ཀྲུང་གོ་བོད་ཀྱི་དྲ་བ།

ཉག་རོང་གི་མིང་གི་འབྱུང་ཁུངས།

ཡོང་ཁུངས། : ཁམས་པའི་བོད་ཡིག་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1501208755178788.jpg

ཉག་རོང་རྫོང་གི་ཡུལ་ལྗོངས།

ཉག་རོང་གི་མིང་གི་འབྱུང་ཁུངས། 

༡ ཉག་རོང་ཞེས་པའི་མིང་དེ་ནགས་ཀྱི་རོང་གྲོག་གི་གོ་དོན་ཡོད། བཤད་སྲོལ་དུ་ཡོན་རྒྱལ་རབས་ཀྱི་འགོ་ཐོག་མའི་སྐབས་སུ་ས་ཆ་དེ་གའི་བླ་མ་ཤེས་རབ་རྒྱལ་མཚན་གྱིས་ཡོན་རྒྱལ་རབས་ཀྱི་གོང་མ་ཧྥུ་པི་ལེ་མཇལ་སྐབས་ཆོས་ཀྱི་ཐབས་ཤུགས་ལ་བརྟེན་ནས་ལྕགས་མདུང་ཞིག་ལ་མདུད་པ་བརྒྱབ་པས་ཡོན་རྒྱལ་རབས་གོང་མས་དགའ་མགུ་ཡི་རངས་ངང་ནས་བླ་མ་དེ་ལ་ཐུའུ་སིའི་གོ་གནས་གནང་བས་མིང་ལ་ལྕགས་མདུད་ཐུའུ་སི་ཞེས་བརྗོད།  ས་དེ་ལ་ཧོར་ཏུང་དང་ཧོར་ཤུལ། ཉག་སྟོད། ཉག་སྨད་བཅས་སྟོང་དཔོན་ཆེན་པོ་བཞི་ཡོད་ལ་དེར་དུད་ཚང་སྟོང་ཕྲག་ཆེ་བཞི་ཟེར།

1501208755251768.jpg

༢  སྲིད་གཞུང་བར་ཤོག་འབྲུག་སར་ན་ཡོད། ཉག་སྟོད་ཁ་བ་ལོག་རི﹙ཁ་ལ་ལུང་རི།﹚ཞེས་པའི་གངས་རི་གྲགས་ཆེ།ཉག་རོང་གི་ཆུ་ནི་ལྡན་སྟོད་ལབ་ཆོས་སྡེ་ནས་བབ་པའི་ཆུ་སེར་ཤུལ་དང་། སྡེ་དགེ་རྫ་སྟོད། དཀར་མཛེས་བཅས་བརྒྱུད་ནས་ཁ་བ་ལོག་རིའི་མདུན་ནས་འབབ་པའི་ཆུ་བོའོ། ཤང་ལང་བྲག་དཀར་སོགས་བན་བོན་གྱི་གནས་ཁྱད་པར་ཅན་དང་། བོན་པོ་དང་རྙིང་མའི་དགོན་སྡེ་མང་། ས་འདིར་གསེར་དངུལ་གྱི་མགར་བ་གྲགས་ཅན་ཡང་མང་། བོད་ཟལ་མོ་སྒང་པའི་ཁོངས་སུ་གཏོགས། དགོན་སར་དགོན་པ་དང་། བྲག་རྫོང་དགོན། སྐལ་བཟང་དགོན། ཨ་བསེ་ཀླུ་མོ་ར་སོགས་དགོན་སྡེ་མང་། ཉག་སྐེད་མགོན་པོ་རྣམ་རྒྱལ་སོགས་མི་སྣ་གྲགས་ཅན་བྱུང་མྱོང་།༼དགེ་བའི་བཤེས་གཉེན་འཇམ་དབྱངས་གྲགས་པ་ནས།༽

1501208755418268.jpg

གནས་ཆེན་ཁ་བ་ལུང་རི།

༣ བོད་གངས་ཅན་གྱི་གདུང་རྒྱུད་བསྙོན་དུ་མེད་པའི་ཉག་ཨ་ཛི་རོང་ཞེས་མིང་དུ་གྲགས་པ་འདི་ནི། དབྱིབས་དང་ཁ་དོག་གྲངས་སོགས་སྒོ་མང་ལ་འཇུག་མོད། འདིར་སྒྲ་ཟུར་ཆགས་པ་སྟེ་ནགས་རོང་ཞེས་པ་ཉག་རོང་དུ་བརྗོད་པ་རེད་ཅེས་བཤད་ཅིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ནགས་རོང་གི་མི་རྣམས་རྟ་པ་རྣ་བ་ལ་གསེར་དང་དངུལ་ཟངས་རག་སོགས་ཀྱི་ཨ་ལོང་ཆེན་པོ་འདོགས་བ་བྱུང་བས་རོང་རྟ་རྣ་ཅན་ཞེས་ཟེར་བ་དང་། ཡང་ཉག་ཨ་ཛི་རོང་ཞེས་པའི་མིང་ཐོགས་དོན་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱལ་པོའི་བཀའ་ལྟར་ནགས་རོང་གི་དམག་རྒྱ་གར་དུ་སོང་ནས་གང་གྰའི་འགྲམ་དུ་རྒྱལ་ཁ་ཐོབ་པས། རྣམ་པར་རྒྱལ་བ་ཞེས་པ་སྟེ་རྒྱ་གར་གྱི་སྐད་དུ་ཨ་ཛི་ཞེས་པའི་མིང་དེ་ཉིད་དུས་སྐབས་དེ་ནས་ཐོགས་ཞེས་བོད་ཀྱི་ལོ་རྒྱུས་རྣམས་སུ་གསལ།ཡུལ་འདིར་ལོ་ཆེན་བེེ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ། ལྷ་ལུང་དཔལ་རྡོར་སོགས་སྐུ་དངོས་ཞབས་ཀྱིས་བཅགས་ཤིང་། གུ་རུ་པདྨ་དང་རྗེ་འབངས་ཉེར་ལྔ་སོགས་རྫུ་འཕྲུལ་གྱིས་བྱོན་ཏེ་བྱིན་གྱིས་རླབས་པར་མཛད་པའི་སྦས་ཡུལ་ཁྱད་པར་བ་ཞིག་ཡིན།

