ནང་ཆོས་དང་དེང་རབས་ཚན་རིག་གཉིས་ཀྱིས་འཇིག་རྟེན་གྲུབ་ཚུལ་སྐོར་ལ་བརྟག་དཔྱད།

དེ་ཡང་ནང་ཆོས་མཚན་ཉིད་རིག་པ་དང་དེང་རབས་ཚན་རིག་གཉིས།   རིག་པའི་གཞུང་ལུགས་ཐད་ཕན་ཚུན་བགྲོ་གླེང་གི་ཚུལ་དུ་ཕྲད་པ་ནི།དུས་རབས་བཅུ་དགུ་པའི་སྨད་དམ་ཉི་ཤུ་པའི་སྟོད་ཙམ་ཡིན་ལ།དེ་ཡང་ཡོ་རོབ་ཀྱི་ལྟ་གྲུབ་སྨྲ་བ་དག་གིས་ནང་པའི་གཞུང་ལུགས་ནང་།ཆོས་ལུགས་གཞན་དང་མི་འདྲ་བར་འཇིག་རྟེན་བྱེད་པ་པོ་དང་བདག་རྟག་པའི་འདོད་ཚུལ་ཞིག་མེད་པར་མཐོང་བས་ཡིད་ཕྲོགས་ཏེ།ནང་པའི་རིང་ལུགས་འདི་དེང་རབས་ཀྱི་ཚན་རིག་གི་ལྟ་ཚུལ་དང་ཕྱོགས་མཐུན་པར་ཡོད་ཚུལ་སྨྲ་བ་བྱུང་།དཔེར་ན།ཨིན་ཅིའི་མཁས་པ་ཨེཌ་ཝིན་ཨར་ནོལྜ་ནས་སྤྱི་ལོ་ 1899 ལོར།ཉི་ཧོང་དུ་ཏོ་ཀྱོ་མཐོ་སློབ་ཏུ་གཏམ་བཤད་བྱས་པའི་ནང་།ནང་ཆོས་དང་ཚན་རིག་བར་གྱི་མཐུན་ཕྱོགས་ཀྱི་སྐོར་ལ་བཤད་པ་རྒྱས་པར་གནང་[1]།ལྷག་པར་དུ་སིངྒ་ལ་ཨིན་ཅིའི་མངའ་འོག་ཏུ་གནས་སྐབས་ཡུ་རོབ་ཀྱི་མི་འགའ་ནང་པའི་ཆོས་གྲྭར་ཞུགས་ཏེ་མཁས་པ་འགའ་བྱུང་བས།རིམ་གྱིས་གནས་བརྟན་སྡེ་པའི་མཁས་པ་དང་དེང་རབས་ཀྱི་ལྟ་གྲུབ་དང་ཚན་རིག་བར་བགྲོ་གླེང་གི་སྲོལ་དར་བ་བྱུང་།

དུས་རབས་ཉི་ཤུ་པའི་སྟོད་དུ་རྒྱའི་ནང་པའི་མཁས་པ་ཏ་ཡི་ཤུ་ཞེས་པས།ནང་པའི་སློབ་གཉེར་ལ་དེང་རབས་ཀྱི་བཅོས་བསྒྱུར་དགོས་པའི་གཏམ་བཤད་དང་དཔྱད་རྩོམ་སྤེལ་ཏེ།ནང་ཆོས་དང་ཚན་རིག་གི་བར་མཐུན་ཚུལ་དང་།ནང་ཆོས་ཀྱིས་ཚན་རིག་ལ་ཕར་ཞབས་འདེགས་སུ་འགྱུར་ནུས་ཚུལ་སོགས་ཀྱི་གཏམ་གླེང་སོགས་བྱུང་།དེ་བཞིན་དུ་ཉི་ཧོང་དུའང་སྤྱི་ལོའི་དུས་རབས་ཉི་ཤུ་པའི་སྟོད་དུ་མཁས་པ་ཤ་ཀུ་ཤོ་ཨེན་ཞེས་པས་གཙོ་བོར་ནང་པའི་གཞུང་ནས་བཤད་པའི་རྒྱུ་འབྲས་ཀྱི་རིགས་པ་རྩལ་དུ་བཏོན་ཏེ།དེའི་ཐད་ནས་དེང་རབས་ཀྱི་ཚན་རིག་དང་མཐུན་ཚུལ་གྱི་ལྟ་ཕྱོགས་སྤེལ།

