རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་མཛད་རྣམ།

1111.jpg

དང་པོ།སྐུ་བལྟམས་པ་དང་ཐུན་མོང་རིག་གནས་ཀྱི་སྐོར་ལ་སྦྱངས་པ་མཛད་ཚུལ།

རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་ཐུགས་སྲས།འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ནང་ཚན།རྒྱལ་བ་སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ནི།འབྲོམ་སྟོན་པ་དང་གདུང་རྒྱུད་གཅིག་པ་ངར་པའི་རིས་ཚོ་ལས་བྱུང་བའི་ཡབ་མགོན་པོ་རྡོ་རྗེ་དང་།ཡུམ་ཇོ་མོ་ནམ་མཁའ་སྐྱིད་ཅེས་པ་གཉིས་ལ་སྲས་པོ་བཞི་དང་སྲས་མོ་གཅིག་སྟེ་ལྔ་ཡོད་པ་ལས་སྲས་གསུམ་པར།སྤྱི་ལོ་1391ལྕགས་མོ་ལུག་ལ་དཔལ་ལྡན་ས་སྐྱ་དང་འདབས་ཆགས་པ།ཞག་དང་བན་རྙིང་གཉིས་ཀྱི་ས་མཚམས།གུར་མ་ཞེས་བྱ་བའི་འབྲོག་སྡེར་འཁྲུངས[1]།ཐོག་མའི་མཚན་ལ་པད་མ་རྡོ་རྗེ་བཏགས།ཁོང་འཁྲུངས་པའི་ནུབ་མོ་རུ་བ་ལ་དགྲ་ཇག་བྱུང་ནས་ནོར་ཁྱེར་མི་རྣམས་ཀྱང་ཁྲིད་པའི་ཚེ།ཡུམ་གྱིས་བུ་ཆུང་ལ་ན་བཟའ་གསོལ་ཏེ།རྡོའི་གསེབ་ཏུ་སྦས་ནས་བྱིན།སང་ཉིན་ཨ་ཕྱི་མོ་ཞིག་ཡོད་པ་དེས་བལྟར་ཕྱིན་པས།བུ་ཆུང་སྦས་པའི་ཉེ་འཁོར་ན་བྱ་རོག་དང་གཅན་གཟན་མང་དུ་འཁོར་བ་མཐོང་བས།སྔངས་ཏེ་དྲུང་དུ་ཕྱིན་ཙ་ན།བྱ་རོག་དང་གཅན་གཟན་མང་པོས་ཟ་བར་བརྩམས་པ་ལ།བྱ་རོག་སྣུམ་ལ་ཆེ་བ་ཞིག་གིས་གཞན་རྣམས་དྲུང་དུ་འཁོར་དུ་མི་འཇུག་པར་སྲུང་བ་མཐོང་བས་ངོ་མཚར་སྐྱེས་ཏེ།སྐྱོབ་པའི་ལྷ་ཞིག་ཡིན་ན་ནི་རུ་བ་ཡང་དགྲས་མི་འཁྱེར་ཐང་།གནོད་པའི་འདྲེ་ཞིག་ཡིན་ན་བུ་ཆུང་ཡང་སྲུང་བ་མི་ཐང་ཟེར་ནས།བུ་ཆུང་སྤྱན་དྲངས་ཏེ་སོང་[2]།བྱ་རོག་དེ་དཔལ་མགོན་ཞལ་གྱི་རྣམ་འཕྲུལ་དུ་འདུགམགོན་པོ་འདིས་ཕྱིས་ཀྱང་དེ་དུས་ཀྱི་དྲིན་ངོ་དང་།ཁྱོད་ལྟ་བུའི་བསྟན་འཛིན་ལ་ང་ལྟ་བུའི་ཆོས་སྐྱོང་བསྟེན་དགོས་པ་ཡིན་ནོ་ཞེས་ཡང་ཡང་གསུང་གི་ཡོད་ཞེས་སོགས་གསུངས།བྱིས་པའི་གནས་སྐབས་སུའང་རང་དང་ན་ཚོད་མཉམ་པའི་བྱིས་པ་མང་པོ་བསགས་ནས།དེ་དག་ལ་ཆོས་འཆད་པའི་རྣམ་པ་མང་པོ་མཛད་ཅིང་།གཞན་ཡང་རྟེན་བཞེངས་དང་།གཙུག་ལག་ཁང་དང་།ཆོས་ཁྲི་དང་།ཆོས་ར་རྩིག་པ་ཡིན་ཟེར་ནས་རྒྱུན་དུ་རྩེད་མོ་རྩེ་བ་ཞིག་ཡིན།

དགུང་ལོ་ལྔ་བའི་ཚེ་རྗེ་འདིའི་ཡབ་ཡུམ་རྣམས་ཀྱིས་ནོར་དགྲ་ལ་ཤོར་ཏེ་སྦྲ་མ་ཚུགས་པར།རེ་ཞིག་ལ་ཁ་སྟོད་ཀྱི་གྲོང་ཡུལ་རྣམས་སུ་བཞུགས་ནས།རྗེ་འདིས་གྲོང་བ་དག་གི་རྫི་བོ་སོགས་མཛད་སྐབས།ཉིན་རེ་བཞིན་ཕྱོགས་གཞན་ཞིག་ཏུ་ཕེབས་ཀྱིན་འདུག་པ་ལ།ཨ་ལྕེ་ཞིག་ཡོད་པ་དེས་ལྟར་ཕྱིན་པས།རྡོ་མང་པོ་ལ་མ་ཎི་བྲིས་ཏེ་བརྐོ་བཞིན་འདུགཅི་མཛད་ཞུས་པས།འདི་ལ་ངའི་ཕ་མའི་སྒྲིབ་སྦྱོང་བྱེད་པ་ཡིན་གསུངས།ཕ་མ་ད་ལྟ་མ་ཤི་ལགས་ཞུས་པས།ཕ་མ་ཤི་བ་དང་མ་ཤི་བ་མང་པོ་ཡོད་པས་དེ་ཐམས་ཅད་ཀྱི་སྒྲིབ་སྦྱོང་ཡིན་གསུངས།དེ་འདྲའི་མ་ཎི་དེ་ཡུལ་དེ་ན་ད་ལྟ་ཡང་ཡོད་པར་གྲགས།དེ་ནས་ཁ་སྟོད་མཐོང་སྨོན་བྱ་བར་ཡུམ་སྲས་རྣམས་ཕེབས་ནས།ཡུལ་དེའི་ཕྱུག་པོ་ཞིག་གི་ར་རྫི་མཛད་དེ་རི་གདོང་ཞིག་གི་བྲག་ལྡེབས་ལ་འབྲུ་དྲུག་དང་།འབྲུ་གསུམ་དང་།ཧཱུཾ་དང་ཧྲཱི་ལ་སོགས་པའི་ཡིག་འབྲུ་མང་པོ་དང་།གདུགས་དང་།རྒྱལ་མཚན་དང་།བ་དན་སོགས་མཆོད་པའི་ཡོ་བྱད་མང་པོ་ཕྱག་བྲིས་སུ་བརྐོ་བ་མཛད་པ་ད་ལྟ་ཡང་ཡུལ་དེ་ན་བཞུགས།

དགུང་ལོ་བདུན་པའི་སྐབས་ཡབ་སྐུ་བཤེགས།དེ་ནས་ཡབ་ཡུམ་དག་འབྱོར་བ་ཧ་ཅང་ཞན་པས།སྣར་ཐང་དུ་དགེ་འདུན་གྱི་ཚོགས་ལ་ཟས་སློང་བ་ལ་བྱིན།དེ་དུས་ན་བཟའ་སེར་པོ་རེ་གསོལ།དབུ་སྐྲ་བྲེགས་ཏེ་བྱོན།དེ་མི་རྣམས་ཀྱིས་བཙུན་ཆུང་རག་སྐྱར་འབོད།དེ་ཚེ་སྣར་ཐང་གི་གདན་ས་བཅུ་བཞི་པ།གནས་ལྔ་རིག་པ་གྲུབ་པ་ཤེས་རབ་ཅེས་མཚན་ཡོངས་སུ་གྲགས་པ་དེས་རྗེ་འདི་ཉིད་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་འོངས་པར་དགོངས་ཏེ།སྐུ་དྲུང་དུ་བོས་ཏེ་ཁྱེད་ཀྱིས་དེ་བཞིན་མ་བྱེད།དགེ་འདུན་གྱི་དཀོར་འདི་སྐྱེ་བོ་ཁྱིམ་པ་ལ་རྣམ་སྨིན་ཤིན་ཏུ་ལྕི་བས།ད་ནི་རབ་བྱུང་གི་ཆས་རྣམས་མ་འབྱོར་གྱི་བར་དུ་དགེ་བསྙེན་ཙམ་ལ་གནས་ན་ཁྱད་ཆེ་བས་གསུངས་ནས་དགེ་བསྙེན་དུ་བསྒྲུབས་ཏེ།མཚན་སྔར་གྱི་དེ་ཉིད་གནས་པ་ལ་མི་རྣམས་ཀྱིས་བཙུན་ཆུང་པད་རྡོར་ཞེས་འབོད།

དེ་ནས་སྣར་ཐང་མཁན་པོས་གསུང་ནས།ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀློག་ཡིག་སློབ་པ་སྦྱོངས་ཤིག་གསུངས་ནས།དེ་དུས་ཀྱི་ཀློག་དཔོན་རྒྱ་སྟོན་ཙན་དྲ་པ་ཞེས་པ་སློབ་མ་བརྒྱ་ཕྲག་མང་པོ་ཡོད་པ་ཞིག་ལ་གཏད།དེ་ནས་ཀློག་ལ་སྦྱངས་པས་ཐོགས་མེད་དུ་མཁྱེན་པ་བྱུང་།དེ་ནས་རྒྱ་སྟོན་པའི་ཞལ་ནས།ད་ནི་ང་བས་ཁྱོད་མཁས་པར་འདུག་པས་ངའི་སློབ་མ་རྣམས་ཁྱོད་ཀྱིས་སྐྱོངས་ཤིག་གསུངས་ནས།དེ་དུས་ཀློག་གིས་བུ་སློབ་སྐྱོང་བ་སོགས་མཛད།

དེ་ནས་ཡང་དེ་དུས་ཀྱི་ལེགས་དཔོན་ཤཱཀྱ་དཔལ་ཞེས་པ་ལས།བོད་ཡིགརྒྱ་གར་གྱི་ཡིག་གེ།ཧོར་གྱི་ཡི་གེ།རྒྱ་གར་གྱི་ཡི་གེ་ལའང་།ལཉྫ།ཝརྟུ།བོད་ཡིག་ལའང་།ཆེ་ཡིགཆུང་ཡིགདེ་ལའང་འབྲུ་མ།ཆག་བྲིས།ཟླུམ་བྲིས་སོགས་ཡིག་རིགས་དུ་མ་ལ་སྦྱངས་པས་ཤིན་ཏུ་མཁས་པར་མཁྱེན།རབ་ཏུ་བྱུང་བས་རྗེས་སུའང་སྣར་ཐང་དུ་ཀློག་གིས་བུ་སློབ་མང་པོ་བསྐྱངས་པས།མི་རྣམས་ཀྱིས་དཔོན་ཡིག་དགེ་འདུན་གྲུབ་ཅེས་དེ་དུས་སུ་འབོད་པའང་བྱུང་།དེ་ལྟར་ཡིག་རིགས་ཐམས་ཅད་མཁྱེན་པའི་ཕྱག་ཚད་ལ་རྗེ་རང་ཉིད་ཀྱི་གསན་སྦྱོང་མཛད་དུས་ཀྱི་ཕྱག་དཔེ་ཕལ་ཆེ་བ་ཕྱག་བྲིས་མཛད་དེ་བཞེངས།

ཕྱིས་བཀྲ་ཤིས་ལྷུན་པོའི་ཕྱི་ནང་ཀུན་ཏུ་བླ་མ་སངས་རྒྱས་བྱང་སེམས་ཀྱི་མཚན་དང་།མ་ཎི་ཇི་སྙེད་ཡོད་པ་ཕལ་ཆེ་བ་དང་།ཁྱད་པར་གཙུག་ལག་ཁང་གི་ནང་ན་ཡོད་པའི་ལཉྫ་སོགས་ཡིག་རིགས་ཕལ་ཆེ་བ་རྣམས་ཀྱང་ཕྱག་བྲིས་ཡིན་ཞིང་།རྗེ་འདིས་མཛད་པའི་ཕྱག་བྲིས་ལ་ཆད་ལྷག་ནོར་གསུམ་གྱི་སྐྱོན་དང་བྲལ་བར་རྗེ་རང་ཉིད་ཀྱང་ཞལ་གྱིས་བཞེས།དེ་ནས་ཡུམ་ལ་རབ་ཏུ་བྱུང་བའི་ཕན་ཡོན་མང་པོ་གསུངས་ནས་རབ་ཏུ་འབྱུང་བར་ཞུས་པས།ཡུམ་ན་རེ།སྤྱིར་དེ་ལྟར་ཡིན་ཀྱང་ད་ལྟ་རབ་བྱུང་མཛད་པ་ལ་ཆ་རྐྱེན་སྣམ་བུ་སྲེ་པོ་ཡ་གཅིག་པུ་འདི་མ་གཏོགས་གང་ཡང་མེད།ཡབ་དེ་གཤེགས།ལྕམ་སྲིང་གཞན་རྣམས་ཆུང་བྱས་པས།རེ་ཞིག་འཐེན་པ་དྲག་གསུངས།དེ་ལ་རྗེ་འདིས་འོ་ན་ད་ལྟ་རབ་ཏུ་འབྱུང་དུ་རུང་མི་རུང་བརྟག་པའི་ཕྱིར།རང་རེའི་སྣམ་བུ་དེ་ལ་ཚོས་ངུར་སྨྲིག་ཅིག་གྱིས་གསུངས།ཡུམ་གྱིས་སྣམ་བུ་སྲེ་པོ་ལ་ཚོས་ངུར་སྨྲིག་འོང་དོན་མེད་དམ་གསུངས་ནས།ཚོས་བྱས་པས་ངུར་སྨྲིག་ཁ་དོག་ཤིན་ཏུ་མཛེས་པར་བྱུང་།ཡུམ་ཡིད་ཆེས་པར་བྱ་བའི་ཕྱིར་དུ་ཐབས་མཁས་དེ་ལྟར་མཛད།

