ཟེར་དོན་ནི་སྤྱི་ལོ་དུས་རབས་དགུ་བར་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་པུར་རྒྱལ་ཐ་མ་འུ་དུམ་བཙན་པོ་མདའ་མོ་གཅིག་གིས་བཀུམས་རྗེས། ཉེན་གཡོལ་བྲོས་བྱོལ་དུ་གནས་འདིར་ཐོན་ཞིང་གནས་འདི་ནས་སངས་རྒྱས་བསྟན་པར་སྒྲུབ་པ་ཉམས་ལེན་མཛད་པས་དེ་སྐད་དུ་གྲགས་པ་རེད། དེ་ཡང་སྟོང་རི་ལྷ་མཚོ་སྔོན་མོ་ཟེར་དོན་ནི་མཚོ་མོ་འདིའི་ཁོར་ཡུག་ཀུན་ཏུ་སྔོ་ལྗང་གི་རྐང་འཐུང་གིས་ཀུན་ནས་བསྐོར་བ་དང་དེ་དག་གི་ལྡོག་བརྙན་མཚོ་ནང་དུ་འཆར་བས་མཚོ་མོའི་ཁ་དོག་ཀྱང་སྔོན་པོར་གྱུར་པར་སྣང་ལ་དེ་བས་སྟོང་རི་ལྷ་མཚོ་སྔོན་མོ་ཞེས་ཐོགས་པ་རེད། མཚོ་མོ་འདི་དང་འདབས་འབྲེལ་གྱི་ཁོར་ཡུག་ཏུ་བོད་དང་རྒྱ། ཟ་ལར་སོགས་མི་རིགས་ཁ་ཤས་འདུས་སྡོད་བྱས་ཡོད་ཅིང་། མི་རིགས་སོ་སོར་མཚོ་མོ་དང་འབྲེལ་བའི་ངོ་མཚར་ཞིང་ཡིད་དུ་འོང་བའི་གཏམ་རྒྱུད་སྣ་ཚོགས་འཆད་རྒྱུ་ཡོད་མོད། དེ་ལས་ཀྱང་ཆེས་མང་བ་ནི་གསོན་ཉམས་ལྡན་པའི་བོད་རིགས་ཀྱི་ངག་རྒྱུན་དེ་དག་ཡིན།

མཚོ་མོའི་ཁོར་ཡུག་ཀུན་ཏུ་རིགས་མི་འདྲ་ཞིང་མཐོང་དཀོན་པའི་ལྗོན་ཤིང་དང་རྩྭ་སྨན་གྱི་སྣ་ཁ་ཤིན་ཏུ་མང་ཞིང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱང་བགྲང་གིས་མི་ལང་བས་གནས་འདི་ནི་སྨན་རིགས་རྩི་ཤིང་སྣ་འཛོམས་ཀྱི་ཞིང་ཁམས་ཤིག་དང་རི་སྐྱེས་སྲོག་ཆགས་འདྲ་མིན་གྱི་དགའ་ཚལ་ཞིག་ཡིན།

ཞུན་ཧྭ་རྫོང་མཁར་ནས་མཚོ་མོའི་འདབ་ཀྱི་ལུང་མདོ་བར་དུ་རླངས་འཁོར་ཤར་སྐྱོད་ཐུབ་པ་དང་། ལུང་བའི་ཁ་དོག་ཅིང་གཡས་གཡོན་གཉིས་སུ་ཚང་ཚིང་གི་ལྗོན་པས་ཡོངས་སུ་བསྐོར་བས་གདོད་མའི་ནགས་ཚལ་གྱི་རྣམ་པ་ལྷང་ངེར་མངོན་ཡོད། རླངས་འཁོར་རྣམས་གཏན་འཁེལ་གྱི་འཇོག་གནས་སུ་བཞག་རྗེས། མཚོ་ཁའི་བར་དུ་ད་དུང་ལ་ཞིག་བརྒལ་དགོས་པས་ལམ་ཐག་ཅུང་ཡོད་པ་དང་། དེར་རྟ་དྲེལ་ལ་ཞོན་ནས་རི་ལམ་བརྒྱུད་དེ་མཚོ་ཁར་སོང་ཆོག་ལ། ཡང་ན་རྡོ་བརྐོས་བརྒྱུད་དེ་རྐང་ཐང་གིས་བསྐྱོད་ནའང་ཆོག་མོད། འོན་ཀྱང་སྤྱིར་བཏང་དུ་རྐང་ཐང་གིས་སོང་ན་ལམ་འགྲམ་གྱི་ལྟ་བས་ཆོག་མི་ཤེས་པའི་ཁོར་ཡུལ་དང་མིང་ཐོགས་ཤིང་མི་ཐོགས་པའི་རྩི་ཤིང་སྣ་ཚོགས་ཀྱི་མཛེས་ཉམས་ལ་ངང་གིས་རོལ་མྱོང་བྱེད་བཞིན་སོང་ཆོག་པས་ལུས་ཕུང་ཤ་དར་ཁྲག་དར་གྱི་ན་གཞོན་ཞིག་ཡིན་ཕྱིན་དེ་ལྟར་སོང་ན་དགེ་མཚན་ལྡན་པ་ཞིག་ཡིན།