1501208755746124.jpg

ཡུལ་འདིར་གནམ་གཤིས་དྲོ་གྲང་སྙོམས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ས་གཤིས་འཇམ་ལ་ཡུལ་ཐོན་མང་བ། རོང་འབྲོག་གཉིས་ལས་གཙོ་བོ་རོང་པའི་སོ་ནམ་ལ་འབུར་དུ་ཐོན་པ། མི་རྣམས་ནི་ལས་ལ་བརྩོན་ཞིང་ཁྲེལ་གཞུང་ལྡན་པ། ཡ་རབས་གོང་དུ་བཀུར་ཞིང་བློ་རིག་རྣོ་ལ་དཔའ་ངར་ཆེ་བས་བོད་གངས་ཅན་གྱི་ལྗོངས་སུ་སྙན་པའི་གྲགས་པ་འབར། ཁོང་ཚོས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་མདོ་དབུས་ཁམས་གསུམ་དུ་གནས་པའི་ཤ་རུས་གདུང་རྒྱུད་གཅིག་པའི་མི་རྣམས་དང་ཆབས་ཅིག་ཏུ།འོད་སྟོང་འབར་བའི་བོད་ཀྱི་ཤེས་རིག་གསར་སྐྲུན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་བྱས་རྗེས་སུབ་ཏུ་མེད་པ་དུ་མ་བཞག་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་ས་ཁུལ་རང་བཞིན་གྱི་རིག་གནས་ཀྱང་བསྐྲུན་ཡོད་པ་རེད།༼སོ་སྐལ་བཟང་རྡོ་རྗེས།༽

གནས་ཆེན་ཁ་བ་ལུང་རི།

གནས་ཆེན་ཁ་བ་ལུང་རི་ནི་དཀར་མཛེས་ཁུལ་ཉག་རོང་རྫོང་གི་མངའ་ཁོངས་སུ་ཆགས་ཡོད་པ་རེད། ཞིབ་མོར་བཤད་ན། ཆུ་མོ་རྫ་ཆུ་འབབ་པའི་གཡོན་ཟུར། བྱང་ཨ་སྟག་རོང་གི་ཉེ་ཚར། ཏྲེ་ཧོར་ཉག་ཨ་ཛི་རོང་གི་སྟོད་ཆར། ཉག་སྟོད་ཁ་བ་ལུང་རི་ཞེས་ས་ཕྱོགས་གང་ནས་བལྟས་ཀྱང་རྒྱལ་མཚན་གྱི་ཏོག་ལྟར་དཀར་ལྷང་ངེར་མངོན་པར་མཐོ་བ་ཞིག་ཡོད་པ་རེད།

1501208755491764.jpg

བཤད་སྲོལ་ལྟར་ན་ཨོ་རྒྱན་པད་མ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དགེ་སློང་ནམ་མཁའི་སྙིང་པོ། ལོ་ཆེན་བེེ་རོ་ཙ་ན། སོག་པོ་དཔལ་གྱི་རྡོ་རྗེ་སོགས་རྒྱ་བོད་ཀྱི་རིག་འཛིན་གྲུབ་བརྙེས་མང་པོ་ཞིག་གནས་མཆོག་དེ་ལ་བྱོན་ནས་བཞུགས་ཤིང་བྱིན་གྱིས་བརླབས་པའི་གནས་ཡི་དམ་བདེ་མཆོག་འཁོར་ལོའི་ཕོ་བྲང་མ་གཤིན་ཊཱཀའི་ཚོགས་ཀྱི་གནས་མཆོག  དཔལ་ལྡན་ཡེ་ཤེས་མགོན་པོའི་རྣམ་རོལ། དགེ་བསྙེན་མཆོད་གསུམ་བཞུགས་པའི་རྟེན་རྫོང་། སྒྲུབ་གནས་རྣམས་སུ་བཀའ་རྟགས་ཕྱག་རྗེས་དང་། གྲུབ་རྟགས་རང་བྱོན་སོགས་ངོ་མཚར་ཅན་གྱི་མཐོང་ཆོས་སུ་ཡོད་པ་ཞིག་རེད།

གནས་སྐོར་གྱི་ཕན་ཡོན་ནི་རྩེ་སྐོར་གཅིག་ལ་བྱེ་ཆེན་གཅིག  བར་སྐོར་ཅིག་ལ་བྱེ་ཆེན་བཞི   མཐའ་སྐོར་གཅིག་ལ་བྱེ་ཆེན་བདུན། ཕྱི་སྐོར་གཅིག་ལ་དུང་ཕྱུར་གཅིག  ཕྱིར་སྐོར་ཆེན་མོ་ལ་དུང་ཕྱུར་ལྔ་འགྱུར་ཡོད། ཁྱད་པར་དུ་སྤྲེའུ་ལོར་གནས་འདུ་ཡིན་པས།དེ་ལས་ཀྱང་ཕན་འགྱུར་ཆེ་བ་ཡོད་ཅེས་ས་གནས་དེ་གའི་དམངས་ཁྲོད་དུ་བཤད་རྒྱུན་ཆགས་པ་ཞིག་རེད། མདོར་ན། ཞི་རྒྱས་དབང་དྲག་ལས་རྣམས་མཐར་ཕྱིན་ཞིང་།། མི་མཐུན་རྐྱེན་རྣམས་སེལ་ཞིང་བསམ་དོན་འགྲུབ།། འཆད་རྩོད་རྩོམ་གསུམ་ལ་བྱང་ཆུབ་ས་བོན་ཐེབས།། མཐར་ཐུག་བསམ་དོན་གོ་འཕང་ཐོབ་པར་ངེས།།  