 གཉིས་པ།རབ་བྱུང་བསྙེན་རྫོགས་སུ་བསྒྲུབས་ཏེ་མདོ་སྔགས་གཞུང་ལུགས་ལ་གསན་སྦྱོང་གནང་ཚུལ།

དགུང་ལོ་བཅོ་ལྔ་པ་སྤྱི་ལོ་1405ཤིང་བྱ་ལོའི་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་གི་ཉིན།དཔལ་ལྡན་སྣར་ཐང་གི་ཆོས་གྲྭ་ཆེན་པོར།གྲུབ་པ་ཤེས་རབ་པས་མཁན་པོ་དང་།བྱང་བའི་ཆེན་པོ་བློ་ལྡན་པ་ཞེས་པས་སློབ་དཔོན་མཛད་དེ།རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ།མཚན་ལ་དགེ་འདུན་གྲུབ་པ་དཔལ་ཞེས་གསོལ་བར་ཕྱིས་བཟང་པོ་ཞེས་པ་རང་ཉིད་ཀྱིས་སྣོན་པར་མཛད།

དེ་ནས་དབུས་ཕྱོགས་སུ་ཆོས་གསན་པར་ཕེབས་པར་བཞེད་ཀྱང་།མཁན་ཆེན་གྱིས་རེ་ཞིག་སྣར་ཐང་རང་དུ་བཞུགས།སྔར་བཞིན་ཀློག་ཡིག་གཞན་ལ་སློབ་པ་སོགས་ཀྱི་སྒོ་ནས་གཞན་ལ་ཕན་ཐོགས་ཆེ་བར་མཛད་དགོས་པ་དང་།ཁྱད་པར་ཇོ་བོའི་བཀའ་རྒྱུད་འདི་ལ་བསྙེན་རྫོགས་བླ་ཆེན་རྒྱུད་འདི་ངེས་པར་དགོས་པས་བསྙེན་རྫོགས་ཀྱང་འདིར་བྱེད་དགོས་གསུང་ཞིང་།རྗེ་རང་གི་ཁུ་བོ་དགེ་བཤེས་ཆོས་ཤེ་ཟེར་བ་ཞིག་ཡོད་པ་དེས་ཀྱང་།མཁན་པོའི་གསུང་བཞིན་དུ་གཞན་དུ་མ་འགྲོ་བར་འདི་ཀར་སྡོད་ཟེར་ནས་ནན་ཆེ་བ་ལ་བརྟེན།རེ་ཞིག་དེ་ཀར་བཞུགས།དེ་ནས་སྣར་ཐང་མཧཱ་པཎྚི་སང་ག་ཤྲཱི་ཞེས་པའི་མཁས་གྲུབ་ཆེན་པོ་ཞིག་ཡོད་པ་དེ་ལ།སྙན་ངག་མེ་ལོང་དང་།མངོན་བརྗོད་འཆི་མེད་མཛོད།སྒྲ་མཚམས་སྦྱོར་ལྔ་བ་སོགས་དང་།གཏུམ་པོ་དཀར་པོའི་རྗེས་གནང་སོགས་ཆོས་བཀའ་དུ་མ་གསན།མཁན་ཆེན་གྲུབ་པ་ཤེས་རབ་ལ་ཀྱེ་རྡོར་ལྷ་དགུ།གུར་མགོན།སྨན་བླ།གནས་བཅུ་སོགས་ཀྱི་རྗེས་གནང་གསན།གཞན་ཡང་བྱང་ཆེན་ན་བཞུགས་པའི་སྒྲུབ་ཆེན་བསོད་ནམས་བློ་གྲོས་དང་།དཔོན་སྟོན་ཐུབ་པ་དཔལ་བཟང་།སྟོན་པ་དགེ་བ་དཔལ་རྣམས་ལ་དབང་ལུང་ཁྲིད་སོགས་མང་དུ་ཞུས་པ་སོགས་ཀྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དོ།།

དགུང་ལོ་ཉི་ཤུ་པ་སྤྱི་ལོ་1410ལྕགས་སྟག་ལོའི་ཟླ་བ་གཉིས་པའི་གྲལ་ཚེས་བཅུ་གཅིག་གི་ཉིན།སྔ་མའི་མཁན་པོ་གནས་ལྔ་རིག་པ་གྲུབ་པ་ཤེས་རབ་པས་མཁན་པོ་དང་།སྔ་མའི་སློབ་དཔོན་བློ་ལྡན་པས་ལས་སློབ།དེའི་གདན་ས་པ་ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྟོན་མཛད་དེ་ཡོངས་རྫོགས་དགེ་སློང་གི་སྡོམ་པ་བཞེས།མཁན་ཆེན་གྱིས་ད་དུང་རེ་ཞིག་འདི་ཀར་བཞུགས།གྲྭ་སྐོར་ཅིག་གམ་བཤད་གསར་ཅིག་མཛོད།བཀའ་གདམས་ཆོས་སྐོར་ཚང་མ་ཞིག་ཀྱང་ཉན་པ་འཐད་ཅེས་ནན་གྱིས་ཞལ་ཏ་གནང་།དེ་ནས་སློབ་དཔོན་བློ་ལྡན་པས་བོས་ནས།ཁྱོད་སློབ་གཉེར་ཅིག་བྱེད་ཟེར་བ་བདེན་ནམ་གསུང་བར།ཁོང་གིས་སློབ་གཉེར་ཅིག་བྱས་ན་བསམ་པ་ཡོད་ཞུས་པས།པོ་ཏི་གཅིག་སློབ་བམ་འགའ་ཡར་སློབ།གཅིག་སློབ་ན་ཕར་ཕྱིན་སློབ།མང་པོ་སློབ་ན་ཐོག་མར་ཚད་མ་བསླབས་ན་དགའ་བ་ཡིན་གསུངས་པ་ལ་བརྟེན་ནས།རྣམ་འགྲེལ་གྱི་གཞུང་དང་།མཁས་པའི་དབང་པོ་ཉ་དཔོན་པ་དེ་ཚད་མ་རྣམ་འགྲེལ་ལ་མཁས་པར་བྱེད་ཀྱིན་འདུག་པས།ཁོང་གིས་མཛད་པའི་རྣམ་འགྲེལ་གྱི་འགྲེལ་བ་དེ་གཉིས་ཕྱག་བྲིས་མཛད་དེ་བཞེངས།སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀཱིརྟི་ཞེས་པས་སློབ་དཔོན་མཛད་དེ་འགྲེལ་བ་དེའི་སྟེང་ནས་སྣར་ཐང་དུ་གྲྭ་སྐོར་ཅིག་མཛད།དེ་ནས་ཉེར་འཛིན་ཆེན་པོའི་དྲུང་དུ་དཔལ་ཀྱེ་རྡོ་རྗེ་ལྷ་དགུས་ཐོག་དྲངས་པའི་དབང་བཀའ་མང་པོ་དང་།རྗེས་གནང་སོགས་གསན།བཀའ་གདམས་གཞུང་དྲུག་གིས་ཐོག་དྲངས་བཀའ་གདམས་ཆོས་སྐོར་ཕལ་ཆེ་བ་རྣམས་གསན་ནོ།།སྨན་བླའི་བཀའ་ལུང་ཞུ་དུས་རིན་པོ་ཆེ་བའི་གསུང་ནས།ཁྱེད་ལ་སྐུ་ཚེ་རིང་པོ་ཡོང་བའི་མཚན་མ་ཞིག་བྱུང་བས།སྨན་བླའི་གཟུངས་ཉིན་རེ་ཚར་ཉེར་གཅིག་རེའི་དམ་བཅའ་གྱིས་གསུངས།

དེ་ལྟར་སྣར་ཐང་མཁན་པོ་གྲུབ་པ་ཤེས་རབ་ཀྱིས་རྗེ་འདི་བ་སྐུ་གཞོན་ནུ་ཉིད་ནས་བདག་གིར་མཛད་དེ་ལེགས་པར་བསྐྱངས།རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་།རྡོ་རྗེ་ཐེག་པའི་སྒོར་ཡང་སྨིན་པར་མཛད་ཅིང་།དབུས་ཕྱོགས་ལ་འབྱོན་པའི་རྫོང་སྟར་དང་དོ་དམ་སོགས་ཤིན་ཏུ་གཙིགས་ཆེ་བར་མཛད་པས་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད་པ་ཡིན།དེ་ལ་དགོངས་ཏེ་བླ་མ་འདི་གཙོ་བོར་བཞུགས་ཤིང་།འཁོར་སྣར་ཐང་མཁན་བརྒྱུད་དང་།བཀའ་དྲིན་མནོས་པའི་བླ་མ་བཅུ་ཕྲག་བཞིས་བསྐོར་བའི་བྲིས་སྐུ་ཆེན་པོ་རིན་པོ་ཆེ་འབའ་ཞིག་གི་རང་བཞིན་ཅན་ཞིག་ཀྱང་སྔ་མོའི་དུས་སུ་བཞེངས།དུས་ཕྱིས་རྗེ་འདིའི་ཞལ་ནས།ང་ལ་བཀའ་དྲིན་མནོས་པའི་བླ་མ་ལྔ་བཅུ་ཙམ་ཞིག་ཡོད་གསུངས་ཏེ་ཕྱིས་ཀྱང་བཀའ་དྲིན་མནོས་པའི་བླ་མ་བཅུ་ཙམ་ཡོད།དེ་རྣམས་ཀྱི་ནང་ནས་ཚེ་འདིར་བཀའ་དྲིན་ཆེ་བ་བླ་མ་མཁན་པོ་གྲུབ་པ་ཤེས་རབ་དང་།རྗེ་ཤེས་རབ་སེང་གེ་གཉིས་ཡིན།སྐྱེ་བ་ཐམས་ཅད་དུ་བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡིན་ཞེས་གསུངས།

 གསུམ་པ།དབུས་ཕྱོགས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་ཆེན་པོ་དང་རྗེ་ཤེས་རབ་སེང་གེ་སོགས་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཛད་ཚུལ།

དགུང་ལོ་ཉེར་ལྔ་པ་སྤྱི་ལོ་1415ཤིང་ལུག་ལོར་དབུས་ཕྱོགས་སུ་ཕེབས་ཏེ།ཁྲ་འབྲུག་ཏུ་སེམས་དཔའ་ཆེན་པོ་ཀུན་བཟང་པ་ལ་ཚད་མ་དང་དབུ་མ་སོགས་གསན།དེ་རྗེས་ཐང་པོ་ཆེར་བྱོན།ཆོས་རྗེ་རོང་སྟོན་ཤཱཀྱ་རྒྱལ་མཚན་དེར་བཞུགས་པ་ལ་དབྱར་ཆོས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཕར་ཕྱིན་གྱི་ཆོས་རེ་གསན།དེ་རྗེས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ས་སྐྱོང་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་བཀྲ་ཤིས་དོ་ཁར་སྤྱན་དྲངས་པའི་དྲུང་དུ།སེམས་དཔའ་ཆེན་པོ་ཀུན་བཟང་པའི་ཕྱག་ཕྱི་མཛད་དེ་བྱོན་ནས།དེར་རྗེ་རིན་པོ་ཆེ་ལ་ཚད་མ་རྣམ་ངེས་ཀྱི་དོགས་གཅོད།དྲང་ངེས་རྣམ་འབྱེད།རྩ་ཤེས་རྣམ་བཤད།བླ་མ་ལྔ་བཅུ་བའི་རྣམ་བཤད།རྩ་ལྟུང་རྣམ་བཤད་སོགས་མང་པོ་གསན་ཅིང་།རྗེ་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་དགྱེས་པར་བྱུང་སྟེ།འདུལ་བའི་བསླབ་ཁྲིམས་ཁྱད་པར་ཅན་སྤེལ་བའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་དུ་མཐང་གོས་བཞེས་འཕྲོ་ཡང་སྩལ།རྗེ་ཙོང་ཁ་པ་ཆེན་པོའི་བཀའ་ལ་བརྟེན་ནས་ཐང་ཆེན་བླ་བྲང་པ་ཉི་མ་རྒྱལ་མཚན་དང་།གསང་ཕུ་པ་རྗེ་ཤེས་རབ་སེང་གེ་གཉིས་ལ་གསང་འདུས།འཇིགས་བྱེད།གཤེད་དམར་སོགས་སྔགས་དང་།ཚད་མ་ལ་སོགས་པ་མང་པོ་གསན་ཅིང་སྟོན་པ་བཟང་བའི་གྲགས་པ་ཆེན་པོ་བྱུང་།

