ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན། གསར་འགོད་པས་མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་བྱས་པ་ལྟར་ན། ད་ལོའི་མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་གྱི་མཛད་སྒོ་མུ་མཐུད་དུ“འཇའ་ཚོན་གྱི་ཕ་ཡུལ”སྟེ་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྗོང་ནས་བསྡུ་རྒྱུ་ཡིན་ལ། འདི་ནི་ཧུའུ་ཀྲུའུ་རྫོང་གི་མགོ་རྩོམ་མཛད་སྒོ་ཐེངས་གཉིས་པར་སྒྲུབ་འགན་འཁུར་བ་རེད། མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་ནི་གླིང་ཆེན་ཨེ་ཤ་ཡའི་རིམ་པ་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཞིག་ཡིན་པ་དང་། ད་ལྟའི་བར་དུ་ཐེངས་བརྒྱད་ལ་ཚོགས་པའི་རིང་།“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཞུགས་པ། ཚོང་ར་ལྟར་འཁོར་སྐྱོད”བཅས་ཀྱི་རྩ་དོན་ལ་གཞིགས་ཏེ། འགྲན་བསྡུར་ཚོང་ར་ཅན་དུ་བསྒྱུར་བའི་ཚད་རིམ་བཞིན་མཐོར་འདེགས་སུ་བཏང་། མགོ་རྩོམ་མཛད་སྒོ་ནི་འགྲན་བསྡུར་གྱི་གཙོ་ཆེ་བའི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། བསྟུད་མར་ལོ་འགའི་རིང་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཐད་གཏོང་བྱས་པས་མཚོ་སྔོན་དྲིལ་བསྒྲགས་དང་ས་གནས་ཀྱི་དཔལ་འབྱོར་་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན། །