དེ་ལྟར་ན་བོད་ཀྱི་མཁས་པའི་ནང་ནས་དེང་རབས་ཀྱི་རིག་གནས་སྤྱི་དང་། ལྷག་པར་ཚན་རིག་གི་སྐོར་ལ་ནང་པའི་ལྟ་གྲུབ་དང་མཐུན་མི་མཐུན་གྱི་དཔྱད་གཏམ་མཛད་མཁན་ཐོག་མ་ནི།དུས་རབས་ཉི་ཤུ་པའི་བོད་ཀྱི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་ཡིན་པ་བསྙོན་དུ་མེད།ཁོང་གིས་«གཏམ་རྒྱུད་གསེར་ཐང་»གི་མཇུག་བསྡུའི་ལེའུའི་ནང་།ཚན་རིག་དང་ནང་ཆོས་བར་གྱི་མཐུན་ཕྱོགས་ཀྱི་སྐོར་ལ་བཤད་པ་མཛད་པར་མ་ཟད།བོད་ཀྱི་ཆོས་གྲོགས་རིགས་པ་སྨྲ་བ་རྣམས་ནས་ཚན་རིག་ལ་དོ་སྣང་བྱ་རྒྱུ་གལ་ཆེ་ཚུལ།ཚན་རིག་གི་རིགས་པ་གསར་པའི་ལམ་དེ་ནུབ་ཕྱོགས་པའི་ཡུལ་གྲུ་ཁག་ལ་ཁྱབ་བརྡལ་དུ་གྱུར་ཚུལ་དང་།དེ་བཞིན་དུ་རྒྱ་གར་དུ་རིག་བྱེད་ཀྱི་ལྟ་བ་མགོ་མཁྲེགས་ཀྱིས་བཟུང་བ་དག་ཀྱང་རིགས་གསར་དེ་ཉིད་ཚད་མར་འཛིན་དགོས་པ་བྱུང་བ་སོགས་ཀྱི་གནས་མང་དག་ཅིག་བཀོད།

དེ་ལྟར་ནང་ཆོས་དང་ཚན་རིག་གཉིས་ཀྱིས་འཇིག་རྟེན་གྲུབ་ཚུལ་དང་།     རྡུལ་ཕྲན་གྱི་རྣམ་གཞགཚེ་སྲོག་གི་སྐོར་སོགས་ཀྱི་བརྟག་དཔྱད་འཚོལ་ཞིབ་སྐོར་གྱི་བགྲོ་གླེང་ཐོག་མ་སྤྱི་ལོ་1987ལོར་འཚོགས་པ་དང་།   དེ་ནས་བཟུང་སྤྱི་ལོ་2012ལོའི་བར་ཐེངས་སོ་གསུམ་ལ་ཚོགས་ཏེ་ཕན་ཚུན་གྱི་བསམ་བློ་བརྗེ་རེས་དང་ཉམས་མྱོང་བསྡུ་ལེན་བྱས་ཡོད།     ནང་ཆོས་དང་།     ཚན་རིག་གཉིས་ཀྱི་རྩ་བའི་འདོད་ཚུལ་བར་ལ་འདྲ་ས་དང་མི་འདྲ་ས་གཉིས་ཀའི་ཕྱོགས་འདུག

ནང་ཆོས་མཚན་ཉིད་རིག་པ་ནི་སྱི་ལོའི་སྔོན་གྱི་ལོ་དྲུག་བརྒྱ་དང་ཉེར་གསུམ་ཙམ་ལ་སྟོན་པ་ཤཱཀྱ་ཐུབ་པས་གསུངས་ལ།     ཁོང་གིས་འཇིག་རྟེན་གྲུབ་ཚུལ་དང་རྡུལ་ཕྲན་གྱི་རྣམ་གཞག ཚེ་སྲོག་གི་སྐོར་སོགས་མདོ་རྒྱུད་གཉིས་ཀའི་སྐབས་སུ་རྒྱས་པར་གསུངས་ཡོད། 

ཚན་རིག་པ་རྣམས་ཀྱིས་ནི།     དེ་སྔ་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་།     གནའ་བོའི་ཞིས་ལ་རྒྱལ་ཁབ་ཀྱི་མཁས་པ་ཨ་ལིས་སི་ཐ་ཁུས་ཚོད་དཔག་བྱས་པར།     ཉི་མ་ནི་སའི་གོ་ལ་ལས་ཆེ་བ་རེད།     དེ་བས་སའི་གོ་ལ་ནི་ཉི་མར་བསྐོར་ནས་འཁོར་བཞིན་ཡོད་པ་ལས།     ཉི་མ་ནི་སའི་གོ་ལར་བསྐོར་ནས་འཁོར་གྱིན་མེད་པ་རེད་[2]ཅེས་བཤད།

ཡང་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པའི་ནང་།     གནའ་བོའི་ཞིས་ལ་རྒྱལ་ཁབ་ཀྱི་མཁས་པ་ཡ་ལིས་སུ་ཏོ་ཏིས་སའི་གོ་ལའི་དབྱིབས་གཟུགས་ནི་ཟླུམ་པོ་ཞིག་རེད་ཞེས་ཚོད་དཔག་ཡང་དག་བྱས་ཡོད་མོད།     ཡིན་ནའང་ཁོང་གིས་སའི་གོ་ལ་ནི་གཡོ་འགུལ་མེད་པར་འཇིག་རྟེནཁམས་ཀུན་གྱི་ལྟེ་གནས་སུ་གྲུབ་ཡོད་ཅེས་བཤད། 