ཉག་རོང་གི་སྐོར་བྲོ།

ཉག་རོག་གི་སྐོར་བྲོ་ལ་རོལ་ཆའི་མཐུན་སྦྱོར་མེད་ལ་ས་ཕྱོགས་ཀྱི་གཟབ་འཕྱོར་སྤྲས་པའི་བྲོ་པ་རྣམས་ཕོ་མོ་འགྲིག་གཉིས་སུ་བསྒྲིགས་ནས། སྐོར་བྲོ་འཁྲབ་པའི་སྐབས་ཀྱི་བྲོ་འགོ་ཁྲིད་མཁན་དེ་ལ་བྲོ་དཔོན་ཟེར་ཞིང་། བྲོ་དཔོན་དེ་ནི་བྲོའི་མཁན་པོ་ལྟ་བུ་དང་བྲོའི་སྒྱུ་རྩལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡག་པོ་ཡོད་དགོས་པ་ཞིག་རེད།

1501208755739152.jpg

ཉག་རོང་སྐོར་བྲོའི་བརྒྱུད་འཛིན་པ་ཡིད་བཞིན་ནོར་བུ་དང་ཨ་བདེ།

  དཔེར་ན་ངག་སྙན་ལ་གཟུགས་བཟང་བ། བྲོ་འགྲོས་ལེགས་པ་སོགས་ཀྱི་ཁྱད་ཆོས་དགོས་པས་མ་ཚད། མི་གཤིས་བཟང་ལ་ཀུན་དང་མཐུན་པ་ཞིག་དགོས། བྲོ་དཔོན་གྱིས་གཙོ་ཆེ་ས་བྲོ་ར་སྤྱིའི་བཀོད་སྒྲིག་ལ་བསམ་བློ་གཏོང་དགོས་པ་དང་། དེ་ནས་བྲོ་དཔོན་གྱི་རྗེས་སུ་འབྲང་མཁན་དེ་ལ་བྲོ་གཡོག་ཟེར་ཞིང་། བྲོ་གཡོག་ལ་ཚང་དགོས་པའི་ཆ་རྐྱེན་ནི། བྲོ་དཔོན་གྱི་ངག་དང་མཐུན་ཅི་ཐུབ་བྱེད་དགོས་པས་མ་ཚད་བྲོ་ཡ་ཚོས་ཁྲིད་པའི་བྲོ་ལ་ངག་དང་ཚིག་འགྲོས་བཅས་ལ་རྒྱུས་ལོན་བྱེད་དགོས། བྲོའི་མཇུག་མར་ཡོད་པའི་བྲོ་པ་དེ་ལ་བྲོ་རྔ་ཞེས་ཟེར་བ་རེད།

1501208755644312.jpg

དེ་མིན་རྣམས་ལ་བྲོ་པ་ཞེས་ཟེར་བ་མ་གཏོགས་མིང་གཞན་འདོགས་སྲོལ་མེད། སྤྱིར་བཏང་གི་བྲོ་འགྲོས་ཀྱི་ཆ་ནས་དབྱེ་ན་འགྲོ་བྲོ་དང་ཁེར་བྲོ་རྣམ་པ་གཉིས་ཡོད་པ་དང་། འགྲོས་བྲོ་ནི་ཉག་བྲོའི་སྤྱི་འགྲོས་དེ་ལ་ཟེར། ཁེར་བྲོ་ནི་དེ་ལྟར་མ་ཡིན་པར་རང་ལ་ཐུན་མོང་མ་ཡིན་པའི་བྲོ་འགྲོས་ཅན་དེ་ལ་ཟེར་ཞིང་། དཔེར་ན། ཨ་ལ་ཐ་ལ་དང་ཨ་རོགས་ཁམས་པ་ལྟ་བུ་ལ་འདོད། བྲོ་ཚིག་ལ་སྤྱིར་དུམ་བུ་གསུམ་རེ་ཡོད་ལ། དཔེར་ན་དགུང་ཨ་སྔོན། མཐོ་བྲག་དཀར། སྡེ་རྒྱ་གྲོང་ལྟ་བུ། བྲོ་ཐོག་མ་དེ་སྐྱེས་པ་ཚོས་ཁྲིད་སྲོལ་ཡོད་ལ། སྐྱེས་པ་ཚོས་བྲོ་ཚིག་བཏང་རྗེས་བུད་མེད་ཚོས་དེ་བསྐྱར་ཟློས་སུ་གཏོང་བ་དང་། དེ་ནས་བུད་མེད་ཚོས་བྲོ་ཁྲིད་དུས་སྐྱེས་པ་ཚོས་བསྐྱར་ཟློས་སུ་གཏོང་བ་ཡིན། དེ་ལྟར་བརྗེ་རེས་བྱས་ནས་ཉིན་ཞག་མང་པོ་འཆམ་སྲོལ་ཡོད། སྤྱིར་བཏང་བྲོ་ཚིག་དུམ་བུ་གསུམ་ཡོད། དེའང་དུམ་བུ་དང་པོ་འཆམ་དུས་ངག་རྟ་ཉམས་འགྱུར་དལ་བ། དུམ་བུ་གཉིས་པ་འཆམ་དུས་ངག་རྟ་དང་ཉམས་འགྱུར་ཅུང་མགྱོགས་ལ། དུམ་བུ་གསུམ་པ་འཆམ་དུས་ཇེ་མགྱོགས་སུ་གཏོང་བ་ཡིན། དེ་ནི་ཞི་རྒྱས་དབང་དྲག་གི་རྣམ་པ་ཡིན་ནོ།།