སྟོན་ཆོས་ལ་རི་བོ་དགེ་ལྡན་དུ་ཕེབས།རྗེ་རིན་པོ་ཆེ་ཙོང་ཁ་པ་ལ་ལམ་རིམ་ཆེན་མོ།འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་ཀྱི་བཤད་པ།སྔགས་དང་།སྒྲུབ་དཀྱིལ་གྱི་ལུང་སོགས་སྔགས་ཆོས་མང་པོ་གསན།རྒྱལ་ཚབ་དར་མ་རིན་ཆེན་ལ་ཚད་མ།ཕར་ཕྱིན།བྱམས་ཆོས་ཕྱི་མ་སོགས་ཀྱི་བཤད་པ་མང་དུ་གསན་པས།ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཕྱོགས་ལ་བཀའ་དྲིན་ཆེ་བ་ཡིན་གསུངས།འདུལ་འཛིན་གྲགས་པ་རྒྱལ་མཚན་ལ་དྲང་ངེས་རྣམ་འབྱེད་དང་།གཞན་ཡང་ཆོས་བཀའ་ཅི་རིགས་གསན།

དགུང་ལོ་ཉེར་དགུ་པ་སྤྱི་ལོ་1419ས་མོ་ཕག་གི་ལོ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་སྟོད་ལུང་གི་ཆུ་ཚན་ལ་བྱོན་ཏེ་སླར་འབྲས་སྤུངས་སུ་ཕེབས་པའི་ཚེ།རྗེ་འདིས་ཀྱང་དེར་བྱོན་ཏེ་ལམ་རིམ་གྱི་ཁྲིད།ནཱ་རོ་ཆོས་དྲུགདབུ་མ་འཇུག་པ།གསང་པ་འདུས་པའི་རྒྱུད་ལ་སོགས་པ་མང་དུ་གསན།དེ་ནས་རྗེ་འདིས་ཐུགས་དགོངས་ལ།སྤྱིར་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ཅིག་བྱེད་པ་ལ་འདུལ་བ་ཤེས་དགོས་པར་འདུགཁྱད་པར་གྲོ་ས་འདི་འདུལ་བའི་འབྱུང་ཁུངས་ལྟ་བུར་འདུག་པས་དེར་འདུལ་བ་སློབ་ཏུ་འགྲོ་སྙམ་དུ་དགོངས་ཏེ།དེའི་རྒྱུ་མཚན་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་ཞུས་པས།འདུལ་བ་སློབ་པ་ལ་ཉམས་སུ་ལེན་འདོད་ཀྱི་བསམ་པས་སློབ་དགོས་པ་ཡིན།དེ་ལྟར་ཡིན་ན་ངོ་མཚར་ཆེ་གསུངས་ནས་ཆས་ཀྱི་མཐུན་རྐྱེན་དུ་རིན་པོ་ཆེ་ཞོ་གང་གནང་།དེའི་ཆ་ཤས་ཤིག་ལ་ལྷ་ས་ནས་རྩམ་པ་བསྒྲུབས་ཏེ་སྒོ་ལ་ལ་བྱོན།ལམ་དུ་མ་ཐེག་པར་རྔུལ་གཟན་གྱི་སྣམ་པ་གཅིག་ཕོག་ལ་དྲུབས་པའི་ནང་དུ་རྩམ་པ་ཐོགས་ཅིག་བཞགདེར་རྡོ་ལ་ཡི་གེ་བྲིས་ཏེ་འདི་སུ་དང་ཕྲད་པས་ལོངས་སྤྱད་ཀྱང་ཉེས་པ་མེད་དོ།།ཞེས་བྲིས་པ་བཞག་ནས་གྲོ་སར་བྱོན།

དེ་དུས་རྗེ་ཤེས་རབ་སེང་གེ་པས་དམར་སྟོན་ཡབ་སྲས་ཀྱི་དྲུང་དུ།དགེ་བཤེས་འདི་བདག་གི་སློབ་མའི་དྭངས་མ་ཡིན་པས་འདུལ་མཛོད་ཕུལ་དུ་ཕྱིན་པ་ཅིག་སློབ་པ་ཞུ་ཟེར་བའི་ཞུ་ཡིག་ཀྱང་ཕུལ།དམར་སྟོན་དཔལ་ལྡན་རིན་ཆེན་པ་དང་།རྒྱ་མཚོ་རིན་ཆེན་པ་གཉིས་ལ་ལོ་གཉིས་ཀྱི་བར་དུ་མདོ་རྩ་བ་དང་མངོན་པ་མཛོད་ལེགས་པར་གསན།ཁྱད་པར་རྒྱ་མཚོ་རིན་ཆེན་པ་ལ་ལུང་སྡེ་བཞིའི་ལུང་ཡང་གསན།དམར་སྟོན་པའི་ཞལ་ནས།ངེད་ཀྱི་སློབ་མ་གཙང་ཕྱོགས་ན་ཁྱེད་དང་དཀའ་བཅུ་བ་གཞོན་ནུ་རྒྱལ་མཆོག་གཉིས་ལས་འདུལ་བ་ལ་མཁས་པ་མེད་པས།ཁྱེད་ཀྱིས་ཀྱང་བསྟན་པ་ལ་ཕན་པའི་འཆད་ཉན་ལེགས་པོར་མཛོད་ཅེས་སོགས་གསུངས།དེར་བཞུགས་པའི་སྐབས་ཉིན་ཅིགའཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཟེར་བའི་སྐད་ཆ་གསན་པ་ལ།རྗེ་འདིའི་ཐུགས་དགོངས་ལ།སྤྱོད་པ་ལ་གཤེགས་པ་ཡིན་ཏེ་འོང་།ཁོང་མྱ་ངན་ལས་འདས་སྐབས་ནི་མེད་ལས་ཆེ་སྙམ་པ་ཅིག་བྱུང་གསུངས།དེ་ནས་གསང་ཕུ་གླིང་སྟོད་མཐོང་སྨོན་གྱི་གདན་ས་ལོ་ཁ་ཡར་མཛད་པ་བཅས་ཤིང་ལུག་ནས་མེ་རྟ་བར་དབུས་སུ་ལོ་བཅུ་གཉིས་ལ་བཞུགས།

དགུང་ལོ་སོ་དྲུག་པ་སྤྱི་ལོ་1426མེ་རྟ་ལོརརྗེ་ཤེས་རབ་སེང་གེ་དང་ཆབས་ཅིག་གཙང་དུ་ཕེབས་ནས་སྣར་ཐང་།བྱང་ཆེན།རི་ཁུད་སོགས་སུ་ལོ་ལྔ་དྲུག་ཙམ་ལ་འཆད་ཉན་མཛད།དེ་དུས་སྣར་ཐང་དུ་དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་ཞེས་པ་བརྩམས།དེ་དུས་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་ཡབ་སྲས་གཉིས་གནས་རྙིང་དུ་ཕེབས།དེའི་དྲུང་དུ་རྗེ་ཤེས་རབ་སེང་གེ་དང་མཉམ་དུ་ཕེབས་ཏེ།རྒྱལ་ཚབ་རྗེ་ལ་སྤྱིར་ཆོས་མང་པོ་དང་།ཁྱད་པར་དུ་མངོན་པ་ཀུན་ལས་བཏུས་ཀྱི་ཊཱིཀ་དེ་གསན།རིམ་གྱིས་རྗེ་འདི་བས་ཕྱག་བྲིས་མཛད་དེ་གཞན་ལ་ཡང་གསུངས།མཁས་གྲུབ་རྗེ་ལ་ཆོས་ཀྱི་འབྲེལ་བ་ཡོད་པ་ཙམ་ཞིག་དེ་དུས་གསན་པ་ཡིན་ནོ[3]།།

དགུང་ལོ་ཞེ་གཅིག་པ་སྤྱི་ལོ་1431ལྕགས་ཕག་ལོར་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་ལ་སྟོད་ཕྱོགས་སུ་ཆོས་བར་ལ་བྱོན།ཡུལ་འཁོར་ཆོས་སྡིངས།ཤེལ་དཀར།ལྷ་ཉི་མདོ་རྣམས་སུ་ཆོས་བར་མཛད།ཁྱད་པར་ཆོས་སྡིངས་སུ་གཡུལ་རྒྱལ་བ་ཡོན་འབྱུང་ཞེས་པ་གདན་དྲངས་ཏེ་ཁོང་ལ་དབྱངས་འཆར་གྱི་རྒྱུད་ཆ་ལག་དང་བཅས་པའི་བཤད་པ།ལག་ལེན་གྱི་ས་རིས་སོགས་ཞུས་ཏེ་ལེགས་པར་སྦྱངས།དེ་དུས་མཛད་པའི་དེ་སྐོར་གྱི་ཡིག་ཆ་ཡང་མང་པོ་ཡོད།ཤེལ་དཀར་དུ་ཀུན་མཁྱེན་ཆོས་བློ་བ་དཔོན་སློབ་ཆོས་བར་ལ་བྱོན་པ་དང་མཇལ་ཏེ།ཕན་ཚུན་ཐུགས་ཕེབས་པའི་ཆོས་ཀྱི་འབེལ་གཏམ་མང་པོ་མཛད་པས་གཉིས་ཀ་ཐུགས་ཚིམ་པ་བྱུང་།དེར་མཁས་པའི་དབང་པོ་དཔལ་ལྡན་ཆོས་སྐྱོང་ཞེས་པ་ཆོས་སྤྱི་དང་།ཁྱད་པར་མངོན་པ་མཛོད་ཚར་ཉི་ཤུ་རྩ་གཅིག་གསན་པ་དེ།རྗེ་འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ཏེ་ཕྱག་ཕྱིར་འབྲངས།

ཡང་དེ་དུས་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སློབ་མ་མཁས་གྲུབ་དཔལ་ལྡན་སངས་རྒྱས་ཞེས་པ་དང་།རྗེ་འདི་གཉིས་ཤེལ་དཀར་ཚོགས་སུ་བགྲོ་གླེང་ལ་བཞེངས།གཉིས་ཀ་ཐམས་ཅད་ཀྱི་ཡིད་སྨོན་པའི་གནས་སུ་བྱེད་པ་བྱུང་།དེ་རྐྱེན་བྱས་ནས་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་བ་མཇལ་ནས་ཆོས་ཞུ་བའི་འདུན་པ་དྲག་པོ་ཞིག་བྱུང་སྟེ།པད་མ་ཆོས་སྡིངས་སུ་ཕེབས་ཏེ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་བ་དང་མཇལ་ཏེ།བཀའ་ཆོས་དུ་མ་དང་།ཁྱད་པར་སྒྲོལ་མ་ཉེར་གཅིགསྒྲོལ་མ་ལྷ་བཅུ་བདུན་མ།རྗེ་བཙུན་མ་དཀར་སྔོ་གཉིས།དབྱངས་ཅན་མ།གདུགས་དཀར་སོགས་རྗེས་གནང་མང་དུ་ཞུས།པཎ་ཆེན་གྱིས་དྲི་བ་མང་པོ་མཛད་པ་རྣམས་ལ་ལན་ཐོགས་མེད་དུ་ཕུལ་བས།ཐུགས་ཤིན་ཏུ་མཉེས་ཏེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་གྱིས་ཞེས་པའི་མངའ་གསོལ་ཡང་མཛད་དོ།།དེ་ནས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་ཡང་བརྩམས།ཤངས་པ་ཀུན་མཁྱེན་དང་གདན་ས་པ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་ལ་ཆོས་བཀའ་མང་པོ་གསན།རི་ཁུད་ཆོས་སྡེ་གདན་ས་མཛད་དེ།རྗེ་བཙུན་བྱམས་མགོན་གྱི་སྐུ་བཞེངས་པ་དང་།གཙུག་ལག་ཁང་གི་སྒོ་སྒྱུར་བ་དང་རྡོ་གཅལ་བཏིང་བ།སྨོན་ལམ་བཙུགས་པ་བཅས་མཛད།རྟ་ནག་བླ་མ་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ལ།རྟ་མགྲིན་ལྕགས་རལ་ཀྱི་རྗེས་གནང་དང་།ཕུར་བའི་བཀའ་གསན་ཏེ་རྟ་མགྲིན་གྱི་བསྙེན་སྒྲུབ་ཀྱང་མཛད།བོ་དོང་ཆོས་བཟང་པ་ལ་ལྷ་མོ་དམག་ཟོར་མའི་མན་ངག་སྒྲུབ་སྐོར་བཅས་རྫོགས་པར་གསན་པ་དང་།རྒྱལ་སྲས་རིན་པོ་ཆེ་བཀའ་འབུམ་གྱི་ལུང་སོགས་བཀའ་ཆོས་མང་དུ་གསན།