ཡང་ཕའོ་ལན་རྒྱལ་ཁབ་ཀྱི་གནམ་རིག་མཁས་པ་ནེའུ་གོའུ་ལ་གུ་ཕེར་ནེའུ་ཡིས་སྔོན་མི་རྣམས་ཀྱིས་བྲིས་པའི་ཉི་མ་དང་།     ཟླ་བ།     འཁོར་སྐར་བཅས་ཀྱི་སྡོམ་ཚིག་དང་བརྟག་དཔྱད་སྐོར་གྱི་ཡིག་ཆ་ལ་དབྱེ་ཞིབ་དང་།     ལྷག་པར་དུ་རང་ཉིད་ཀྱིས་དངོས་སུ་ལྟ་ཞིབ་ལག་ལེན་མང་དུ་བྱས་མཐར།     སྤྱི་ལོ་1543ལོར་བཏོན་པའི་ནམ་མཁའི་སྐར་མའི་འཁོར་སྐྱོད་ཀྱི་རྣམ་བཤད་ཅེས་པ་བརྩམས་པའི་ནང་སྡོམ་ཚིག་བཀོད་པར།     སའི་གོ་ལ་ནི་འཇིག་རྟེན་གྱི་ལྟེ་གནས་མ་ཡིན།     ཉི་མ་ནི་སའི་གོ་ལའི་ལྟེ་བ་ཡིན།     སའི་གོ་ལ་ནི་སྐར་མ་ཆུང་ངུ་ཞིག་རེད།     དེ་ནི་གཞན་པའི་འཁོར་སྐར་དང་མཉམ་དུ་ཉི་མར་བསྐོར་ནས་འཁོར་བཞིན་ཡོད་[3]ཅེས་བཤད།  

དུས་རབས་བཅུ་བདུན་པའི་ནང་བྱོན་པའི་ཚན་རིག་པ་ཆེན་མོ་ཅ་ལིས་ལོས་རྒྱང་མཐོང་མེ་ཤེལ་བརྒྱུད་ནས་ལྟ་ཞིབ་གནང་བར།     སྐར་མ་ཕུར་བུའི་མཐའ་སྐོར་གྱི་སྲུང་སྐར་བཞི་གསར་རྙེད་བྱུང་    དུས་རབས་བཅོ་བརྒྱད་པའི་ནང་བྱོན་པའི་ཚན་རིག་པ་ཆེན་མོ་ནེའུ་ཐོན་Newton[4]གྱིས་དུས་རབས་དེའི་ལོ་རབས་བརྒྱད་ཅུ་པའི་ནང་མཐའ་ཡས་པའི་རྔུབ་འཐེན་ནུས་ཤུགས་ཀྱི་ངེས་སྲོལ་གསར་རྙེད་བྱུང་།    

  དེ་བས་གཞུང་ལུགས་ཐད་འཁོར་སྐར་ཚང་མ་ཉི་མར་བསྐོར་ནས་འཁོར་གྱིན་ཡོད་པའི་ཆོས་ཉིད་དེ་གསར་རྙེད་བྱུང་།   

ད་ལྟ་ཚན་རིག་གིས་ང་ཚོ་གནས་བཞིན་པའི་འཛམ་གླིང་འདི་དང་

དེའི་དངོས་ཁམས་ཀྱི་རང་བཞིན་རྟོགས་པར་མངོན་སུམ་རིག་པའི་སྒོ་ནས་རང་བྱུང་ཁམས་ཀྱི་ཆོས་ཉིད་ཕྱོགས་ལ་འགྲེལ་བཤད་ཟབ་མོ་ཧ་ལས་པ་ཞིག་བྱས་ཡོད།     རང་བྱུང་ཁམས་ཀྱི་ཆོས་ཉིད་རྣམས་མངོན་སུམ་གྱི་ཤེས་བྱ་ལ་བརྟེན་ནས་རིགས་པས་རྗེས་དཔག་བྱས་པ་ཞིག་དང་།     དཔྱད་བྱའི་ཆོས་ལ་གྲངས་རྩིས་ཀྱི་ཚད་འཇལ་བ་དང་།     བསྐྱར་ཟློས་བྱེད་ཆོག་པའི་ཞིབ་འཇུག་གི་ཚོད་ལྟ་བརྒྱུད་ནས་ཚན་རིག་པ་ཐུན་མོང་ནས་དོགས་གཅོད་བྱེད་པ་ནི་ཤིན་ཏུ་ཞིབ་ཕྲ་ལྡན་པའི་ཚན་རིག་བརྟག་དཔྱད་ཀྱི་བརྒྱུད་རིམ་ཞིག་རེད།     མ་མཐའ་ཡང་དེ་ནི་ད་ལྟའི་ཚན་རིག་གི་ལྟ་བའི་བཟོ་བཀོད་ཀྱི་ནང་དུ་ཡོད་པའི་ཚན་རིག་གི་དཔྱད་ཐབས་ཀྱི་རང་བཞིན་ཞིག་ཡིན། 

ཚན་རིག་གིས་གསར་དུ་རྙེད་པའི་ཤེས་བྱ་དང་ཤེས་ཡོན་ལ་བརྟེན་ནས།     འཛམ་གླིང་འདིའི་ང་ཚོའི་གོ་རྟོགས་ལ་བཅོས་བསྒྱུར་བྱེད་པ་འདི་ནི་སེམས་ཤུགས་སློང་བའི་ཚན་རིག་གི་ཁྱད་ཆོས་ཤིག་ཡིན།     དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་ལྟོས་གྲུབ་དང་།     ཁུན་ཐུམ་རིག་པ་(Quantum Mechanics 量子力学)དར་རྒྱས་བྱུང་བས་དངོས་ཁམས་རིག་པའི་ལྟ་བའི་རྩ་གནད་ལ་འགྱུར་ལྡོག་བྱུང་།     དངོས་ཁམས་རིག་པ་སྨྲ་བ་པ་རྣམས་ཀྱིས་ད་དུང་ཡང་འགྱུར་ལྡོག་དེའི་མཐར་ཐུག་གི་འབྲས་བུ་རྟོགས་པར་འབད་འབུངས་བྱེད་ཀྱིན་ཡོད།