1501208755324784.jpg

སྐོར་བྲོ་འཁྲབ་དུས་ཕོ་མོ་གཉིས་ཀྱི་བྲོ་འགྲོས་ལ་ཁྱད་པར་ཆེར་མེད་མོད། ཉམས་འགྱུར་དང་གོམ་སྟབས། རྐང་པ་མཐོ་དམའ་དང་ཤུགས་ཆེ་ཆུང་། ལག་པ་གཡུག་མི་གཡུག་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པ་རེད། སྤྱིར་བཏང་བུད་མེད་ཀྱི་བྲོ་འགྲོས་དེ་བརྩེ་དུང་ལྡན་པ་དང་ཉམ་ཆུང་ལ་བག་ཕེབས་པའི་ཉམས་དེ་ནི་བྲོ་དེའི་ཐོག་མཐའ་བར་གསུམ་དུ་ཡོད་དགོས་པ་ཞིག་ཡིན། སྐྱེས་པ་རྣམས་ནི་དེ་ལྟར་མ་ཡིན་པར་ཁོག་སྟོད་བསྒྲད་བསྒྲད་དང་། རྐང་པ་སིལ་སིལ། སྐྱེས་ཕོ་རབ་ཀྱི་ཉམས་དགུ་དང་ལྡན་པ། ཁོག་ཡངས་ལ་བརྗིད་ཉམས་དང་ལྡན་པ་ཞིག་ཡིན། རྒྱུ་མཚན་དེའི་ཕྱིར་ན་ཉག་རོང་སྐོར་བྲོའི་ཁྱད་ཆོས་དངོས་ལ་ཞིབ་འཇུག་བྱས་ན། དེ་ནི་ཚ་འུར་གྱི་སྐོར་བྲོ་ཞིག་གཏན་ནས་མིན་པར་ཞི་དུལ་བག་ཕེབས་སམ་སོས་དལ་བག་ཡངས་ཀྱི་སྐོར་བྲོ་ཞིག་ཡིན། དེ་ཡང་གནའ་མི་ཚོའི་བསམ་བློ་དང་བརྩེ་དུང་བརྗེ་རེས་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་མཚོན་ཡོད། ཉག་རོང་སྐོར་བྲོ་ནི་གཙོ་ཆེ་བ་ལུས་ཀྱི་སྟེང་ནས་དལ་གྱིས་འགྱིང་བ་དང་། ཉམས་ཀྱི་སྟེང་ནས་བརྗིད་ཆགས་པ་ཞིག་ཡིན།

1501208755198470.jpg

སྐྱེས་པ་རྣམས་ནི་གཙོ་བོ་རྐང་ལག་གཉིས་ཀྱི་ལས་ཀ་འདྲ་མཉམ་གྱིས་ཐོན་དགོས་ལ། བུད་མེད་རྣམས་ནི་གཙོ་བོ་ལག་པ་ཡིན། ལུས་ཀྱི་སྒུར་ཚད་ལ་ཁྱད་པར་ཡོད་དེ། སྐྱེས་པ་རྣམས་ཀྱི་ལུས་དེ་ཕར་བལྟས་ན་ཅུང་ཙམ་སྒུར་བ་དང་འདྲ་བ་ཞིག་དང་། དེ་ནི་གཙོ་བོ་ཁོག་སྟོད་ཁོག་ཕུབ་པ་ཡིན་ལ། མགོ་བོ་སྒུར་སྲོལ་མེད། རྐང་པའི་རྡོག་བྲོ་དེ་མཐོ་ཙམ་བཀྱག་སྲོལ་ཡོད་པ་དང་། ལག་པ་མགོ་བོ་ཡན་ལ་འདེགས་སྲོལ་ཡོད། དེ་ལ་སེང་གེའི་འགྱིང་ལྟ་བུ་ཟེར། བུད་མེད་རྣམས་ཀྱི་ལུས་སྒུར་རྒྱུ་ཅུང་མང་ཙམ་ཡོད། དེ་ནི་ཉམ་ཆུང་ལ་ཁྲེལ་གཞུང་ལྡན་པའི་ཉམས་ཡིན། རྐང་པའི་རྡོག་བྲོ་དེ་ཧ་ཅང་དམའ་ལ་ཕལ་ཆེར་འགུལ་ཉམས་ལས་མི་མཐོང་བ་འདྲ། ལག་པ་དེའང་མགོ་བོའི་ཡན་ལ་བཀྱག་སྲོལ་མེད། སྐོར་བྲོ་ལ་རྐང་པ་གཡས་པའི་རྡོག་བྲོ་མ་གཏོགས་རྒྱག་སྲོལ་མེད། ལག་པ་གཉིས་ལས་གཡས་པ་དེ་གཡོན་པ་ལས་མཐོན་པོར་བཀྱག་སྲོལ་མེད། དེ་ནི་རྨ་བྱས་སྒྲོ་གུར་ཕུབ་པ་ལྟ་བུ་ཟེར། ཡིན་ནའང་དེང་གི་དུས་འདིར་སྐོར་བྲོའི་སྒྱུ་རྩལ་མི་ཉུང་བ་ཞིག་ཉམས་ནས་སྒྱུ་རྩལ་གྱི་ཐད་ནས་བསམ་བློ་གཏོང་མཁན་ནི་ཉིན་མོའི་སྐར་མ་དང་འདྲ། དེའང་བར་སྐབས་ཤིག་ལ་བོད་མིའི་ཟློས་གར་ཚོགས་པ་བྱུང་བས་ས་ཆ་སོ་སོའི་བྲོ་དང་གླུ་སོགས་འགོ་བཅད་མཇུག་སྡུད་བྱས་ནས་བསྒྲིགས་པ་དང་། ཡུལ་ཕྱོགས་གཉིས་ཀྱི་བྲོ་དེ་བྲོ་གཅིག་ཏུ་བསྒྲིགས་ནས་འཁྲབ་པ་སོགས་ཀྱིས་ཉག་རོང་སྐོར་བྲོའི་རང་ངོས་ཀྱི་སྒྱུ་རྩལ་ལ་གཏོར་བཤིག་མི་ཉུང་བ་ཞིག་ཐེབས་ཡོད་པ་རེད།༼སོ་སྐལ་བཟང་རྡོ་རྗེས།