དགུང་ལོ་ཞེ་དྲུག་པ་སྤྱི་ལོ་1436མེ་འབྲུག་ལོ་ཤཱཀྱ་དཔལ་བས་སྦྱིན་བདག་ཞུས་ཏེ་བྱང་ཆེན་དུ་དབེན་གནས་ཐེག་ཆེན་ཕོ་བྲང་བཏབ།དེ་ནས་སྔར་བཀྲ་ཤིས་དོ་ཁར།རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཚད་མ་རྣམ་ངེས་ཀྱི་དོགས་གཅོད་གསན་པའི་ཟིན་བྲིས་རྣམས་དང་།དགེ་ལྡན་དུ་རྒྱལ་ཚབ་རྗེ་ལ་རྣམ་འགྲེལ་གསན་པའི་གསུང་རྒྱུན་རྣམས་ལ་གཞི་བྱས་ཏེ།ཚད་མའི་བསྟན་བཅོས་ཆེན་པོ་རིགས་པའི་རྒྱན་ཅེས་པ་བཀའ་རྩོམ་གནང་།དེ་ནས་རི་བོ་དགེ་འཕེལ་དུ་ཕེབས་ཏེ་ཟླ་བ་གཅིག་ཙམ་ལ་སྐུ་མཚམས་མཛད་དེ་བཞུགས་པའི་ནུབ་གཅིགམནལ་ལམ་ན་ད་ལྟ་བཀྲ་ཤིས་ལྷུན་པོའི་རྒྱབ་རི་འདིའི་རྣམ་པ་ཅན་གྱི་རི་རྩེ་ན།རྗེ་ཙོང་ཁ་པ་བཞུགས།སྐེད་ན་འདུལ་འཛིན་པ་བཞུགས།དེའི་སྨད་ན་རང་ཉིད་བཞུགས་འདུག་པ་ལ།རྗེ་ཙོང་ཁ་པའི་ལུང་བསྟན་འདྲ་བ་མང་པོ་ཞིག་གསུངས་པ་ཕལ་ཆེར་མ་གོགསུང་གི་ཆ་ཤས་ཤིག་ལ།དགེ་འདུན་གྲུབ་ཅེས་བོས་པ་ལ་བརྟེན་ནས།ས་ཕྱོགས་འདིར་ཚད་མ་རྣམ་འགྲེལ་གྱི་བསྟན་པ་རྒྱས་པར་འགྱུར་བ་ཅིག་འོང་བ་ཡིན།ཞེས་གསུངས་པ་ཅིག་གསལ་བར་ཚོར་བས་ལུས་ཀྱི་བ་སྤུ་གཡོ་བ་ཅིག་བྱུང་།

ཡང་རྗེ་འདི་བོ་དོང་ན་བཞུགས་པའི་ཐོ་རངས་ཤིགབུད་མེད་ཀྱི་སྐད་ལྷང་བ་ཞིག་བྱུང་།མགོ་བོ་བསྲིངས་ཏེ་ཉན་པས།དེ་ན་ཁྱོད་ཀྱི་དགོན་པ་ཡོད།གདུལ་བྱ་དག་ཀྱང་དེར་འདུ་ཞིང་།ཁོ་མོའང་ཁྱོད་ཀྱི་རྗེས་སུ་འབྲང་།ཁྱོད་ཀྱི་རྗེས་འབྲང་སྐྱོབ་པར་བྱེད་ཅེས་ཟེར།དགོན་པ་ཅི་ལྟ་བུ་ཞིག་འོང་།དགོན་པའི་མིང་ལ་ཇི་སྐད་ཟེར་བྱས་པས།ལག་པ་གཉིས་ཐལ་མོ་ཁོག་སྟོང་སྦྱར་ཏེ།དགོན་པ་འདི་ལྟ་བུ་ཞིག་འོང་།དགོན་པའི་མིང་ལ་མུ་ཁྱུད་ཅན་ཟེར།དེ་མཁའ་འགྲོའི་བརྡ་སྐད་ཡིན་ནོ་ཨང་ཟེར་ཏེ་ཡལ་སོང་གསུངས།

དགུང་ལོ་ཞེ་བརྒྱད་པ་སྤྱི་ལོ་1438ས་རྟ་ལོར་དགེ་འཕེལ་ནས་སླར་ཡང་དབུས་སུ་ཕེབས་ཏེ།དགེ་ལྡན་དུ་བྱང་རྩེ་ཆོས་རྗེ་ནམ་མཁའ་དཔལ་བ་ལ་ཚེ་དཔག་མེད་སོགས་ཆོས་ཤིན་ཏུ་མང་པོ་གསན།གཞན་ཡང་ཟུར་ཁང་པ་བསོད་ནམས་ལྷུན་གྲུབ།སྤྱན་སྔ་རིན་ཆེན་འཕེལ་གཉིས་ལ་བཀའ་ཆོས་མང་དུ་གསན།དེ་ནས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞེས་པ་སྐུ་ཚེ་སྔ་མ་ནས་འབྲེལ་ཆེ་བའི་བླ་མ་དེ་ལ།དུས་འཁོར་གྱི་སྐོར་ལ་སྔར་ནས་ཐུགས་བཞེད་ཆེ་བར་ཡོད་ནའང་དེ་བར་མ་གྲུབ་པར།བླ་མ་དེ་ཉིད་ལ་དུས་ཀྱི་འཁོར་ལོའི་དབང་རྫོགས་པ་དང་།སྦྱོར་བ་ཡན་ལག་དྲུག་གི་ཁྲིད།རྒྱུད་འགྲེལ་གྱི་བཤད་པ་རྒྱས་པ།མན་ངག་ཆ་ལག་དང་བཅས་པ།ལྔ་བསྡུས་ཀྱི་རི་མོ་ས་བྲིས།རྒྱུད་འབུམ་གྱི་ལུང་།བཀའ་རྗེས་གནང་སོགས་མང་པོ་ཞུས་ཏེ་འདི་ཕྱི་གཉིས་གར་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད་པ་ཡིན།

དགུང་ལོ་ལྔ་བཅུ་པ་སྤྱི་ལོ་1440ལྕགས་སྤྲེལ་ལོ་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་སླར་ཡང་གཙང་དུ་ཕེབས་ཏེ།སྣར་ཐང་དུ་འདུལ་བའི་གླེང་འབུམ་ཆེན་མོ་དང་།སོ་ཐར་གྱི་ཊཱིཀའི་བཀའ་རྩོམ་གནང་།དེ་ནས་དཔལ་སྡིངས་སུ་ཕེབས་ཏེ་ལོ་ཆེན་ཐུགས་རྗེ་དཔལ་ལ།སྒྲ་དང་གླེགས་བམ་རིན་པོ་ཆེ་ལུང་གསན།དེ་ནས་ཆོས་བར་ལུང་ནག་ཤེལ་དཀར་རྩེར་ཕེབས་པར་རི་བོ་དགེ་ལྡན་དུ་རྗེ་ཤེས་རབ་སེང་གེ་གཤེགས་ཟེར་བའི་སྐད་ཆ་འབུལ་མཁན་སླེབས།དེ་ནས་བོ་དོང་།རྩེ་རྒྱལ།སྣར་ཐང་བཅས་སུ་ཕེབས་ནས་འཆད་ཉན་མཛད་བཞིན་བཞུགས།

 བཞི་པ།བཀྲ་ཤིས་ལྷུན་པོ་དགོན་འདེབས་པའི་རྒྱུ་རྐྱེན།

དེ་ནས་སྣར་ཐང་དུ་ཉེ་གནས་དོན་གྲུབ་གྲགས་པ་ལ།ང་ལ་ཚེ་འདིར་རྗེ་ཤེས་རབ་སེང་གེ་སྐུ་དྲིན་ཆེ་བ་ཡིན།དེའི་སྐུ་དྲིན་གསབ་ཕྱིར་ཆོས་ཕྱོགས་ནས་འཆད་ཉན་དང་།འཇིག་རྟེན་ཕྱོགས་ནས་རྟེན་བཞེངས་ཤིག་བྱ་བསམ་པ་ཡིན་ཞུས་པས།ཉེ་གནས་ཀྱིས་ང་ལ་འབུལ་རྒྱུ་མེད་པས་འདིར་རྟེན་བཞུགས་ས་མི་འོང་གསུངས་པས་ཡིད་ཆད་པ་ཅིག་བྱུང་།ཡང་རྟེན་དེའི་བཞུགས་ས་ཞིག་སེང་གེ་རྩེར་ཞུས་ནས།དཔལ་ལྡིངས་སམ་གངས་ཅན་གང་བཟང་ཞུས་པས།དགོན་ཁག་གཞན་གྱིས་ཆགས་སྡང་གིས་བཀག་སྟེ་མ་བྱུང་།ཡང་སྣང་གསལ་གྱི་གདན་ས་དེར་འགྲམ་བཙུགས་པ་ཙམ་བྱས་པ་ལའང་གཞན་དག་གིས་བཀག་སྟེ་མ་བྱུང་བ་ལ།ད་ནི་ཇི་ལྟར་བྱས་ན་འོང་སྙམ་དུ་དགོངས་པ་བཏང་བས།དང་པོ་རྗེ་ཙོང་ཁ་པས་ལུང་བསྟན་པ་དེ་དང་།ཕྱིས་བོ་དོང་དུ་ལྷ་མོ་འདིས་ལུང་བསྟན་པའི་དགོན་པ་དེ་ཡང་འདི་ཀ་ཡིན་པ་སྲིད།ཁྱད་པར་རྗེ་ཤེས་རབ་སེང་གེ་བསམ་གྲུབ་རྩེ་ནས་སྣར་ཐང་ལ་ཕེབས་སྐབས།བཀྲ་ཤིས་ལྷུན་པོའི་དགོན་པ་འདི་ལ་ཕྱག་མཛུབ་གཏད་ཏེ།ས་ཕྱོགས་འདི་ན་དགེ་འདུན་གྲུབ་མགོ་བོ་སྐྱ་ཡེར་ཡེར་ཆོས་འཆད་ཀྱིན་འདུག་པ་ཅིག་སེམས་སྣང་ལ་དུས་རྒྱུན་དུ་འོངས་གསུངས་པ་ཞིག་ཡང་ཡོད་པ་བཅས་ལ་བརྟེན།ས་ཕྱོགས་འདི་ག་དགོན་པའི་གནས་སུ་བཟང་བར་གཟིགས་ཏེ།དེ་ཉིད་དུ་དགོན་པ་འདེབས་པར་ཐུགས་ཐག་བཅད།

དེ་ནས་བསམ་གྲུབ་རྩེར་ཕེབས་ཏེ་རང་ལ་བཀའ་དྲིན་ཆེ་བའི་བླ་མའི་གཙོ་བོ་རྗེ་ཤེས་རབ་སེང་གེའི་དགོངས་རྫོགས་སུ་དམིགས་སྟེ།ཐུབ་དབང་བདུད་འདུལ་མའི་ལུགས་སྐུ་ཞིག་བཞེངས་པར་དགོངས་ནས།ཐོག་མར་བསམ་གྲུབ་རྩེའི་མི་དྲག་རྣམས་ལ་དགེ་བསྐུལ་མཛད་པས།སྦྱིན་བདག་ཕྱུག་གཞུང་དར་རྒྱས་ཀྱིས་གསེར་གྱི་གའུ་ཕྲ་མང་དང་གསེར་གྱི་སྤྲ་ཆ་གཅིགརྡོ་རིང་པས་གསེར་གྱི་གའུ་གཅིགབྲང་ཚལ་པས་གསེར་གྱི་གའུ་གཅིགརྒྱ་བར་པས་གསེར་གྱི་གའུ་གཅིག་བཅས་ཀྱིས་ཐོག་དྲངས་གསེར་ཟངས་ཀྱི་འབུལ་བ་མང་པོ་དང་།ནས་ཁལ་སྟོང་ལྷག་ཙམ་ཉིན་གཅིག་རང་ལ་བྱུང་ཞིང་།གཞན་ཡང་རིམ་གྱིས་བྱུང་བའི་བཅའ་དངོས་རྣམས་ཀྱི་རྒྱུ་ཚོགས་ཀྱི་སྟ་གོན་ལེགས་པར་གྲུབ་ནས།མེ་ཡོས་ལོའི་ཧོར་ཟླ་གཉིས་པའི་ནང་འགོ་བརྩམས་ཏེ།གཞིས་ཀ་བསམ་གྲུབ་རྩེའི་བྲག་དམར་བླ་བྲང་དུ་བཟོ་བོ་མཁས་པ་སྣར་ཐང་པ་ཆོས་སྐྱོང་དར་གྱིས་ལུགས་ཐོག་མར་བཏང་བས་མ་ཐེབས་པར།དེ་ནས་རྗེ་ཉིད་ཀྱིས་ཐུབ་པའི་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ་ཞེས་བྱ་བ་ཞིག་བརྩམས་ཏེ།ལུགས་ཕུད་དུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་བཞེངས།སླར་ཡང་ལུགས་བཏང་བས་སྟོན་པའི་སྐུ་བརྙན་རྒྱབ་མཐོ་ཉེར་ལྔ་པ་བྱིན་རླབས་ཀྱི་གཟི་འོད་འབར་བ་ངོ་མཚར་ཅན་ཞིག་བྱོན་པ་བཅས་ལོ་ཕྱི་མའི་ཟླ་བ་གསུམ་པ་ཡན་ལ་ལེགས་པར་གྲུབ་པོ།།རྟེན་དེའི་ཐུགས་ཀར་རྒྱལ་བ་ཙོང་ཁ་པ་དང་།སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་མང་པོ།རྗེ་ཤེས་རབ་སེང་གེའི་དབུ་ཐོད་བཅས་བཞུགས་སུ་གསོལ།ཁྱད་པར་སྐུའི་སྨད་ཀྱི་ཆ་ལ་འདུལ་བའི་གསུང་རབ་མང་པོ་དང་།རྗེ་བཙུན་ཙོང་ཁ་པའི་མཐང་གོས་བཅས་བཞུགས་སུ་གསོལ་བའོ།།