དེར་བརྟེན་ནང་ཆོས་དང་ཚན་རིག་གཉིས་ཀྱི་འཚོལ་ཞིབ་སྐོར་ལ་འདྲ་ཕྱོགས་ངེས་ཅན་ཞིག་ཡོད་པ་དང་།     ཚན་རིག་གི་འཚོལ་ཞིབ་དེ་གཞི་ངེས་ཅན་ཞིག་ལ་ཞིབ་ལྟ་བྱེད་པ་ནས་མགོ་བཙུགས་ཏེ་ཆོས་དེར་འགྱུར་བ་དང་འབྲས་བུ་ཅི་འབྱུང་བར་ཞིབ་འཇུག་ཚོད་ལྟ་བགྱིད།     ཞིབ་འཇུག་གི་ཚོད་ལྟ་དེ་ལེགས་འགྲུབ་བྱུང་བར་མ་ཟད་ད་དུང་བསྐྱར་ཟློས་བྱེད་ཐུབ་ཚེ།     རྡུལ་ཕྲན་ཕྲ་མོ་བརྟག་པའི་འཕྲུལ་ཆས།(超强子对撞机)

ད་གཟོད་འཚོལ་ཞིབ་དེའི་འབྲས་བུ་ལ་ཡིད་ཆེས་བྱེད།   

ཚན་རིག་པས་སྔར་རང་ཉིད་ཀྱི་བསམ་ཚོད་ལ་གཞི་དེ་ནི་དེ་འདྲ་ཞིག་ཡིན་སྙམ་པའི་བསམ་བློ་ཞིག་ཡོད་ནའང་།ཕྱིས་སུ་ཞིབ་འཇུག་གི་ཚོད་ལྟ་བརྟག་དཔྱད་བརྒྱུད་ནས་སྔར་གྱི་རང་གི་བསམ་ཚུལ་དེ་དང་འགལ་བའི་གནས་ཚུལ་དངོས་སུ་མཐོང་ཚེ།སྔར་གྱི་རང་གི་ལྟ་ཕྱོགས་དེར་འགྱུར་བ་གཏོང་བ་རེད།དེ་མིན་ད་དུང་ཨུ་ཚུགས་གྱིས་སྔར་གྱི་རང་གི་འདོད་ཚུལ་དེ་མཁྲེགས་འཛིན་མི་བྱ་བ་ནི་ཚན་རིག་པས་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན།

འཚོལ་ཞིབ་འདི་ནི་ཆོས་གང་ཞིག་ཡིན་རུང་བསམ་བློའི་དཔྱད་པ་བརྒྱུད་ནས་གཞིའི་རྣམ་གཞག་གི་དོན་སྤྱི་ཞིག་གཏན་ལ་ཕབ་པ་དང་།     དོན་སྤྱི་དེ་ར་སྤྲོད་བྱེད་པར་སླར་ཡང་མངོན་སུམ་གྱི་མྱོང་བ་ལ་བརྟེན་དགོས་པ་ཞིག་རེད།     ཚན་རིག་པས་མངོན་སུམ་རིག་པའི་དཔྱད་ཐབས་འདི་དང་།     ནང་པའི་སྒོམ་སྒྲུབ་དང་མཚན་ཉིད་རིག་པའི་གཞུང་ལུགས་ཁག་ཏུའང་མངོན་སུམ་རིག་པའི་དཔྱད་ཐབས་སྤྱོད་པ་འདི་གཉིས་འདྲ་མཚུངས་ཡིན་པ་ནི་ཆེས་ཤིན་ཏུ་ངོ་མཚར་བའི་གནས་ཤིག་རེད།

དེ་ལྟར་ན་ཚན་རིག་གིས་ཆོས་གང་ཞིག་ལ་དཔྱོད་པའི་སྐབས།  གཞི་དངོས་པོའི་གནས་ཚུལ་ཇི་ལྟར་གནས་པ་དེ། དེ་ལྟར་ཇེ་གསལ་དུ་གཏོང་བའི་ཐབས་ལམ་རྩལ་འདོན་བྱེད་པ་ཡིན་པས།གལ་ཏེ་སྔར་རང་ཉིད་ཀྱིས་དེ་ལྟར་ཡིན་སྙམ་པའི་བསམ་ཚོད་ཅིག་ཡོད་ནའང་།ཕྱིས་དེ་དང་འགལ་བའི་གནས་ཚུལ་དངོས་སུ་མཐོང་བའི་བདེན་དབང་རྙེད་ཚེ།བློ་གཟུ་བོར་གནས་པའི་སྒོ་ནས་སྔར་གྱི་ལྟ་ཕྱོགས་དེར་འགྱུར་བ་གཏོང་དགོས་ཤིང་།དངོས་མཐོང་གིས་གྲུབ་པའི་ཡུལ་གྱི་གནས་ཚུལ་དེ་ཨུ་ཚུགས་ཀྱིས་ཚུལ་གཞན་དུ་བཤད་པ་ལྟ་བུ་མི་བྱེད་པ་དེ་ཚན་རིག་གི་དཔྱད་ཐབས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན།