ཉག་རོང་གི་སྨན་འཇིམ་འབག་མགོ།

1501208755794434.jpg

སྨན་འཇིམ་འབག་མགོ་ནི་བོད་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་བཟོ་རྩལ་ཞིག་ཡིན་ལ་ཁམས་ཁུལ་ལ་ཆ་བཞག་ན་ཉག་རོང་རྫོང་དུ་ལག་རྩལ་དེ་མ་ཉམས་གོང་འཕེལ་དུ་འགྲོ་བཞིན་ཡོད། སྨན་འཇིམ་འབག་མགོ་ནི་ཤིང་གི་གྲི་དང་དབྱུག་གུ། ཐོ་བ། འབིག་སོགས་ལག་ཆ་ཉི་ཤུ་ཙམ་ལས་བཟོས་པ་ཞིག་ཡིན།

རྒྱུ་ཆ་ནི་མཚོ་ངོས་ལས་མཐོ་ཚད4600ཡན་གྱི་མཐོ་སའི་ས་དང་ཆུ་གཉིས་སྦྱར་རྗེས་དེའི་ནང་དུ་རིང་བསྲེལ་དང་བྱུ་རུ། མུ་ཏིག གཟི་དགུ་མིག་ཅན་བཅས་བསྲེས་པ་མ་ཚད་རྩ་ཆེ་བའི་བོད་སྨན་དང་རྩྭ་སྨན། རིན་པོ་ཆེ་སོགས་སྦྱར་ཡོད།

1501208755834846.jpg

འབག་མགོ་བཟོས་ཚར་རྗེས་རབ་གནས་གནང་ཏེ་ཉིན་བདུན་གྱི་རིང་ལ་ཆུ་ནང་སྦངས་ན་བཀྲག་མདངས་ལྡན་ཞིང་དྲི་ཞིམ་འཐུལ་བ་ཞིག་ཏུ་གྱུར།

སྨན་འཇིམ་འབག་མགོ་ལ་རུལ་རྒྱུ་མེད་ལ་མདོག་ཡལ་རྒྱུ་མེད་པ་དང་ཁྱེར་བདེ་བའི་ཁྱད་ཆོས་འཛོམས། བཤད་སྲོལ་ལྟར་ན་འབག་མགོ་ལ་རབ་གནས་ཐོབ་པས་སྲུང་མའི་འབག་མགོ་དང་སྐུ་འདྲ་གང་ཡིན་རུང་བགེགས་འགོག་བར་ཆད་བསལ་ཞིང་དངོས་གྲུབ་སྩོལ་བའི་ནུས་པ་ལྡན་པར་མ་ཟད་རྒྱུ་ཆའི་ནང་དུ་སྨན་རིགས་མང་པོ་འདུས་ཡོད་པས་ཆམ་ནད་དང་ངལ་དུབ་སེལ་བའི་ནུས་པ་ཆེན་པོ་ཡོད་པར་གྲགས།

ད་ལྟར་ཉག་རོང་གི་སྨན་འཇིམ་འབག་མགོའི་རྒྱུན་འཛིན་པ་བསོད་ནམས་རྒྱལ་མཚན་དང་བཅས་པའི་སྐུ་དྲིན་ལ་བརྟེན་ནས་བཟོ་རྩལ་དེ་མ་ཉམས་རྒྱུན་མཐུད་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་མཆིས་སོ།།

1501208755318063.jpg

ཉག་རོང་གི་ཚེས་བཅུ་གསུམ་གྱི་དུས་ཆེན།

ཁམས་ཉག་རོང་དུ་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་དེ། ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་ནང་ཚན་དུས་ཆེན་ཆེས་ཆེ་བ་ཞིག་ཏུ་བརྩིས་ནས་ཟབ་རྒྱས་སུ་རོལ་བ་སྟེ། རྒྱའི་ལོ་སར་དང་བོད་ཀྱི་བཅུ་གསུམ་ཞེས་དེ་ལས་ཆེ་བའི་དུས་ཆེན་མེད་པར་བཤད། ཉག་རོང་དུ་བཅུ་གསུམ་གྱི་དུས་ཆེན་རོལ་ཅིང་། དུས་ཆེན་འདི་ལོ་སར་བརྩིས་པའི་སྲོལ་འདི་ཇི་ལྟར་བྱུང་བའི་སྐོར་ལ་ཤོད་ཚུལ་མི་འདྲ་བ་གསུམ་སྣང་སྟེ། དང་པོར། ཉག་དཔོན་ཨ་མགོན་གྱིས་ཁམས་ཆབ་མདོ་མན་ཆད་དང་། ཤར་རྒྱལ་མོ་རོང་ཡན་ཆད་དྲག་པོ་དཔུང་གིས་དབང་དུ་སྡུད་སྐབས།དམག་ཇུས་ལ་བྲེལ་བས་ལོ་སར་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་དུ་སྔར་སྣུར་བྱས།དེ་ནས་ཡུལ་གཞན་དུ་དམག་དྲངས་པས་གཡུལ་ལས་རྣམ་པར་རྒྱལ་པས་གོང་གི་ཟླ་ཚེས་དེ་བརྩི་མི་དགོས་པའི་གཟའ་སྐར་བཟང་པོར་བརྩིས་ཏེ་དུས་ཆེན་རོལ་བའི་སྲོལ་བྱུང་ཚུལ་དང་།