དེ་ནས་རྟེན་འདི་ཡར་ཕྱོགས་ལ་སྤྱན་འདྲེན་ནམ་སྙམ་དུ་དགོངས་ཏེ།དར་རྒྱས་པ་ལ་བཀའ་བགྲོས་མཛད་པར།རྡོ་རིང་དཔོན་པོ་ན་རེ།ཁྱེད་རང་དཀོན་མཆོག་ལ་གསོལ་བ་ཐེབས་པའི་གང་ཟག་ཡིན་པས།དཀོན་མཆོག་ལ་གསོལ་བ་བཏབ་ནས་བསྟན་པ་དང་སེམས་ཅན་ལ་གང་དུ་བཞུགས་ན་ཕན་ཆེ་བར་ལུང་བསྟན་ཅིག་མཛད་པར་ཞུ།ཡར་མར་ལ་ཁྱད་པར་མ་བྱུང་ན་འདི་ཕྱོགས་ལ་བཞུགས་པ་ཞིག་ཞུ་ཟེར།དེ་ནས་བསམ་གྲུབ་རྩེའི་དགེ་འདུན་མང་པོ་བསགས་ནས་རྗེ་བཙུན་མ་ལ་གསོལ་བ་བཏབ་པས་འདི་ཕྱོགས་ལ་བཞུགས་པ་ལུང་བསྟན་བྱུང་།

སྤྱིར་སྔ་མོ་ནས་ལྷ་དང་བླ་མས་ལུང་བསྟན་ཡོད་པ་ནི།བཀའ་གདམས་གླེགས་བམ་ལས།ཆོས་དགེ་བ་བཅུ་ཡི་ཁྱད་འཕགས་པ།།གླིང་ཕུན་སུམ་ཚོགས་པ་འཛམ་བུ་གླིང་།།སྒོས་ཉང་ཤབ་ས་ཡི་ལྟེ་བ་ཡིན།།ས་དེ་ཡི་ནང་ན་ཁྱད་འཕགས་པ།།མཐོ་བཀྲ་ཤིས་བརྟན་པ་ལྷུན་པོའི་འདབ།།ནོར་པད་མ་རཱ་ག་ལྟ་བུར་འདུན།།ཞེས་དགེ་འདུན་གྲུབ་པའི་མཚན་སྒྲ་དང་།བཀྲ་ཤིས་ལྷུན་པོ་ཞེས་གནས་དང་གང་ཟག་ཅིག་ཅར་དུ་ལུང་བསྟན་པར་གྲགས་པ་ལ་སོགས་པ་ལྷ་དང་བླ་མའི་ལུང་བསྟན་པའི་དགེ་བ་དུ་མ་དང།འཕྲལ་རྐྱེན་ནི་རྩ་བའི་བླ་མ་རྗེ་བཙུན་ཤེས་རབ་སེང་གེའི་དགོངས་རྫོགས་སུ་བཞེངས་པའི་ཐུབ་ཆེན་བཞུགས་ཡུལ་གྱི་ཆེད་དུའོ།།

 ལྔ་པ།བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གསར་དུ་བཏབ་པ།

དགུང་ལོ་ང་བདུན་པ་སྤྱི་ལོ་1447མེ་ཡོས་ལོའི་ཧོར་ཟླ་དགུ་བའི་ཡར་ཚེས་བཟང་པོར།སྦྱིན་བདག་དར་རྒྱས་པ་དཔོན་བསོད་ནམས་དཔལ་བཟང་བོ་དང་བཅས་པ་དགོན་གནས་འདེབས་ཡུལ་དུ་ཕེབས་ཏེ།ས་ཆོག་དང་།གཞི་བདག་གཏོར་མ་སོགས་ཀྱི་ཆོ་ག་རྒྱས་པར་མཛད་དེ།སྦྱིན་བདག་དེས་མཁོ་དགུའི་ཡོ་བྱད་ཕངས་མེད་དུ་ཕུལ་ཏེ།ལོ་དེ་གར་འདུ་ཁང་ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱི་ས་དང་།བྱམས་ཁང་ཀ་བ་བཅུ་གཉིས་ཀྱི་ས།གཙང་ཁང་ཀ་བ་དྲུག་གི་ས།སྒྲོལ་མ་ལྷ་ཁང་ཀ་བ་བཞིའི་ས།མགོན་ཁང་ཀ་བ་གཉིས་ཀྱི་ས་རྣམས་བཞེངས་པ་ཡིན་ནོ[4]།།གཙུག་ལག་ཁང་ཁྱམས་དང་བཅས་པའི་རྨང་བཏིང་བ་ནས་རིང་པོ་མ་ཐོགས་པར་གྲུབ་སྟེ།བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་འདི་ལེགས་པར་བཏབ་པ་ཡིན་ནོ།།

དེ་ནས་རྗེ་རང་གི་སྣར་ཐང་གི་བྲང་ཁང་བྱང་ནས།ཕྱག་དཔེ་ལྷ་རྟེན་ཕྱག་རྫས་ཀྱི་དངོས་པོ་གང་ཡོད་རྣམས་བཀྲ་ཤིས་ལྷུན་པོར་གདན་དྲངས།དེ་ནས་བླ་བྲང་ཀ་བ་ཉི་ཤུ་རྩ་བཞིའི་རྨང་འདིང་བ་དང་།གཙུག་ལག་ཁང་གི་མཁར་ལས་སོགས་ལ་ཤིན་ཏུ་འགྲུས་པར་མཛད།ཁྱད་པར་གཙུག་ལག་ཁང་ལ་ཐོག་ཕུབ་པའི་དུས།ཀ་བ་ལྷོ་ཤར་མ་འཛུགས་དུས་འཇའ་ཚོན་གཅིག་ཀ་བ་ལ་ཟུག་པ་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་།དེ་ནས་རྟེན་ངོ་མཚར་ཅན་དེ་ལྷ་ཁང་གི་དབུས་སུ་གདན་དྲངས་ཚེ།ས་གཡོ་བ་དང་མེ་ཏོག་གི་ཆར་འབབ་པ་སོགས་ཉིན་ལྔའི་བར་དུ་བྱུང་།དེ་ནས་དཔལ་གསང་བ་འདུས་པའི་སྒོ་ནས་རབ་གནས་རྒྱས་པར་མཛད།

དགོན་པའི་མིང་ལ་ཡང་རྗེ་འདི།ཉིན་ཅིག་གཙུག་ལག་ཁང་གི་ཁྱམས་སུ་རས་གུར་ཞིག་གི་ནང་དུ་བཞུགས་པའི་ཐོ་རངས་ཤིག་ལ་སྔར་ལུང་སྟོན་པའི་བུད་མེད་དེའི་སྐད་ལྟ་བུ་ལྷང་ངེར་དགོན་པའི་མིང་ལ་བཀྲ་ཤིས་ལྷུན་པོ་གྱིས།སྔར་གྱི་མཁའ་འགྲོའི་བརྡ་སྐད་དེ་ཁྲོལ་བ་ཡིན་ཨང་ཟེར་བ་ཅིག་བྱུང་བས།བཀྲ་ཤིས་ལྷུན་པོ་ཞེས་པ་ལྷ་མོ་འདིས་བཏགས་པ་ཡིན།དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པ་རྗེ་རང་གིས་བྱས་པ་ཡིན་གསུང་ངོ་།དེའི་ཕྱིར་དགོན་པ་འདི་རྗེ་བཙུན་ཙོང་ཁ་པ་ཡབ་སྲས་དང་ལྷ་མོ་འདིས་ལུང་བསྟན་པ་ཡིན་གསུངས།ཁྱད་པར་བཀའ་གདམས་གླེགས་བམ་ལས་དགོན་པ་འདི་ཉིད་མང་དུ་ལུང་བསྟན་པ་ནི།གླང་ཆེན་བཞེངས་དང་བཞུགས་འདྲ་བ།།མཐར་ཐུག་བསམ་གཏན་ལྷུན་གྲུབ་ཤོག།ཅེས་དང་།ལྟ་བས་མི་ངོམས་གཟི་བརྗིད་ཅན།།མཚུངས་པ་མེད་པའི་བཀྲ་ཤིས་གནས།།བཀྲ་ཤིས་ལྷུན་པོ་རྒྱས་འགྱུར་ཤོག།འདོད་དགུ་འབྱུང་བའི་རིན་པོ་ཆེ།།དེ་དང་མཐུན་པ་དཔག་བསམ་ཤིང་།།དགོས་འདོད་འབྱུང་བའི་བཀྲ་ཤིས་གནས།།བཀྲ་ཤིས་མཆོག་རབ་རྒྱས་འགྱུར་ཤོག།ཅེས་སོགས་ཀྱིས་བཀྲ་ཤིས་ལྷུན་པོའི་རྒྱབ་རི་དང་།གནས་ཀྱི་དབྱིབས།དེའི་གང་ཟགབསམ་གཏན་འགྲུབ་ལུགས།རྟེན་ཁྱད་པར་ཅན་འབྱོན་ལུགས་སོགས་ལུང་བསྟན་པ་ཡིན་ནོ་ཞེས་རྗེ་དགེ་འདུན་གྲུབ་པ་རང་ཉིད་ཀྱིས་གསུངས།

བཀྲ་ཤིས་ལྷུན་པོའི་བླ་བྲང་གི་མིང་ལ་བླ་བྲང་རྒྱལ་མཚན་མཐོན་པོ་ཞེས་གྲགས་པའི་མིང་འདིའི་འབྱུང་རྐྱེན་ནི།བཀའ་གདམས་ཆོས་འབྱུང་ནང་།ཡང་ཞལ་སྔ་ནས་ནུབ་ཅིག་གི་རྨི་ལམ་ན་བླ་བྲང་གི་རྩེ་ལ་རྒྱལ་མཚན་བཅུ་གཅིག་བཙུགས་འདུག་པ་ཞིག་རྨིས།དེ་ངའི་འདིར་བླ་རབས་བཅུ་གཅིག་ཏུ་ལེགས་པོ་འོང་བ་འདྲ་ཞེས་གསུངས་པའི་མཚན་ལྟས་དེར་བརྟེན་ནས་བླ་བྲང་རྒྱལ་མཚན་མཐོན་པོ་ཞེས་བཏགས།

དགུང་ལོ་ང་དགུ་པ་སྤྱི་ལོ་1449ས་སྦྲུལ་ལོའི་དགུན་ཆོས་ནས་བརྩམས་ཏེ་དཔོན་སློབ་ཐམས་ཅད་བཀྲ་ཤིས་ལྷུན་པོར་གཞིས་ཆགས་ཏེ་བཞུགས་ཤིང་།དར་རྒྱས་ནང་སོ་དཔོན་བསོད་ནམས་དཔལ་བཟང་བས་དགོན་པའི་གཞི་རྟེན་ལ་གཞིས་མཁར་བའི་བོགས་སྔོ་ཆགས་ཀྱི་ཡོང་སྒོ་རྣམས་ཕུལ་བ་དང་།ལོ་རེ་བཞིན་དབྱར་ཆོས་ལ་གསོལ་ཕོགས་ཀྱང་ལོ་ལྟར་རྒྱུན་ཆགས་སུ་ཕུལ།རྗེ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་དགོན་བཏབ་པ་ནས་བཟུང་གདན་སའི་མཁན་པོ་མཛད་དེ་ཁོང་ལ་པཎ་ཆེན་དགེ་འདུན་གྲུབ་པ་ཞེས་པའི་མཚན་སྙན་གྱིས་ཡོངས་སུ་ཁྱབ་ཅིང་།དེ་ནས་བཟུང་བཀྲ་ཤིས་ལྷུན་པོའི་གདན་ས་པ་སུས་མཛད་ལ་པཎ་ཆེན་ཞེས་པའི་མཚན་སྙན་གྲགས་པ་བྱུང་།དེ་ནས་མཁར་ལས་སོགས་གྱི་ངང་ནས་འཆད་ཉན་རྒྱུན་མ་ཆད་པར་མཛད།

དགུང་ལོ་དྲུག་ཅུ་པ་སྤྱི་ལོ་1450ལྕགས་རྟ་ལོའི་དགུན་ཆོས་གྲོལ་མཚམས་ཤིག་ཏུ།རྗེ་འདི་རི་བོ་དགེ་ལྡན་གྱི་གསེར་ཁྲིར་བཞུགས་རྒྱུའི་གདན་འདྲེན་དུ།བླ་མ་དཀའ་བཅུ་བ་སྦྱིན་པ་དཔལ་བ་དང་དགེ་བསྙེན་དཔལ་ལྡན་པ་རིན་པོ་ཆེ་གཉིས་སོགས་སླེབས་ནས།རྗེ་འདི་པ་དགའ་ལྡན་གྱི་གདན་ས་ལ་འབྱོན་དགོས་པའི་ཞུ་བ་ཕུལ་པས།རྗེ་འདི་པས་བདག་དགེ་ལྡན་གྱི་གདན་ས་བྱེད་དུ་མི་འགྲོ།དེའི་རྒྱུ་མཚན་ཡང་དགོན་པ་འདི་བཏབ་མ་ཐག་ཏུ་སོང་བས་རྒྱུན་བརྟན་པ་ཅིག་མ་བྱུང་དོགས་ཤིང་།ཁྱད་པར་སྔར་བྱས་པ་ཐམས་ཅད་ཀྱང་བསྟན་པ་སྤྱི་སྒོས་འབའ་ཞིག་ལ་བསམས།ད་དུང་ཡང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་འབའ་ཞིག་ལ་བསམས་ཏེ་འདི་ཁར་སྡོད་པ་ཡིན།ད་ལམ་མཁས་གྲུབ་རིན་པོ་ཆེའི་གཅུང་པོ་ཆོས་རྗེ་བ་སོ་བ་འདི་ལུང་རྟོགས་ཀྱི་ཡོན་ཏན་གང་ས་ནས་རྗེའི་གདན་སར་འོས་པ་ཡོད་པས།འདི་དགའ་ལྡན་གྱི་ཁྲི་ལ་གདན་འདྲེན་པར་མཛོད་གསུངས་ནས།རྗེ་ཉིད་མི་འབྱོན་པར་ཐག་བཅད་[5]