དཔྱིད་ཀར་ཡུལ་འདིར་དྲོད་འབབ་སྔ་ཞིང་ལྗོན་ཤིང་སྣ་ཚོགས་ཀྱི་མེ་ཏོག་ལྷམ་མེར་བཞད་པས་མཚོ་མོའི་ཉེ་འདབས་ཀྱི་ལུང་མདོ་རུ་ཐོན་པ་ཙམ་གྱིས་མེ་ཏོག་སྣ་མང་གི་དྲི་བསུང་སྣ་ལམ་དུ་ཁྱབ་ཅིང་དེར་འདུས་སྐྱེ་བོ་སུ་ཞིག་ཡིན་རུང་ལུས་སེམས་གཉིས་ཀ་དགའ་བདེའི་དཔལ་གྱིས་བཟི་བར་བྱེད། དབྱར་ཁར་ཁོར་ཡུག་གི་ནགས་ཚལ་གྱི་ལོ་འདབ་ཡོངས་སུ་རྒྱས་ཤིང་མཚོ་མོའི་མཚོ་ཆུ་ཤིན་ཏུ་དྭངས་ཤིང་གཙང་བས་མཚོ་ཞབས་ཀྱི་མདོག་མཛེས་པའི་རྡེའུ་དང་ཅི་དགར་བག་ཡངས་སུ་རྒྱུ་བའི་ཉ་ཕྲུག་དག་ཀྱང་མཐོང་ཐུབ་ལ། ལྗོངས་རྣམ་དེ་དག་གིས་ཁྱེད་ཀྱི་མིག་གི་དབང་བོ་ཅིག་ཅར་འཕྲོག་པར་བྱེད། སྟོན་གྱི་སྒེག་མོས་མི་ཡུལ་ལ་ཁུར་གྱིས་དུད་པའི་འབྲས་བཟང་བསྣམས་དུས་སུ་ཉེ་འཁོར་གྱི་ལྗོན་པ་དག་གི་ལོ་མས་དམར་སེར་སྔོ་གསུམ་གྱི་ཁ་དོག་འཛིན་ཞིང་ས་འཛིན་སྟུག་པོ་ལ་མཛེས་ཤིང་ལྟ་ན་སྡུག་པའི་ན་བཟའ་ལེགས་པར་བཀླུབས་ནས་བརྒྱན་པར་བྱེད་པ་དང་། སྐབས་དེར་མིག་མདུན་དུ་ཤར་བའི་མཛེས་ལྗོངས་དེ་ནི་རི་མོ་མཁན་གྱིས་བྲིས་པའི་སྣུམ་ཚོན་རི་མོ་ཞིག་དང་གཉིས་སུ་མ་མཆིས། དགུན་ཁར་གངས་དཀར་ལྷ་མོས་མཁའ་དབྱིངས་ནས་སྟངས་སྟབས་ཡང་མོའི་བྲོ་གར་རྩེན་ཞིང་འབབ་པའི་དུས་སུ་མཚོ་མོས་དར་ཅིག་ངལ་གསོའི་བརྟུལ་ཞུགས་འཛིན་ཞིང་འཇམ་ཞིང་མཐུག་པའི་ཆབ་རོམ་གྱི་མལ་གོས་ལེགས་པར་རྒྱན་པ་དང་བདེ་བའི་མལ་ལ་གཟིམ་པར་བྱེད་ཅིང་འདིའང་རང་བྱུང་ངོ་མཚར་གྱི་མ་བྲིས་མཛེས་རིས་ཤིག་ནི་ཅི་ལ་མིན་ནམ།