1501208756163507.jpg

གཉིས་པ། ལྕགས་མདུད་ཤེས་རབ་རྒྱ་མཚོ་དེ་ཉིད་མཁས་དང་གྲུབ་པའི་སྙན་པ་ཕྱོགས་མེད་དུ་ཁྱབ། ཉག་སྟོད་སྡེ་བཞིའི་བཀུར་གནས་སུ་གྱུར་པར། བོད་ཟླ་དང་པོར་ལོ་སར་རོལ་ན། ཆོ་འཕྲུལ་ཆེན་པོའི་ཟླ་བའི་ནང་བཤས་མང་པོ་བཤའ་བར་དགོངས་ཏེ་ཟླ་བ་སྔ་མའི་གཟའ་སྐར་ཤིན་ཏུ་དགེ་བའི་ཚེས་བཅུ་གསུམ་ཉིན་ལོ་སར་སྔར་སྣུར་བྱས་པ་ལས་སྲོལ་ཚུགས་ཚུལ་དང་། གསུམ་པ། ཁམས་ཉག་རོང་ནི་སྔོན་ཁྲ་མོ་གླིང་གི་ས་ཆ།འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་གི་གདན་ས། གྲུབ་བརྙེས་ཀྱི་རིག་འཛིན་བར་མ་ཆད་པར་འབྱུང་བའི་རོང་ཆེན་སྟེ། གླིང་རྗེ་གེ་སར་རྒྱལ་པོ་དེ་ཉིད་ཀྱིས་ཕྱོགས་བཞིའི་དགྲ་བཞི་བཏུལ། ནག་པོ་བདུད་དང་སེར་པོ་ཧོར། སྨུག་པོ་འཇང་ལ་སོགས་པའི་ཡུལ་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་ཉི་འོད་བཞིན་ཁྱབ་པར་མཛད་དེ། མི་ཡུལ་གྱི་འགྲོ་དོན་རེ་ཞིག་རྫོགས་ནས་ལྷ་ཡུལ་དུ་གཤེགས་ཁར་གྱི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། གླིང་དཀར་སྟོད་སྨད་ཐམས་ཅད་དགའ་སྟོན་གྱི་དཔལ་ལ་རོལ་བས། དེའི་རྗེས་དྲན་གྱི་ཆེད་དུ་སྲོལ་འདི་ཚུགས་པ་ཡིན་ཚུལ་གྱི་ངག་རྒྱུན་དུ་ཡང་སྣང་ངོ་།།

1501208756555747.jpg

བཅུ་གསུམ་རོལ་བའི་དུས་བཟའ་བཅའ་བཏུང་གསུམ་གྱི་རིགས་དང་རྒྱན་གོས་གཟབ་མཆོར་སྤྲས་སྟངས། རྟའི་བང་རྩལ་འགྲན་སྟངས་སོགས་ནི་བོད་ཡུལ་སྤྱི་དང་འདྲ་བ་རེད། ཡུལ་ལྷ་གཞི་བདག་མཆོད་བསྟོད་ཀྱི་སྟ་གོན་ལ། བསང་ཤིང་། བསང་རྫས། དཀར་གསུམ་མངར་གསུམ་གྱི་ཕྱེ་མར། ཇ་ཕུད། ཆང་ཕུད། འོ་ཕུད། ལ་བཙས་གསོ་བྱེད་ཀྱི་རྒྱལ་མཚན་རྩེ་མོ་སོགས་ཀྱི་རླུང་རྟ་སྣ་ཚོགས། གཞི་བདག་གི་སྐོང་རྫས་ཤིང་ལས་གཞོག་པའི་མདའ་གཞན་ན་མ་དར་བའི་སྲང་ཤིང་ཞེས། ཤིང་སྟག་པའི་ཡལ་ག་འདམ་དོ་ཙམ་གྱི་ཡུ་བ་ཅན་ཡལ་ག་མང་པོ་ཡོད་པར་ཁབ་ཀྱིས་བུ་ག་གཏོར་པར་བྱ་དཀར་གྱི་སྤུས་བརྒྱན་པ། ཀླུ་མཆོད་སོགས་ལ་མཁོ་བའི་བལ་མཚོན་དང་། དར་ཕྲེང་སྒོ་དར་རྣམས་སོ།།

ཉག་རོང་ཕྱོགས་ཀྱི་སྤང་རིང་ཟམ་པ།

སྤང་རིང་ཟམ་པ་ནི་ཉག་རོང་རྫོང་གི་ལོ་ལྔ་ཤང་གི་ཁོངས་སུ་ཡོད་ལ་ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་འགོ་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ས་གནས་དེའི་མི་སེར་རྣམས་རྩ་འཛུགས་བྱས་ཏེ་བཞེངས་པ་ཡིན་ལ་རྒྱལ་ཡོངས་ཀྱི་རྩ་ཆེ་བའི་རིག་དངོས་སྲུང་སྐྱོང་བྱེད་ཡུལ་ཡིན།

1501208756479256.jpg

སྤང་རིང་ཟམ་པ་ནི་ཉག་ཆུའི་ཐོག་གི་བོད་ལུགས་ལྟར་ཤིང་རྡོ་ལས་གྲུབ་པའི་ཟམ་པ་གཅིག་ཁོ་ན་དེ་ཡིན་པས་ཁམས་པའི་ཟམ་པ་དང་པོ་ཞེས་སྐད་གྲགས་ཡོད། ཟམ་པ་དེ་ནི་ཟམ་གདན་དང་ཟམ་ངོས། ཟམ་པའི་ལྡིང་ཁང་བཅས་ལས་གྲུབ་སྟེ་རིང་ཚད་སྨི120དང་ཞེང་ཚད་ལ་རྨི3ཡོད་ལ་ལག་དཔུང་བརྐྱངས་པ་ལྟར་ཉག་ཆུའི་ཐོག་ལ་བསྲིངས་བ་ཡིས་བོད་མི་རིགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་དང་གནའ་དུས་ཀྱི་འཛུགས་སྐྲུན་བཟོ་རྩལ་མཚོན་ནོ།