དགུང་ལོ་རེ་བདུན་པ་སྤྱི་ལོ་1457མེ་གླང་ལོར་གུར་མ་ཕྱོགས་ནས་ཤིང་ཆ་རྣམས་གཡག་ལ་བཀལ་ནས་འདྲེན་པ་དང་།ཁག་གཅིག་གནས་རྙིང་དཔལ་འཁོར་བདེ་ཆེན་སོགས་ནས་ཆུ་ལ་འདྲེན་པ་སོགས་བྱས་ནས་འདུ་ཁང་ཁྱམས་སྨད་ཀྱི་ཐོག་ཕུབས་པ་སོགས་ས་ཕོ་སྟག་ལོའི་དགུན་ཆོས་ཡན་ལ་ལེགས་པར་གྲུབ།རྟེན་གྱི་གཙོ་བོ་ནི་ལུགས་མའི་ཐུབ་དབང་བདུད་འདུལ་མ་དང་།གཡས་གཡོན་དུ་ཉང་སྟོད་གནས་གསར་བའི་ལྷ་བཟོ་དཔོན་སློབ་ཀྱིས་བསྐྲུན་པའི་སྨན་འཇིམ་གྱི་གཙུག་ལག་ཁང་དང་།དེ་བཞིན་ཉན་ཐོས་མཆོག་ཟུང་།སྨན་བླ།ཚེ་དཔག་མེད།ཉེ་སྲས་བརྒྱད།ཕྱུག་གཞུང་རྡོ་རིང་པས་ཕུལ་བའི་ལུགས་མའི་འགྲོ་འདུལ་སྤྱན་རས་གཟིགས་ཐོག་ཚད་མ་བཅས་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བཞུགས་སུ་གསོལ་ཞིང་།པིར་ཐོག་པ་དབུས་མོ་ཆེ་སྨན་ཐང་པ་དཔོན་སློབ་ཀྱིས་གཙུག་ལག་ཁང་གི་བྱང་གི་ལྡེབས་ཆེན་གཉིས་ལ་རྒྱལ་བ་རྡོ་རྗེ་འཆང་ཐུགས་ཀར་ཆོས་འཆད་དུ་མཛད་པ་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་དང་།ཐུབ་པ་ཆེན་པོ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་དང་།རྗེ་ཙོང་ཁ་པ་ཡབ་སྲས།ནུབ་ངོས་སུ་ཐུབ་པའི་མཛད་བཅུ།ལྷོ་ངོས་སུ་གཡུ་ལོ་བཀོད་པའི་ཞིང་ཁམས་དང་འདོད་ལྷ་སྣ་ཚོགས།གཞུང་སྒོའི་ཐད་ཀྱི་ཀ་བ་གཉིས་ལ་ཁྲོ་བོ་མི་གཡོ་བ་དང་།རྟ་མགྲིན་གྱི་བྲིས་སྐུ་རྣམས་བཞུགས[6]

དེ་ཡང་འདུ་ཁང་བྱམས་ཁང་ནི།རྗེ་ཉིད་ལ་མནལ་ལམ་དུ་མཁས་གྲུབ་རྗེ་ཕེབས་ཏེ་རྗེ་བཙུན་བྱམས་མགོན་གྱི་སྐུ་ཞིག་བཞེངས་ན་བསྟན་པ་དང་འགྲོ་བ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ངོ་གསུངས་པའི་ལུང་བསྟན་པ་དང་།གཞན་ཡང་དགོས་པ་མང་དུ་གཟིགས་ཏེ་རྗེ་ཉིད་ཀྱི་ཕྱག་རྫས་ཡོད་དགུ་དང་།གནས་རྙིང་ནས་གསེར་ཏོག་ཅིགམངའ་རིས་རྒྱལ་པོ་ཇོ་གྲགས་འབུམ་སྡེས་གཡུ་མོ་ཆེ་དང་།གཞན་ཡང་སི་ཏུ་རྣམ་རྒྱལ་གྲགས་པ་སོགས་ཀྱི་གཙོས་ཕྱོགས་ཐམས་ཅད་ནས་དགེ་སྐུལ་མཛད་དེ་ལྕགས་སྦྲུལ་ལོར་བཞེངས།རྒྱ་ཁྱོན་ཀ་བ་གཉིས།རྟེན་གྱི་གཙོ་བོ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་མི་ཕམ་མགོན་པོ་སྐུ་ཚད་རྒྱབ་ཁྲུ་ཉེར་ལྔ་ཡོད་པ།བྱམས་མགོན་གྱི་གཡས་གཡོན་ལྡེབས་གཉིས་སུ་རྗེ་རང་ཉིད་ཀྱི་ཕྱག་བཟོའི་སྨན་འཇིམ་གྱི་སྤྱན་རས་གཟིགས་དང་།འཇམ་དབྱངས་ཀྱི་བཞེངས་སྐུ་ཐོག་ཚད་ལྷག་ཙམ་ཡོད་པ་གཉིས་བཞུགས།ལྷ་བཟོ་བ་ནི་ཐོག་མར་རི་བོ་ཆེར་བལ་བོའི་ལྷ་བཟོ་བ་འགའ་ཤས་ཡོད་པ་རྣམས།འབོད་པའི་ཕོ་ཉ་གཏོང་བར་མཛད་ཀྱང་གཞན་གྱིས་གེགས་བྱས་ནས་མ་བཏང་།དེ་ནས་གནས་རྙིང་བའི་ཟངས་མགར་བ་དང་།ཆུ་འདུས་ནས་ཡོང་བའི་བལ་བོའི་ལྷ་བཟོ་བ་དྲུག་བཅས་ཀྱིས་བཟོ་ལ་འགྲུས་བར་བྱས་ནས་ཆུ་མོ་ལུག་ཀྱི་བར་ལོ་གཅིག་གི་ནང་ལེགས་པར་གྲུབ།དེ་ཡང་སྔོན་ལ་ལུགས་ཕུད་དུ་བྱམས་པ་སྐུ་ཚད་རྒྱབ་མཐོ་བཞི་པ་ཞིག་ལུགས་སུ་ཕུལ་བས།བཟོ་བོ་རྣམས་ལ་ངོ་མཚར་བའི་ལྟས་ཁྱད་པར་ཅན་མང་དུ་བྱུང་།བྱམས་ཆེན་གྱི་གཉན་གཡས་ཀྱི་འབུར་དབུས་མར་རྗེ་ཙོང་ཁ་པའི་སྐུ་ངོ་མཚར་བ་ཞིག་རང་བྱོན་དུ་ཕེབས་པ་ཀུན་གྱི་མཐུན་སྣང་དུ་གྲུབ།ནང་བཞུགས་སུ་དམ་པ་མང་པོའི་རིང་བསྲེལ་དང་།གཟུངས་སྔགས་རྣམས་ཚུལ་དང་མཐུན་པར་བཞུགས་ཤིང་།ཁྱད་པར་རྗེ་རང་ཉིད་ཀྱིས་མཚན་མོར་ཐུགས་ཀར་གསང་བའི་གཟུངས་ཤིག་ཀྱང་བཞུགས་གསོལ་བྱེད་ཚུལ་རྣམ་ཐར་ནོར་བུའི་འཕྲེང་བར་གསལ།

སྐབས་དེར་རྗེ་དགེ་འདུན་གྲུབ་པའི་སློབ་མ་དགྲ་བཅོམ་འཆར་ཀ་བྱ་བ་ཞིག་གི་གཟིགས་སྣང་ལ་ཉི་མ་གཉིས་ཤར་བྱུང་བ་སྔ་མ་འདི་ད་ལྟའི་ཉི་མ་དང་།ཕྱི་མ་དེ་དེ་ལས་ཆེ་བ་ཞིག་འདུག་པས་དེའི་འོད་ཟེར་གྱིས་གཙུག་ལག་ཁང་གི་ནང་ཁྱབ་བྱུང་ཞེས་རྣམ་ཐར་ནོར་བུའི་འཕྲེང་བར་འཁོད་པ་ལྟར།རྗེ་དགེ་འདུན་གྲུབ་པས་བཞེངས་པའི་བྱམས་པ་དེ་ཉི་མ་སྔ་མ་དང་།དེ་ལས་ཆེ་བའི་ཉི་མ་དེ་ཉིད་མ་འོངས་པ་ན་བྱམས་མགོན་གྱི་སྐུ་གཟུགས་དེ་ལས་ཆེ་བ་ཞིག་བཞེངས་པར་འགྱུར་ཞེས་པཎ་ཆེན་ཆོས་ཀྱི་ཉི་མས་བཞེངས་པའི་བྱམས་ཆེན་འདི་ཉིད་ལུང་བསྟན་པར་མངོན་ནོ།།དེ་ནས་རྗེ་བཙུན་བྱམས་མགོན་གྱི་སྣང་བརྙན་དེ་འགྲོ་བའི་བསོད་ནམས་གྱི་ཞིང་སར་ལེགས་པར་གྲུབ་ནས།འདུས་པ་རྒྱ་མཚོ་ལྟ་བུས་དཔལ་གསང་བ་འདུས་པའི་སྒོ་ནས་རབ་ཏུ་གནས་པར་མཛད་པས།མཛོད་སྤུ་ལ་མེ་ཏོག་ཆགས་པ་དང་།ནམ་མཁའ་ནས་མེ་ཏོག་གི་ཆར་བབས་ཤིང་མཇའ་ཚོན་གྱི་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་ཁྱད་པར་ཅན་འགྲོ་བའི་འདྲེན་བྱེད་ཀྱི་ཡུལ་དུ་མངོན་པར་གྲུབ།རབ་ཏུ་གནས་པའི་དོ་ནུབ་དེར་རྗེ་ཉིད་ཀྱི་གཟིགས་སྣང་དུ།རྗེ་ཉིད་རྗེ་བཙུན་གྱི་ཞབས་དྲུང་དུ་བཞུགས་ཏེ་གསོལ་བ་བཏབ་པས།རྗེ་བཙུན་བྱམས་མགོན་དགེ་སློང་གི་ཆ་ལུགས་ཅན་སྣམ་སྦྱར་རྡོ་ཚོས་མ་བཞེས་པ་ཞིག་སྐུ་འདི་ལ་ཡང་ཡང་ཐིམས་པ་གཟིགས།ཐོ་རངས་སུ་དགེ་སློང་དེ་ལྟ་བུ་ཞིག་གིས་ཁྱེད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རླབས་པོ་ཆེ་བསྒྲུབས་པས་དགའ་བར་གྱིས་ཤིག་ཞེས་པའི་དབུགས་དབྱུང་སྩལ།

འདུ་ཁང་ནུབ་ཀྱི་མགོན་ཁང་ནི་གོང་ལོའི་དཔྱིད་ཀར་གསར་དུ་བཞེངས།རྒྱ་ཁྱོན་ཀ་བ་གཉིས་ཀྱི་ས།ནང་རྟེན་དུ་རྣལ་འབྱོར་དབང་ཕྱུག་བཟང་བོ་རྒྱལ་མཚན་གྱིས་སྦྱིན་བདག་མཛད་དེ་བཞེངས་པའི་སྨན་འཇིམ་གྱི་རྡོ་རྗེ་འཇིགས་བྱེད།ཕྱག་དྲུག་མགོན་པོ།མགོན་དཀར།ལྷ་མོ།གནོད་སྦྱིན་བཞི་བཅས་ཐོག་ཚད་མ་དང་།སྔར་ཀྵེ་ཏྲ་པཱ་ལ་ཞེས་པའི་ཁྱེའུ་ཞིག་གིས་ཕུལ་བའི་ནལ་ཐོད་ཅིག་ཡོད་པ་དེར་གསེར་གཏོར་བཙུགས་ཏེ་ལྷ་མོའི་ཕྱག་མཚན་དུ་ཕུལ།ཇི་སྲིད་བར་བསྟན་པ་སྤྱི་དང་།བྱེ་བྲག་བཀྲ་ཤིས་ལྷུན་པོའི་མི་ནོར་དགོན་གནས་དང་བཅས་པ་བཅོལ་གཏད་ཀྱི་བཀའ་བསྒོ་མཛད།སྐབས་དེར་ཆོས་སྐྱོང་གི་བསྒོ་བ་བཞིན་བསྒྲུབས་པའི་ཆོ་འཕྲུལ་གྱིས་དབུས་གཙང་ཁྱབ་པ་བྱུང་ཞེས་སྔོན་གྱི་མཁས་པ་དག་གིས་གླེང་ཞེས་དགེ་འདུན་རྒྱ་མཚོའི་རྣམ་ཐར་ནང་གསལ།རྗེས་སུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ལྷ་མོའི་དབུ་ལ་མུ་ཏིག་དཀར་དམར་གྱི་ཐོག་དང་།གསེར་སྦྱངས་ཀྱི་དབུ་པྲོག་རྒྱལ་བ་རིགས་ལྔའི་སྐུ་བརྙན་ཅན་གསེར་གྱི་རྒྱན་ཐག་གི་རྩ་སྡོམ་གཡུ་ཕྲ་སོགས་ཀྱིས་སྤྲས་པ་ཕུལ།གཞན་ཡང་ཆོས་སྐྱོང་རྣམས་ཀྱི་བསྐང་རྫས་དང་མཆོད་རྫས་སྣ་ཆོགས་བཞུགས།ལྷ་མོ་འདི་ཤིན་ཏུ་བཀའ་གཉན་ཞེས་སྔོན་བྱོན་མཁས་པ་དག་གིས་གསུངས།ལོ་རེར་གཏོར་མ་བརྗེ་བཞེངས་སྐབས་མ་གཏོགས་རྒྱུན་པར་དམ་སྦྱར་གནང་བས་མཇལ་ཁ་མེད།