མཚོ་མོའི་ཉེ་འཁོར་ན་ངོ་མཚར་གཏམ་རྒྱུད་ཀྱིས་ཕྱུག་པའི་རང་བྱུང་མཛེས་ལྗོངས་ལྟ་བས་མི་ངོམས་པ་མང་པོ་ཡོད་དེ། ཉི་འོད་ཀྱི་འཆར་ཚུལ་འདྲ་མིན་དང་བསྟུན་ནས་འགྱུར་བ་སྟོང་དང་ལྡན་པའི་རང་བྱུང་གི་ཆུ་འབབ་དང་ལྷ་སྒྲུང་གི་རྔམས་ཁ་མཐུག་ཅིང་མཐོ་ལ་གཟར་བའི་བྲག་སྐེད་ན་དམ་པའི་ལྷ་ཆོས་ཀྱི་བསུང་ངད་སྔར་བཞིན་ལྡང་བའི་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་བྱིན་ཅན། གཞན་ཡང་ལོ་མང་སྐྱེས་པའི་ངོ་མཚར་གྱི་ལྗོན་ཤིང་། གསུང་སྐད་ལྷང་ལྷང་གིས་སྒྲོག་པའི་བྱེའུ་སྣ་ཚོགས་དང་ཅི་དགར་བག་ཡངས་སུ་ཁྱུ་དང་ཁྱུ་བྱས་ཏེ་རྒྱུ་བའི་རི་སྐྱེས་སྲོག་ཆགས་སོགས་ནི་ནམ་ཡང་འཛད་མཐའ་མེད་པའི་མིག་གི་ལོངས་སྤྱོད་འབའ་ཞིག་ལགས།

ལོ་རེའི་ཧོར་ཟླ་བཞི་བའི་ཚེས་བཞི་ཉིན་ནི་སྟོང་རི་ལྷ་མཚོར་མཚོ་མཇལ་བྱེད་པའི་ཉིན་མོ་ཡིན་ཞིང་ཉིན་འདིར་མཚོ་མོའི་མཐའ་སྐོར་དང་འདབས་འབྲེལ་ནས་ཡོད་པའི་བོད་རིགས་སེར་སྐྱ་མང་ཚོགས་ཀྱིས་མཚོ་ལ་གཏེར་ཁག་དང་བསང་རྩི། རྒྱལ་མཚན་རྩེ་མོའི་དར་ལྕོག་སོགས་བཟུང་ནས་མཚོ་མཇལ་དུ་འོངས་ཤིང་མཚོ་སྐོར་བྱེད་པའི་འདུ་འཛིའི་ཡོ་ལང་རྣམ་པར་རྒྱས་ཡོད་པར་མ་ཟད་མཚོ་མོའི་སྙན་གྲགས་ཀྱི་དབང་གིས་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་དད་ལྡན་གྱི་འགྲོ་འོང་རྒྱུན་མི་འཆད་པ་དང་། ཡུལ་འདིའི་སྐྱེས་ཕོ་མོའི་ཁྲོད་དུ་ལྷ་ལུང་གིས་མིང་ཅན་དག་ནི་ཆུང་དུས་ན་བའམ་རྒྱུ་རྐྱེན་གང་རུང་གིས་གནས་འདིར་འོངས་པའམ་ཡང་ན་གནས་འདི་དང་འབྲེལ་བ་དམ་དུ་ཡོད་པ་ཡིན།

སྟོང་རི་ལྷ་མཚོའི་གནས་སྐོར་ཁུལ་དེ་རྒྱལ་ཁབ་ཀྱི4Aརིམ་པའི་གནས་སྐོར་ལྗོངས་རྒྱུའི་ཁུལ་ལ་གཏན་འཁེལ་བྱེད་པ་དང་ཁྱད་པར་དུ་མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཇེ་བཟང་དུ་སོང་བ་དང་བསྟུན་ནས་སྟོང་རི་ལྷ་མཚོར་མཚོ་མཇལ་དང་གནས་སྐོར་ལ་ཡོང་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་པ་དང་གནས་སྐོར་པ་མང་རབས་ཤིག་ལོ་རེ་བཞིན་ཐོན་གྱིན་ཡོད་ལ་སྔ་མོ་ནས་མཚོ་སྔོན་གྱི་ཞི་ཧྲོང་པན་ན་ཞེས་པའི་མཚན་སྙན་ཡང་ཐོགས་ཡོད་དོ།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།