1501208756490187.jpg

ལྷ་རི་མའི༼གླག་རི་མ༽རྡོ་ཁང་།

1501208756276517.jpg

ལྷ་རི་མའི༼གླག་རི་མ་༽རྡོ་ཁང་ནི་ཉག་རོང་རྫོང་ལྷ་རི་མ་ཤང་གི་རྫ་རྫོང་གྲོང་པ་ན་ཡོད། མཚོ་འཕགས3678ཡོད་ལ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན། དུད་ཁ་སོས་སོའི་ཁང་སྟེང་རྡོ་ལེབ་བཀབ་སྟེ་གྲལ་བསྟར་འགྲིག་པས་ཡིད་དབང་འཕྲོག་པ་ཞིག་རེད།

བོད་ཁང་དག་གི་ཁྱད་ཆོས་ནི་བརྩེགས་དང་པོ་རྡོ་དང་འདམ་པ་ལས་བརྩིགས་ཏེ་གནའ་དུས་སུ་ཕྱུགས་ཟོག་བཙུད་ཀྱང་ད་ལྟར་མང་ཤོས་ཀྱིས་ཞིང་ལས་ལག་ཆས་དང་འབུད་ཤིང་འཇོག་ས་བྱེད། བརྩེགས་གཉིས་པ་ནི་བང་ཁང་གི་ལུགས་ལྟར་བྱས་པས་དབྱར་བསིལ་ལ་དགུན་དྲོ་བའི་ཁྱད་ཆོས་ལྡན་པས་མི་འདུག་ས་དང་ཟ་མ་གཡོ་ས་བྱེད། ཁང་སྟེང་ལ་དང་ཐོག་ས་བཀབ། དེ་ནས་རྡོ་ལེབ་བཀབ་སྟེ་ཆར་ཆུ་འགོག་པར་མ་ཟད་མིག་ལ་མཛེས་པ་ཞིག་ཀྱང་རེད།

1501208756916913.jpg

ངོ་མཚར་རྡོ་ལས་གྲུབ་པའི་གསང་མཚན། 

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་རོང་ཨ་བསེ་དལ་བབས་རིང་མོ་ལྷུང་ལྷུང་དུ་འབབ་པའི་གཡོན་ཕྱོགས། འཛམ་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ་སའི་ཡ་གྱལ། ཨ་བསེ་གཡུ་རལ་རྒྱལ་པོའི་ཕོ་བྲང་གི་གཡོན་རོལ། སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པའི་བསྟན་པའི་མངའ་བདག་ཨ་བསེ་ཀླུ་མོ་དགོན་པའི་གཙུག་ལག་ཁང་གི་གཡས་ཟུར། དེའི་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་ནགས་ཚལ་ལྗོན་ཤིང་གི་རྐང་འཐུང་དུ་མ་ཚར་དུ་དངར་བའི་དབུས་སུ། རང་བྱུང་རྡོའི་ཁམས་ལས་གྲུབ་པའི་མོའི་གསང་མཚན་ཞིག་དང་ཕོ་མཚན་ཞིག་ཡོད། དེའི་ལོ་རྒྱུས་ནི་འདི་ལྟར་སྟེ། དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་གི་རྒྱུད་ལས། འཛམ་བུ་གླིང་ཡོན་ཏན་གྱི་རྒྱལ་མཚན་ཅན་འདི་ཆགས་ནས་མི་རིང་བ་ན། ནམ་མཁའ་ནས་ལྷ་བཞི་དང་དྲི་ཟ་བཞི་བྱུང་སྟེ་དེ་དག་གིས་མཁའ་སྤྱོད་ཀྱི་གནས་བརྒྱད་བཟུང་། ས་སྟེང་ནས་གནོད་སྦྱིན་བཞི་དང་སྲིན་པོ་བཞི་བྱུང་སྟེ་དེ་དག་གིས་ས་སྤྱོད་ཀྱི་གནས་བརྒྱད་བཟུང་། ས་འོག་ནས་ཀླུ་བཞི་དང་ལྷ་མ་ཡིན་བཞི་འོངས་ཏེ་ས་འོག་གི་གནས་བརྒྱད་བཟུང་ཞེས་གསུངས་པ་ལས། ས་སྟེང་ནས་གནོད་སྦྱིན་བཞི་དང་སྲིན་པོ་བཞི་བྱུང་སྟེ་དེ་དག་གིས་ས་སྤྱོད་གནས་བརྒྱད་བཟུང་བའི་ནང་ཚན་ཧི་མ་ལ་ཡ་སྟེ་གངས་ཅན་དུ་གྲགས་པ་རེད། མ་ཧཱ་དེ་བ་ཡབ་ཡུམ་གངས་རི་ཆེན་པོ་ཏི་སེ་འདི་ཉིད་ཕོ་བྲང་དང་བཅས་ཏེ་བཞུགས་པ་སྤྱན་དྲངས་ཏེ་མཆོད་པ་ལས། དེ་གཉིས་དགའ་མགུར་སྤྱོད་པས་བྲེལ་ནས་འགྲོ་བར་མ་ཁོམ་པའི་ཚེ། དེའི་སྤྲུལ་པ་རྡོའི་ལིངྒ་མགོ་བོ་ལྟ་བུ་སུམ་ཅུ་རྩ་གཉིས་སྤྲུལ་ཏེ་ཡུལ་དེ་དག་གི་མཆོད་པའི་རྟེན་དུ་བཞག་གོ།། དེ་རྣམས་ཀྱིས་ཀྱང་མཆོད་པར་བྱེད་ཅིང་།