གཙང་ཁང་གཡོན་གྱི་སྒྲོལ་མ་ལྷ་ཁང་གི་གཙོ་བོ་རྗེ་བཙུན་ཡིད་བཞིན་འཁོར་ལོའི་གསེར་སྐུ་རྒྱབ་མཐོ་བཅུ་དྲུག་ཡོད་པ་འདི་ནི།སྔར་ནས་རྗེ་རང་ལ་རྗེ་བཙུན་མས་ངའི་སྐུ་ཞིག་བཞེངས་ན།སྐུ་ཚེ་རིང་པའི་རྟེན་འབྲེལ་ཡོད་གསུངས་པར་བརྟེན་བཞེངས[7]པ་ཞིག་ཡིན་ནོ།།

དགུང་ལོ་དོན་དྲུག་པ་སྤྱི་ལོ་1466མེ་ཁྱི་ལོར་རྗེ་བཙུན་སྒྲོལ་མས་ངའི་སྐུ་ཞིག་བཞེངས་དང་སྐུ་ཚེ་རིང་དུ་འཚོ་བར་འགྱུར་ཞེས་ལུང་བསྟན་པ་ལྟར།སྒྲོལ་མ་ལྷ་ཁང་དེ་གསར་དུ་བཞེངས།རྒྱ་ཁྱོན་ཀ་བ་དྲུགནང་རྟེན་དུ་བལ་བོའི་བཟོ་བོས་བཞེངས་པའི་སྐུ་ཚད་རྒྱབ་མཐོ་བཅུ་དྲུག་དང་ལྡན་པའི་གསེར་ཟངས་ཀྱི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྣང་བརྙན་བཞུགས།དེའི་ནང་བཞུགས་སུ་སངས་རྒྱས་བྱང་སེམས་མང་པོའི་རིང་བསྲེལ་དང་།སྒྲོལ་མ་རང་བྱོན་མཐོ་གང་ཙམ་པ་བྱིན་རླབས་ཅན་ཞིག་བཅས་བཞུགས།གཡས་གཡོན་དུ་སྨན་འཇིམ་ལས་གྲུབ་པའི་སྒྲོལ་སྔོན་དང་།སྒྲོལ་མ་ཡིད་བཞིན་ནོར་བུ།ཚེ་དཔག་མེད།རྗེ་བཙུན་ཤེས་རབ་སེང་གེ་སོགས་བརྒྱད་བཞུགས།གཙོ་བོའི་རྒྱབ་ངོས་ཞལ་བྱང་བལྟས་སུ་རྗེ་ཉིད་ཀྱི་ཕྱག་བྲིས་སྒྲོལ་ལྗང་ཐོག་ཚད་མ་གསུང་བྱོན་གྱི་ལོ་རྒྱུས་ལྡན་པའི་གསང་བའི་རྟེན་གཅིགའདི་གསུང་བྱོན་ཡིན་པའི་རྒྱུ་མཚན་ནི།རྗེ་དགེ་འདུན་གྲུབ་པ་དགོངས་པ་རྫོགས་རྗེས།ཚོགས་དམངས་ཀྱིས་རྗེ་ཉིད་ཀྱི་བསྟོད་པ་ཐུབ་དབང་བསྟན་སྒྲོན་མ་ཞལ་འདོན་མཛད་ཚེ།དགེ་འདུན་གྲུབ་ཅེས་པའི་ཚིགས་མཚམས་སུ།འདུས་པ་རྣམས་མིག་མཆིལ་མས་བརྣངས་ཏེ་གསུང་མ་ཐོན་པའི་སྐབས།གློ་བུར་དུ་བུད་མེད་ཅིག་གིས་སྐད་གསང་མཐོན་པོས་ཚིག་མཚམས་དེ་ནས་བླངས་ཏེ་སྒྲོལ་མ་ལྷ་ཁང་གི་ལྡེབས་བྲིས་ལ་ཐིམས་པ་བསྙོན་མེད་དུ་བྱུང་བས་དེ་ལྟར་གྲགས།གཙུག་ལག་ཁང་དེའི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་ནས།རབ་ཏུ་གནས་པའི་ཆོ་ག་མཛད་པའི་ཚེ་ནམ་མཁའ་ནས་འཇའ་ཤར་བ།མེ་ཏོག་སྣ་ཚོགས་གྱིས་ཆར་བབས་པ།གན་ཌིའི་སྒྲ་གྲགས་པ་སོགས་ངོ་མཚར་བའི་ལྟས་བརྗོད་ཀྱིས་མི་ལང་བ་བྱུང་།

དགུང་ལོ་དོན་བརྒྱད་པ་སྤྱི་ལོ་1468ས་བྱི་ལོར་རྒྱ་ནམ་མཁའ་དཔལ་གྱིས་གོས་ཡུག་དམར་པོ་གཅིགཁྱེའུ་བས་གོས་ཡུག་གཅིགཆོས་རྗེ་མན་ལུང་པས་གོས་ཡུག་གཅིག་ཕུལ་བ་རྣམས་ཀྱི་གཙོས་ལག་ཏུ་བྱུང་བའི་གོས་དར་རྣམས་བསགས་ནས།ཟླ་བ་གསུམ་པ་ལ་དཀྱུས་སུ་འདོམ་བཅོ་བརྒྱད་དང་།ཞེང་དུ་འདོམ་བཅུ་གཉིས་ཀྱི་ཚད་གོས་སྐུ་ཆེན་མོ་བཞེངས་པ་ལེགས་པར་གྲུབ།གོས་སྐུ་འདིའི་ཐུགས་ཀ་ན་རྗེ་རང་ཉིད་ཀྱིས་མཛད་པའི་བསྟན་པ་རྒྱས་པའི་སྨོན་ལམ་གྱི་ཚིགས་བཅད་མང་པོ་བྲིས་ནས་ཡོད།དེ་ལྟར་གོས་སྐུ་ཆེན་མོ་གྲུབ་པའི་ཤུལ་དུ་གོས་ཡུག་འགའ་ལྷག་པའི་རྨང་གཞིའི་སྟེང་།ད་དུང་རྗེ་བཙུན་མའི་གོས་སྐུ་ཞིག་བཞེངས་པར་དགོངས་ནས་འབུལ་སྡུད་མཛད་པས།གོས་ཡུག་སོགས་ཀྱི་དངོས་པོ་སྟོབས་ཆེ་བ་བྱུང་།དེ་ནས་རྗེ་བཙུན་མའི་གོས་སྐུ་མཆུར་འདོམ་བརྒྱད་དང་།ཞེང་དུ་འདོམ་དྲུག་གི་ཚད་དང་ལྡན་པ་དེ་ལེགས་པར་གྲུབ།རབ་གནས་ཀྱི་སྐབས་ངོ་མཚར་བའི་ལྟས་མང་དུ་བྱུང་།གོས་སྐུ་འདིའི་མཛོད་སྤུ་ན་མུ་ཏིག་སྟོང་ཉིས་བརྒྱ་བདུན་ཅུ་དོན་ལྔ་དང་།སྔོན་ཆར་འབེབས་ཤིག་གི་དུས་སུ་གཞི་བདག་ནེ་སེར་བས་རྗེ་རང་ཉིད་ལ་ཕུལ་བའི་རིན་པོ་ཆེ་ཆུ་ཤེལ་ཅིག་དང་།སངས་རྒྱས་བྱང་སེམས་མང་པོའི་རིང་བསྲེལ་དང་འཕེལ་གདུང་།བྱུ་རུ་མུ་མེན་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁྲ་བཏབ་ནས་ཡོད།

དེ་ནས་ས་གླང་ལོར་རྒྱལ་ཆེན་ལྷ་ཁང་གསར་དུ་བཞེངས།རྒྱ་ཁྱོན་ཀ་བ་བཅུ་དྲུགདེར་ལྷ་བཟོ་བ་སྟོབས་པོ་ཆེས་བཞེངས་པའི་སྨན་འཇིམ་གྱི་རྒྱལ་ཆེན་ཐོག་ཚད་མ་བཞི།རྒྱལ་ཆེན་ལྷ་ཁང་གི་ཕྱོགས་ཀྱི་ཆ་རྣམས་ལ་དབུས་མོ་ཆེ་སྨན་ཐང་པས་བཞེངས་པའི་ཕྱོགས་སྐྱོང་བཅོ་ལྔ་དང་།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས།རྟེན་འབྲེལ་འཁོར་ལོ་ཆ་ལྔ་བ།རྣམ་སྲས་འཁོར་ལོ།མི་ལ་རས་པ།ཇོ་བོ་ནེ་སེར་པ་བཅས་ཀྱི་ལྡེབས་རིས་དང་།བཀྲ་ཤིས་ལྷུན་པོའི་གནས་བསྟོད།རྗེ་ཙོང་ཁ་པ་ལ་སངས་རྒྱས་སྟོང་གིས་བསྐོར་བ་བཅས་བཞུགས།ད་དུང་ལོ་འདིར་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་བརྩམས།

དགུང་ལོ་གྱ་གཅིག་པ་སྤྱི་ལོ་1471ལྕགས་ཡོས་ལོར་ད་ནི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གོས་སྐུ་ཞིག་བཞེང་དགོས་པར་འདུགདེའི་རྒྱུ་མཚན་ཡང་རང་རེ་བཀའ་གདམས་པ་ཡིན་པས་བཀའ་གདམས་ལྷ་བཞིའི་སྐུ་ཞིག་དགོས་ཤིང་།ཁྱད་པར་སྤྱན་རས་གཟིགས་དང་སྒྲོལ་མའི་སྐུ་གཉིས་དགོས་ལ།ལྷོ་བྲག་ཕྱག་རྡོར་བའི་ལུང་བསྟན་ཡང་ཡོད།ཁྱད་པར་སྔ་མོ་ནས་ལྷ་མོ་འདིས།ཚོགས་སུ་མ་ཎི་བརྒྱ་རྩ་རེ་དང་།ལོ་རེ་ལ་སྒྲོལ་མ་འབུམ་ཐེར་རེ་མ་ཆག་པར་ཚུགས་ཞེས་ཡང་ཡང་བསྐུལ་བ་སྔ་མོ་ནས་མ་ཆག་པར་བཙུགས་ཤིང་།ད་ནི་འཕགས་པའི་གོས་སྐུ་ཞིག་བཞེངས་པར་བྱའོ་སྙམ་པ་ལ།སྣར་ཐང་ནས་ཆེན་པོ་ཆོས་རྒྱལ་དོན་གྲུབ་པས་གོས་འགང་དཀར་ཡུག་གཅིག་ཕུལ་བ་ལ་གཞི་བྱས་ཏེ།རིང་པོར་མ་ཐོགས་པར་འཕགས་པའི་སྐུ་ཆུ་ཞེང་ལ་འདོམ་བརྒྱད་དང་དྲུག་ཏུ་ལྡན་པའི་གོས་སྐུ་གཟི་འོད་འབར་བ་ཞིག་ཡོངས་སུ་རྫོགས་པར་གྲུབ་པོ།།གཞན་ཡང་རྟེན་བཞེངས་དུ་མ་དང་།མཆོད་རྫས་སྐོར་ལ་གདུགས།རྒྱལ་མཚན།འཕན།བླ་བྲེ་སོགས་མང་དུ་བཞེངས།

དགུང་ལོ་གྱ་གསུམ་པ་སྤྱི་ལོ་1473ཆུ་སྦྲུལ་ལསྤྱིར་མཆོད་པའི་ཡུལ་མཆོག་གསུམ་དང་ཁྱད་པར་དགེ་འདུན་ཡིན་པར་དགོངས་ནས།དེ་ལ་དམིགས་ཏེ་དགེ་འདུན་གྱི་ཐུག་ཚུལ་འདི་སྔ་མོ་ནས་རྒྱུན་མི་ཆད་པར་བཙུགས་ཤིང་།ཁྱད་པར་ཆུ་སྦྲུལ་ལོའི་དགུན་ཆོས་གཉིས་ལ་གྲྭ་བ་སྟོང་དང་དྲུག་བརྒྱ་ཙམ་རེ་ལ་གསོལ་ཕོགས་བཟང་པོ།གསོལ་ཐུག་སོགས་ཀྱི་ཞབས་ཏོག་བསྒྲུབས་ཏེ་ཆོས་འཁོར་རྒྱ་ཆེན་པོ་བསྐོར[8]།དེ་ནས་རྗེ་ཙོང་ཁ་པ་ཆེན་པོས་ལྷ་སར་གླང་ལོའི་ཟླ་བ་དང་པོ་ལ་སྨོན་ལམ་ཆེན་མོ་བཙུགས་པ་དང་ཚུལ་མཐུན་པར།འདིར་ཡང་སྨོན་ལམ་ཞིག་འཛུགས་པར་དགོངས་ཏེ།ཕྱོགས་ཐམས་ཅད་དུ་འབུལ་སྡུད་པ་བརྫངས།དེ་ནས་ཕྱོགས་ཐ་དད་ནས་ཡོ་བྱད་ཀྱི་དངོས་པོ་དཔག་ཏུ་མེད་པ་བྱུང་བ་རྣམས་བསགས་ཏེ།ཤིང་ཕོ་རྟ་ལོའི་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ།གནས་རྙིང་རིན་པོ་ཆེས་ཐོག་དྲངས་ཕྱོགས་ཀྱི་བུ་སློབ་ཀྱི་བསྟན་འཛིན་ཆེན་པོ་རྣམས་ཀྱང་སྤྱན་དྲངས་ནས་ཚོགས་པ་སྟོང་གཅིག་དྲུག་བརྒྱ་ཙམ་གྱིས་སྨོན་ལམ་བཙུགས།