མདོར་ན།     ད་ལྟའི་ཚན་རིག་གི་ལྟ་བའི་བཟོ་བཀོད་ཀྱི་ནང་དུ།     ཞིབ་འཇུག་ཚོད་ལྟ་དང་།     རྗེས་དཔག་ཞིབ་ལྟ་བཅས་ཀྱི་བདེན་དཔང་རྨང་གཞི་ཡིན་པའི་མངོན་སུམ་གྱི་དཔྱད་ཐབས་ཞིབ་ཚགས་པ་ཞིག་ལས་བྱུང་བའི་ཤེས་ཡོན་ཁོ་ན་མ་གཏོགས་ཚད་མར་མི་འཛིན།     གྲངས་འབོར་དང་ཆེ་ཆུང་གི་ཚད་འཇལ།     བསྐྱར་ཟློས་བྱེད་ཐུབ་པའི་ཞིབ་འཇུག་གི་ཚོད་ལྟ།     ཚན་རིག་པ་གཞན་གྱིས་ཀྱང་ར་སྤྲོད་བྱེད་པ་སོགས་ནི་དཔྱད་ཐབས་འདིའི་གྲུབ་ཆ་གཙོ་བོ་དེ་རེད།   

རྒྱན་སྟུག་པོ་བཀོད་པའི་མདོ་ལས།     དགེ་སློང་དག་གམ་མཁས་རྣམས་ཀྱིས།     །བསྲེགས་བཅད་བརྡར་བའི་གསེར་བཞིན་ཏུ།     །ལེགས་པར་བརྟག་ལ་ང་ཡི་བཀའ།     །བླང་བར་བྱ་ཡི་གུས་ཕྱིར་མིན།     །ཞེས་གསུངས་པ་ལྟར་སྟོན་པས་རང་གི་རྗེས་འཇུག་པ་རྣམས་ལ།     ཉིད་ཀྱི་གསུང་ཚད་མ་ཡིན་མིན་ནི་གུས་པ་ཁོ་ནས་ཁས་ལེན་མི་བྱ་བར་ནན་སྐུལ་བྱས་ནས་གསུངས་ཏེ།     དཔེར་ན།     ཉམས་མྱོང་ལྡན་པའི་གསེར་གྱི་མགར་པ་ཞིག་གིས་གསེར་ལ་ལྷད་ཡོད་མེད་བརྟག་དཔྱད་ཞིབ་མོ་བྱེད་པ་བཞིན།     ཁོང་གིས་ཅི་ཞིག་གསུངས་པ་ཚད་མ་ཡིན་མིན་ཡང་སོ་སོའི་སྒེར་གྱི་ཚོད་ལྟ་དང་རིགས་པའི་དཔྱད་པ་བརྒྱུད་ནས་ཐག་གཅོད་བྱེད་དགོས་པའི་སློབ་སྟོན་གནང་ཡོད།     དེའི་ཕྱིར་ནང་ཆོས་ཀྱིས་འདོད་ཚུལ་ཞིག་ཚད་མ་ཡིན་མིན་དཔྱད་སྐབས།     མྱོང་བའི་དབང་ཚད་དང་པོ་དང་།     རིགས་པའི་དབང་ཚད་གཉིས་པ།     གསུང་རབ་ཀྱི་དབང་ཚད་གསུམ་པ་ལ་བཞག་ཡོད།

ཕྱོགས་གཞན་ཞིག་ནས་བཤད་ན།     ཚན་རིག་དང་ནང་ཆོས་གཉིས་ཀྱི་བརྟག་དཔྱད་བྱེད་ཐབས་གཉིས་མི་འདྲ་སྟེ།     ཚན་རིག་གི་བརྟག་དཔྱད་ནི་ཞིབ་འཇུག་ཚོད་ལྟ་སྟེ་ཕྱིའི་ཆོས་ཤིག་ལ་ཞིབ་ལྟ་བྱེད་པའི་འཕྲུལ་ཆས་ཀྱི་ལག་ཆ་སོགས་ལ་བརྟེན་ནས་བྱེད་ཀྱང་།     ནང་སེམས་ཀྱི་དཔྱད་པ་ནི་ཡིད་བྱེད་ཕྲ་མོའི་བསྐྱེད་བསྲིང་ལ་བརྟེན་པ་དང་།     ཡིད་བྱེད་ཕྲ་མོ་འདི་ནང་གི་མྱོང་བ་ལ་དཔྱད་པ་གཏོང་བར་བཀོལ་སྤྱོད་བྱེད།     ཡིན་ནའང་ལུགས་གཉིས་ཀས་དཔྱད་ཐབས་ཀྱི་གཞི་རྩར་མངོན་སུམ་གྱི་མྱོང་བ་འཛིན་པ་ནི་གཅིག་པ་ཡིན།     ཚན་རིག་གིས་ཆོས་ག་གེ་མོ་ཞིག་ཡོད་པའམ་མེད་པར་བསྟན་ན།     ང་ཚོས་དེ་དངོས་ཡོད་གནས་ལུགས་སུ་བརྩིས་ནས་ཁས་ལེན་པ་དང་།     ཚན་རིག་གིས་ཚོད་དཔག་ཅིག་ལ་ཞིབ་འཇུག་ཚོད་ལྟ་བྱས་ནས་བདེན་པར་ར་སྤྲོད་བྱུང་ན་ནང་པས་དེ་བདེན་དོན་དུ་འཛིན་པ་རེད།    