1501208756350949.jpg

དེ་དག་ལས་འདོད་ཆགས་ཤས་ཆེ་བས་དུས་བཞིར་ཆུང་མ་དང་གཉིས་སྦྱོར་རོ།། ཞེས་གསུངས་པ་ལྟར་རྡོའི་ཕོ་མཚན་འདི་ཡང་ལིངྒ་མགོ་བོ་ལྟ་བུ་སུམ་ཅུ་རྩ་གཉིས་སྤྲུལ་པའི་ནང་ཚན་གཅིག་ཡིན་པར་མ་ཟད། དགོན་པའི་འོག་རོལ་གླང་མའི་རྐང་འཐུང་གི་ལྕུག་ཕྲན་དུ་མ་འཁྲིགས་པའི་དབུས་སུ་ཡང་། རང་བྱུང་རྡོ་ཡི་ཁམས་ལས་གྲུབ་པའི་མོའི་གསང་མཚན་ཞིག་ཡོད་པ་དེ་ལས་དུས་རྒྱུན་ཟླ་བ་དཀར་ཕྱོགས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་མཉམ་དུ་ཟླ་བའི་མཚན་མ་དང་མཚུངས་པའི་མཚལ་དམར་འབྱུང་བ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ། དེ་དག་ལ་དུས་རྒྱུན་གཞོན་ནུ་མ་རིགས་རྒྱུད་ཀྱིས་དབུལ་བ་རྣམས་དང་། སྐྱེས་པ་གཞོན་ནུ་རིགས་རྒྱུད་སྤེལ་བའི་ནུས་པས་དམན་པའི་ལང་ཚོས་རབ་ཏུ་དུད་པ་རྣམས་ཀྱིས་ཞོན་སྦྱོར་སོགས་བྱས་ན་རིགས་ཀྱི་མྱུ་གུའི་འདོད་པ་འཇོ་བ་སོགས་ངོ་མཚར་གཏམ་གྱི་སྦྱོར་བ་དུ་མ་ཞིག་ཡོད་པ་དང་། ད་ལྟ་དམངས་ཁྲོད་དུ་རྡོའི་གསང་མཚན་ཟུང་ལ་མཐོང་ཐོས་དྲན་རེག་གྱུར་ན་རིགས་ཀྱི་དངོས་གྲུབ་སྟེར་བའི་དད་འདུན་ལྷག་པར་ཡོད།དེ་སོགས་ལ་བརྟགས་ན། བོད་གངས་ཅན་གྱི་གདོད་མའི་ཆོས་ལུགས་དེ་དབང་ཕྱུག་གི་ཆོས་ལུགས་ཡིན་པ་དང་། 

1501208756413895.jpg

དེ་དུས་ནམ་དར་དང་། ཆོས་ལུགས་རིག་གནས་ཀྱི་འཕེལ་རིམ་ཇི་ལྟར་ཡིན་པ་དང་། གནའ་བོའི་སྲོལ་རྒྱུན་དེ་དག་མ་ཉམས་པར་ད་ལྟ་ཡང་མིག་གི་དཔལ་ལ་ལོངས་སྤྱོད་དུ་ཡོད་པ་དང་། གཞན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་དུ། རྒྱ་གར་དང་བལ་པོ་ཚོས་དབང་ཕྱུག་གི་ལིང་ག་དང་། ཨུ་མའི་བྷ་ག་ལ་ཕྱག་དང་མཆོད་པ་བྱེད་པ་དེ། ཡིན་རྒྱུ་ནི་ཐབས་ཤེས་ཟུང་དུ་འཇུག་པ་ཞིག་ལ་ཕྱག་མཆོད་བྱས་པའི་ཁུལ་རེད་ཅེས་གསུངས་པ་སོགས་ལ་དེ་ལུགས་རྣམ་དཔྱོད་ཀྱི་ཁོ་ལག་རབ་ཏུ་ཡངས་པ་དང་། ཕྱོགས་རིས་ཀྱི་དྲི་མས་མ་བསླད་པ་རྣམས་ལ་ནི་འདི་དག་ཞིབ་འཇུག་གི་དངོས་པོ་རིན་ཐང་དང་བྲལ་བ་ཞིག་ཡིན་པར་གདོན་མི་ཟའོ།།༼མུ་པོ་ནས།༽

1501208756768571.jpg

ཉག་རོང་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

ཉག་རོང་རྫོང་གྲོང་གི་ལམ་སྒྲོན་ནི་ཞབས་སྟེགས་གྲུ་བཞིར་གཞུང་རྟ་ཉིས་གཤིབ་ཅན་གྱི་བར་ཚིགས་སུ་ཁ་ཟླུམ་གཟུགས་ཀྱི་སྒྲོན་མིག་གཉིས་ཡོད་པ་དང་། གཅིག་གི་ཐོག་ཏུ་རྣམ་བཅུ་དབང་ལྡན་དང་གཅིག་གི་ཐོག་ལ་སྐྲ་འཕན་དམར་པོའི་རི་མོས་བརྒྱན་ཡོད། རྩེ་མོ་ནོར་བུ་མེ་འབར་གྱི་གཟུགས་སུ་གྲུབ་ཅིང་དཀྱིལ་དུ་སྒྲོན་མིག་གཅིག་དང་གཡས་གཡོན་དུ་དྲུག་བཅས་བདུན་ཡོད། ནོར་བུ་མེ་འབར་གྱི་དཀྱིལ་དུ་ཕྱག་ལག་ཅིག་བྲིས་འདུག་པས་ཉག་རོང་གི་སྨན་འཇིམ་བཟོ་རྩལ་སོགས་མཚོན་ཞིང་སྐྲ་འཕན་དམར་པོས་ཉག་རོང་ཁམས་པའི་ཕོ་རྒོད་ཀྱི་ཐུན་མིན་སྐྲ་རྒྱན་མཚོན་པ་བཅས་ས་གནས་རིག་གནས་ཀྱི་ཤན་ཤུགས་ཆེན་པོ་ཡོད་པ་རེད། །

ཁམས་པའི་བོད་ཡིག་དྲ་བའི་འཕྲིན་ཕྲན་ལས་བཤུས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།