ཆོས་ལུགས་དང་མི་འདྲ་བའི་ཚན་རིག་གི་ཁྱད་ཆོས་གལ་ཆེན་ཞིག་ནི།     རང་ཉིད་ཀྱི་འདོད་ཚུལ་ཞིག་བདེན་པར་ར་སྤྲོད་བྱེད་པར་བསྟན་བཅོས་ཀྱི་ལུང་ལ་ཁུངས་གཏུག་གི་མེད་པ་དེ་རེད།     ནང་ཆོས་ཀྱིས་ཀྱང་དཔྱོད་པའི་གནས་ཀུན་ལ་བསྟན་བཅོས་ཀྱི་ལུང་སྒྲུབ་བྱེད་དུ་ཁས་མི་ལེན་ཞིང་།   གཞལ་བྱའི་གནས་གསུམ་པ་ཤིན་ལྐོག་ལ་སྒྲུབ་བྱེད་དུ་ངེས་པར་ཁས་ལེན་ཏེ།  ཚད་མ་རྣམ་འགྲེལ་ལས།   དཔྱོད་པ་ཀུན་ལ་བསྟན་བཅོས་དག    །གཟུང་ཞེས་ལུགས་འདི་གང་གིས་བྱས།   །ཞེས་དང་།   དེས་ན་རབ་གྲགས་དོན་དག་ལ།   །བསྟན་བཅོས་དོར་ནའང་ཉེས་པ་མེད།   །ལྐོག་གྱུར་དག་ལ་བསྟན་བཅོས་ནི  །མི་འདོད་དཔྱོད་པ་ཉིད་མི་འཇུག   །ཅེས་དང་།   གནས་གསུམ་པར་ནི་འཕོས་པ་ན།   །བསྟན་བཅོས་ལེན་པ་རིགས་ལྡན་ཡིན།   །ཞེས་སོགས་གསུངས་ཡོད།    ཚན་རིག་གི་ནང་དུ་བདེན་དོན་ཡོད་ཚད་ཞིབ་འཇུག་གི་ཚོད་ལྟའམ་རྩིས་རིག་གི་བདེན་དཔང་གིས་ངེས་པར་དུ་མངོན་པར་གསལ་བར་བྱེད་དགོས་པ་དང་།     ནེའུ་ཐོན་དང་།     ཨ་ཡིན་སི་ཐན་(Newton and Albert Einstein)གྱིས་བཤད་པའི་རྒྱུ་མཚན་གྱིས་ཆོས་གང་ཞིག་འདི་ལྟར་ཡིན་དགོས་པར་བསམ་པ་ནི་ཚན་རིག་གི་ཁྱད་ཆོས་ཤིག་རྩ་བ་ཉིད་ནས་མིན་པ་རེད།

དེར་བརྟེན་དཔྱད་བྱའི་ཡུལ་གྱི་དོན་གནད་དང་དེའི་མཐའ་མའི་འབྲས་བུ་ཅི་ཞིག་ཡིན་མིན་གྱི་ཐད་ལ་བློ་རྒྱ་ཡངས་པོ་བསྐྱེད་ནས་འཚོལ་ཞིབ་ལ་འཇུག་དགོས།     ལྟ་ཚུལ་ཡངས་པོ་འདི་ནི་ཐེ་ཚོམ་རིང་ལུགས་ཀྱི་ཁྱད་ཆོས་ཕན་ཐོགས་ཅན་ཞིག་རེད།     འདི་འདྲའི་བློ་རྒྱ་ཡངས་པོས་ཤེས་སྒོ་དང་ཤེས་བྱ་གསར་པ་དང་དུ་ལེན་པའི་སེམས་གཤིས་བསྐྱེད་བསྲིང་བྱེད་ངེས་ཤིང་།     སེམས་གཤིས་འདི་མི་ལ་རང་བཞིན་དུ་ཡོད་པའི་གོ་རྟོགས་འཚོལ་སྙེག་དང་ཟུང་འབྲེལ་བྱས་ཚེ།     ང་ཚོའི་ལྟ་རྒྱ་དང་མཐོང་རྒྱ་ནི་མཐའ་མཚམས་གསར་བ་ཞིག་ལ་བསླེབ་ངེས།    

ནང་ཆོས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་དང་གསུང་རབ་རྣམས་ནི།     དང་ཐོག་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་དང་།     དེ་ནས་རྒྱ་བོད་ཀྱི་སློབ་དཔོན་ཆེན་པོ་རིམ་བྱོན་མང་པོ་ཞིག་གིས་ཞིབ་འཇུག་ན་ཏན་གནང་བའི་བརྒྱུད་རིམ་ནང་འཕེལ་རྒྱས་སུ་བཏང་བ་ཞིག་ཡིན་ལ།དུས་རབས་དང་པོའི་ནང་བྱོན་པའི་ནང་ཆོས་མཚན་ཉིད་རིག་པ་སྨྲ་བ་མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ།     དུས་རབས་བཞི་པའི་ནང་བྱོན་པའི་འཕགས་པ་ཐོགས་མེད་དང་ཁོང་གི་སྤུན་མཆེད་དབྱིག་གཉེན།     དུས་རབས་དྲུག་པའི་ནང་བྱོན་པའི་སློབ་དཔོན་ཕྱོགས་གླང་།     དུས་རབས་བདུན་པའི་ནང་བྱོན་པའི་དཔལ་ལྡན་ཆོས་གྲགས།     དུས་རབས་བརྒྱད་པའི་ནང་བྱོན་པའི་ཀུན་སྤྱོད་རིག་པའི་སློབ་དཔོན་རྒྱལ་སྲས་ཞི་བས་ལྷ། དུས་རབས་བཅུ་བཞི་པའི་ནང་བྱོན་པའི་བོད་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་སོགས་མང་དུ་བྱུང་།    

དེང་རབས་ཚན་རིག་པས་དངོས་པོ་གང་ཞིག་ལ་དཔྱད་པ་གནང་བར་མངོན་སུམ་རིག་པ་གལ་ཆེན་དུ་བརྩིས་ནས་དེ་ལ་གདེང་འཇོག་ཆེན་པོ་བྱེད་པ་དང་།  ཡང་ན་རྗེས་དཔག་ཚད་མའི་སྣང་ཚུལ་ལ་བརྟེན་ནས་དངོས་པོ་དེའི་སྤྱིར་བཏང་གི་གནས་ཚུལ་ལ་ཚོད་དཔག་བྱེད་པ་ལྟར།     མངོན་སུམ་དང་རྗེས་དཔག་གཉིས་ཀྱིས་ཆོས་གང་ལ་ཞིབ་དཔྱད་དགོས་པར་བཤད།   

ནང་ཆོས་ཀྱི་མཚན་ཉིད་རིག་པ་སྨྲ་བའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་ཀྱང་ཆོས་གང་ཞིག་ལ་ཞིབ་དཔྱོད་བྱེད་པར།     མངོན་སུམ་དང་།     དངོས་སྟོབས་རྗེས་དཔག ལུང་གི་ཚད་མའམ་ཡིད་ཆེས་རྗེས་དཔག་[5]བཅས་ཀྱི་དཔྱད་ཐབས་ཏེ་འཇུག་སྒོ་གསུམ་གྱི་རྩ་འཛིན་ལ་བརྟེན་ནས་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཞིབ་དཔྱོད་བྱེད་པ་ཡིན།     དེ་ལྟར་ནང་པས་ཚད་མ་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་ལ་ཞིབ་དཔྱོད་བྱེད་པ་འདི་ནི་ནང་ཆོས་དར་བའི་སྐབས་ཉིད་ནས་གསལ་བོར་ཡོད་ཀྱང་།     དེ་དག་གི་མ་ལག་ཆ་ཚང་བ་མཚན་ཉིད་རིག་པའི་དཔྱད་ཐབས་ལ་བརྟེན་ནས་གཏན་འབེབས་བྱེད་མཁན་ནི་དུས་རབས་དྲུག་པའི་ནང་བྱོན་པའི་སློབ་དཔོན་ཕྱོགས་གླང་།     དུས་རབས་བདུན་པའི་ནང་བྱོན་པའི་དཔལ་ལྡན་ཆོས་གྲགས་གཉིས་རེད།   

 ནང་ཆོས་ཀྱིས་སྦྱིན་པ་སོགས་ལས་བདེ་བ་འབྱུང་བ་དང་།   འཚེ་བ་སོགས་ལས་སྡུག་བསྔལ་འབྱུང་བས་མཚོན་ལས་འབྲས་ཕྲ་མོ་སོགས་གཞལ་བྱ་ཤིན་ལྐོག་ལ་དཔྱད་པ་གཏོང་སྐབས་སྟོན་པ་སངས་རྒྱས་ཀྱི་བཀའ་ལ་ཡིད་རྟོན་རུང་བས།     དངོས་ཡོད་གནས་ལུགས་ཀྱི་གནས་རིམ་འདི་དག་གི་འདོད་ཚུལ་དེ་ཚོའི་རྒྱབ་རྟེན་དུ་གསུང་རབ་ནས་ལུང་འདྲེན་པས།     འཇུག་སྒོ་གསུམ་པ་ལུང་གི་ཚད་མ་དེ་བཀོལ་སྤྱོད་བྱེད་པ་ལས་གཞན་དུ་མི་བྱེད།     དེ་བས་དཔྱད་ཐབས་གསུམ་པ་ལུང་གི་ཚད་མ་འདིའི་ནང་དུ་ནང་ཆོས་དང་ཚན་རིག་གཉིས་སོ་སོར་ཁ་གྱེས་ཡོད་པ་རེད། 

ཚན་རིག་གིས་ཉུང་མཐར་ཡང་ལྟ་བའི་ཆ་ནས་བཤད་ན།     གཞུང་གི་ལུང་ཅི་འདྲ་ཞིག་ཡིན་ཀྱང་དེ་ཁས་ལེན་བྱེད་ཀྱི་མེད།     ཡིན་ནའང་མངོན་སུམ་ཚད་མ་སྟེ་མངོན་སུམ་གྱི་མྱོང་བ་དང་རྗེས་དཔག་ཚད་མ་སྟེ།     རྒྱུ་མཚན་གྱི་སྒོ་ནས་རྟོགས་པའི་ཁྱབ་ཁོངས་འདི་གཉིས་ཚན་རིག་དང་ནང་ཆོས་གཉིས་ལ་མཐུན་ཆ་མང་དུ་ཡོད།     ང་ཚོ་གོམས་པ་དང་ཡིད་ཆེས་ཀྱི་དབང་གིས་དཔེར་ན།     ཚན་རིག་པ་རྣམས་ཀྱིས་ཡང་ཡང་བརྟག་དཔྱད་དང་ཞིབ་འཇུག་བརྒྱུད་པ་ལ་བརྟེན་ནས་བདེན་དཔང་བྱས་པའི་མཇུག་འབྲས་ཀྱི་དཔེ་དེབ་དང་དུས་དེབ།     དངོས་པོ་སོགས་ལ་ང་ཚོ་རང་ཉིད་ནས་ཞིབ་འཇུག་དང་ཚོད་ལྟ་སོགས་མ་བྱས་ཀྱང་ཁས་ལེན་པ་དང་ལག་ལེན་བྱེད་པ་འདི་ནི་ལུང་གི་ཚད་མ་དང་ཆ་འདྲ་བའི་ཡིད་ཆེས་ཤིག་རེད་སྙམ།    

རྗེས་དཔག་གི་མཚན་གཞི་ལ་ནང་ཆོས་ཀྱི་ཚད་མའི་གཞུང་ལས།     དུ་བ་ལས་ནི་མེ་ཤེས་དང་[6]ཞེས་གསུངས་པ་ལྟར་ཐག་རིང་གི་རིའི་སྒང་ལ་དུ་བ་འཕྱུར་བ་མཐོང་བ་ལས་དེར་མེ་ཡོད་པ་རྗེས་སུ་དཔོག་པའི་དཔེ་འདི་བཀོད་ཡོད།    

ཚན་རིག་པའི་རྗེས་དཔག་གི་དངོས་པོ་རྟོགས་སྟངས་ཀྱི་དཔེ་ལ།     ང་ཚོའི་མིག་གིས་ཀུ་ཤུའི་སྟེང་གི་སྨུག་ཐིག་མཐོང་བ་ནི་དངོས་པོའི་སྣང་ཚུལ་ལ་བརྟེན་པ་དང་།     དེའི་ནང་དུ་འབུ་ཡོད་པ་ཀུ་ཤུའི་སྟེང་གི་སྨུག་ཐིག་དང་།     ཀུ་ཤུ་དང་འབུའི་སྐོར་གྱི་སྤྱིར་བཏང་གི་ཤེས་ཡོན་ལས་ཚོད་དཔག་བྱེད་ཐུབ་པ་འདི་ནི་རྗེས་དཔག་གི་རྟོགས་སྟངས་ཤིག་ཡིན་པར་བཤད།     



[1]ཨ་རིའི་དེང་རབས་ཀྱི་བོད་རིག་པ་དང་ནང་བསྟན་རིག་པ་སྨྲ་བའི་མཁས་པ་ཌོ་ནལྜ་ལོ་པེ་ཛ་ཡིས་བརྩམས་པའི་དེབ།   «ནང་ཆོས་དང་ཚན་རིག» (Buddhism and Science)ཤོག༡༣ནང་དུ་གསལ།

[2]རྟོགས་དཀའ་བའི་འཇིག་རྟེན་གྱི་གསང་བ་བརྟག་དཔྱད་དང་འཚོལ་ཞིབ་ཅེས་པའི་ཚན་རིག་གི་དཔེ་ཚོགས་ཀྱི་ནང་ཚན་རྟོགས་དཀའ་བའི་འཇིག་རྟེན་གྱི་གསང་བ་ཞེས་པའི་ཤོག་ངོས་107པར་གསལ།     ཀྲང་ཏི་ཡུས་བསྒྲིགས།  2008ལོར་པེ་ཅིན་དཔེ་སྐྲུན་ཁང་གིས་བཏོན།  རྒྱ་ཡིག

[3]རྟོགས་དཀའ་བའི་འཇིག་རྟེན་གྱི་གསང་བ་བརྟག་དཔྱད་དང་འཚོལ་ཞིབ་ཞེས་པའི་ཚན་རིག་གི་དཔེ་ཚོགས་ཀྱི་ནང་ཚན་རྟོགས་དཀའ་བའི་འཇིག་རྟེན་གྱི་གསང་བ་ཞེས་པའི་ཤོག་ངོས་108པར་གསལ།     ཀྲང་ཏི་ཡུས་བསྒྲིགས།  2008ལོར་པེ་ཅིན་དཔེ་སྐྲུན་ཁང་གིས་བཏོན།  རྒྱ་ཡིག

[4]艾萨克·牛顿爵士是人类历史上出现过的最伟大、最有影响力的科学家,同时也是物理学家、数学家和哲学家,晚年醉心于炼金术和神学。他在168775日发表的不朽著作《自然哲学的数学原理》里用数学方法阐明了宇宙中最基本的法则万有引力定律和三大运动定律。这四条定律构成了一个统一的体系,被认为是"人类智慧史上最伟大的一个成就",由此奠定了之后三个世纪中物理界的科学观点,并成为现代工程学的基础。牛顿为人类建立起"理性主义"的旗帜,开启工业革命的大门。牛顿逝世后被安葬于威斯敏斯特大教堂,成为在此长眠的第一个科学家。

 

[5]སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་སྡེ་བདུན་མུན་སེལ།  དྲང་ངེས་ལེགས་བཤད་སྙིང་པོ་སོགས་མཐའ་ཡས་སོ།།

[6]ཆོས་བཅུ་པའི་མདོ་ལས། ཆུ་སྐྱར་ལས་ནི་ཆུ་ཤེས་དང་། །དུ་བ་ལས་ནི་མེ་ཤེས་དང་། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་སོགས་གསུངས།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།