དགུང་ལོ་གྱ་བཞི་པ་སྤྱི་ལོ་1474ཤིང་རྟ་ལོའི་དགུན་ཟླ་འབྲིང་པོ་ལ་བཀྲ་ཤིས་ལྷུན་པོར་སྐུ་མྱ་ངན་ལས་འདས་སོ།།དེ་ཡང་རྗེ་ཉིད་ཀྱི་ཞལ་ཆེམས་ལ།ངའི་རུས་པ་འདི་དགོས་པ་ཁྱད་པར་ཅན་མང་པོ་ཡོད་པས་ཅིས་ཀྱང་མེ་ལ་མ་ཕུལ་ཅིག་གསུངས་པ་ལ།ཟླ་བ་དེའི་ཚེས་ཉེར་གཉིས་བར་དུ་ནི་ཐུགས་དམ་མ་གྲོལ།དེ་ནས་རེ་ཞིག་གཟིམས་ཁང་རྒྱལ་མཚན་མཐོན་པོའི་སྒྲོལ་མ་ལྷ་ཁང་དུ་བཞུགས་སུ་གསོལ།ཕྱིས་སྐུ་གདུང་ཞུགས་ལ་ཕུལ་བར་རིང་བསྲེལ་མང་དུ་བྱུང་བ་དང་།དབུ་ཐོད་ཀྱིས་ཐོག་དྲངས་པ་རྣམས་དངུལ་གདུང་རིན་པོ་ཆེའི་ནང་དུ་བཞུགས་སུ་གསོལ་བའོ།།

རྗེ་དགེ་འདུན་གྲུབ་པས་ཡོངས་འཛིན་དྲུག་ཅུ་ཙམ་བསྟེན་པ་རྣམས་ཀྱི་ནང་ནས་སྐུ་ཚེ་འདིར་བཀའ་དྲིན་ཆེ་བ་མཁན་ཆེན་གྲུབ་པ་ཤེས་རབ་དང་།རྗེ་ཤེས་རབ་སེང་གེ་གཉིས།སྐྱེ་བ་ཐམས་ཅད་དུ་བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡིན་ཞེས་གསུངས།གཞན་ཡང་བཀའ་དྲིན་ཆེ་བའི་བླ་མ་ནི།སྔར་གྱི་ཀློག་གི་སློབ་དཔོན་གཉིས།སློབ་དཔོན་བློ་ལྡན་པ།གྲགས་པ་ཤེས་རབ།ཆེན་པོ་སང་ག་ཤྲི།ཡོངས་འཛིན་ཨ་བ་ཡ་ཀཱིརྟི།དཔོན་སྟོན་ཐུབ་པ་དཔལ།གྲུབ་ཆེན་བསོད་བློ་བ།བླ་མ་ཀུན་ལྡན་པ།མཁན་ཆེན་གྲགས་པ་དོན་གྲུབ།རྒྱལ་ཚབ་དར་མ་རིན་ཆེན།འདུལ་འཛིན་གྲགས་པ་རྒྱལ་མཚན།མཁས་གྲུབ་དགེ་ལེགས་དཔལ་བཟང་།གནས་བརྟན་ཆོས་བཟང་པ།ཧོར་སྟོན་ནམ་མཁའ་དཔལ།ཞ་ལུ་པ་ལེགས་པ་རྒྱལ་མཚན།རོང་སྟོན་ཤཱཀྱ་རྒྱལ་མཚན།སློབ་ཆུང་བཀྲ་ཤིས་རྣམ་རྒྱལ།བླ་བྲང་ཆོས་རྗེ་ཉི་མ་རྒྱལ་མཚན།སེམས་དཔའ་ཆེན་པོ་ཀུན་དགའ་བཟང་པོ།དམར་སྟོན་དཔལ་ལྡན་རིན་ཆེན།དམར་སྟོན་རྒྱ་མཚོ་རིན་ཆེན།འཇམ་དབྱངས་རིན་ཆེན་རྒྱལ་བ།ལྷ་བསོད་ནམས་ལྷུན་གྲུབ།སྤྱན་སྔ་རིན་ཆེན་འཕེལ།ཤངས་པ་ཀུན་མཁྱེན་ཤེས་རབ་དཔལ་བཟང་།ཆོས་རྗེ་ཨཱ་ནན་ད་པ།ཆོས་རྗེ་སྒྲོལ་མ་པ་སངས་རྒྱས་རིན་ཆེན།སྙེ་མོ་སྐུ་ཞང་ཆོས་རྗེ་རིན་ཆེན་བཀྲ་ཤིས།པཎ་ཆེན་ཕྱོགས་ལས་རྣམ་རྒྱལ།བླ་མ་ཡོན་འབྱུང་པ།ལོ་ཙཱ་བ་ཐུགས་རྗེ་དཔལ།རིན་པོ་ཆེ་ཆོས་བཟང་པ།ཆོས་རྒྱལ་མཚན།འཕགས་འོད་ཡོན་ཏན་རྒྱ་མཚོ་སོགས་ལ་རྙེད་པ་དང་བཀུར་སྡི།སྲི་ཞུ་རིམ་གྲོ་སོགས་མཛད་དེ་གུས་པས་བསྟེན་ནས་དབང་བཀའ་ལུང་འཁྲིད་བཤད་པ།ཕྱག་ལེན་མན་ངག་ལ་སོགས་ལེགས་པར་རྩད་བཅད་དེ་མདོ་རྒྱུད་མན་ངག་ཐམས་ཅད་ལ་ནང་བྱན་ཚུད་པར་མཛད་དོ[9]།།

 དྲུག་པ།རྣམ་ཐར་གྱི་སྡོམ།

དེ་ལྟར་བདག་ཉིད་ཆེན་པོ་རྗེ་དགེ་འདུན་གྲུབ་པ་འདི་ནི་སྤྱི་ལོ་1391ལྕགས་ཕོ་ལུག་ལ་སྐུ་འཁྲུངས།བཅོ་ལྔ་པ་ཤིང་བྱ་ལ་རབ་ཏུ་བྱུང་།ཉི་ཤུ་པ་ལྕགས་སྟག་ལ་བསྙེན་པར་རྫོགས།ཉེར་ལྔ་པ་ཤིང་ལུག་ལ་བཤེས་གཉེན་རབ་མཆོག་བློ་གྲོས་ཀྱིས་འདྲེན་པའི་སློབ་དཔོན་མཛད་དེ་དབུས་ལ་ཕེབས།ལོ་དེ་ཉིད་ལ་འོན་གྱི་བཀྲ་ཤིས་དོ་ཁར་རྗེ་ཐམས་ཅད་མཁྱེན་པ་དང་མཇལ།ལོ་བཅུའི་བར་གསང་ཕུ་ནེའུ་ཐོག་དང་།རི་བོ་དགེ་ལྡན།འཕན་ཡུལ་གྲོ་ས་ལ་སོགས་པར་བཞུགས་ཏེ།མདོ་སྔགས་ཀྱི་གསུང་རབ་མཐའ་དག་ལ་མཁས་པར་སྦྱངས།སོ་ལྔ་པ་ཤིང་སྦྲུལ་ལ་གསང་ཕུའི་འཆད་ཉན་མཛད།སོ་དྲུག་པ་མེ་རྟ་ལ་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་ལ་ཕེབས།སྣར་ཐང་བྱང་ཆེན་དང་།རི་ཁུད་དང་བྲག་དམར་སོགས་སུ་ལོ་བཅུ་གཉིས་ཀྱི་བར་དུ་འཆད་ཉན་མཛད་བཞིན་བཞུགས།དེ་ནས་བླ་མ་དོན་ཡོད་པའི་ལུང་བསྟན་དང་།གཞན་ཡང་དགོས་པ་འགའ་ཞིག་ལ་བརྟེན་ནས།དགུང་ལོ་ཞེ་བརྒྱད་པ་ས་རྟ་ལ་དབུས་སུ་ཕེབས།དགེ་ལྡན་དུ་ཀུན་མཁྱེན་ནམ་མཁའ་དཔལ་དང་།འཆད་ཀར་ལྷ་རིན་པོ་ཆེ་བསོད་ནམས་ལྷུན་གྲུབ།རྒྱལ་སྟེང་དུ་སྤྱན་སྔ་རིན་ཆེན་འཕེལ།ཨེ་ཝཾ་དུ་འཇམ་དབྱངས་རིན་ཆེན་རྒྱལ་བ་རྣམས་བརྟེན་ནས།བཀའ་གདམས་གཞུང་གདམས་ངག་དང་།དུས་ཀྱི་འཁོར་ལོ་སོགས་མང་དུ་གསན།སྔར་ཆོས་རྗེ་དོན་ཡོད་པའི་ལུང་བསྟན་ལ།ཁྱོད་ཀྱི་བླ་མ་དམ་པ་ཁྱད་པར་འཕགས་པ་དབུས་ན་ཡོད་པས་མཇལ་ཞེས་པའང་ལྷ་རིན་པོ་ཆེ་བསོད་ནམས་ལྷུན་གྲུབ་ཡིན་ཞེས་གསུངས།བླ་མ་འདི་ལས་བྱང་ཆུབ་སེམས་ཀྱི་རྟོགས་པ་འཁྲུངས་པས་བཀའ་དྲིན་ཆེ་བའི་བླ་མར་མཛད།འཇམ་དབྱངས་རིན་ཆེན་རྒྱལ་བ་དེ་ཉིད་ཀྱང་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཤིང་སྐུ་ཚེ་སྔ་མ་ནས་འབྲེལ་བའི་བླ་མ་ཡིན་གསུངས།དེ་ལྟར་ལོ་ངོ་གསུམ་རིང་དབུས་སུ་བཞུགས་ནས་ལྔ་བཅུ་པ་ལྕགས་པོ་སྤྲེའུའི་ལོ་གཙང་ལ་བྱོན།ཤིང་གླང་ལ་རྗེ་ཤེས་རབ་སེང་གེ་དགེ་ལྡན་དུ་ཞི་བར་གཤེགས་པས་དེའི་དགོངས་རྫོགས་བཟང་པོ་བསྒྲུབས།

ང་བདུན་པ་མེ་ཡོས་ལོ་ལ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཏབ།དེ་ནས་ལོ་བཅོ་ལྔ་འདས་པ་ཆུ་ཕོ་རྟའི་ལོ་བལ་བོ་ལྷ་བཟོ་བ་སླེབས།དོན་གསུམ་པ་ཆུ་ལུག་ལ་བྱམས་ཆེན་གྱི་སྐུ་བཀྲ་ཤིས་འོད་འབར་གྱི་རབ་གནས་མཛད།དེ་རྗེས་རྒྱལ་བའི་བཀའ་འགྱུར་རོ་འཚལ་བཞེངས།དོན་དྲུག་པ་མེ་ཁྱི་ལ་སླར་ཡང་བལ་བོས་ཇོ་མོ་ཡིད་བཞིན་འཁོར་ལོའི་སྐུ་ངོ་མཚར་ཅན་བཞེངས་པས་དགུང་ལོ་བཅུའི་བར་དུ་བསྲིངས།དེ་ནས་ཐུབ་དབང་གི་གོས་སྐུ་བདུན་རིམ་གྱིས་བཞེངས།བརྒྱད་ཅུ་པ་ལྕགས་སྟག་ལ་འདུལ་བ་མདོའི་ཊཱིཀ་ཆེན་བརྩམས།གྱ་གཅིག་པ་ལྕགས་ཡོས་ལ་སངས་རྒྱས་སྟོང་གི་སྐུ་རྡོ་ལ་འབུར་དུ་བརྐོས་པ་བཞེངས།གྱ་གཉིས་པ་ཆུ་འབྲུག་ལ་དགེ་འདུན་སྟོང་ཕྲག་ལྷག་ལ་ཆོས་ཐོག་གཉིས་ཀྱི་བར་གསོལ་ཕོགས་ཕུལ་ཏེ་སྒྲོལ་མ་ལ་གཙོ་བོར་བསྒྲིལ་བས།སྒྲོལ་མ་འབུམ་ཐེར་བཞི་བཅུ་ལྷག་ཙམ་སོང་ཟེར།དེ་ལྟར་བཀྲ་ཤིས་ལྷུན་པོ་དགོན་བཏབ་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་རིང་བསྟན་པའི་བདག་པོ་མཛད་དེ།འཆད་ཉན་ནམ་ཡང་ཆག་པ་མེད་པའི་ངང་རྟེན་བཞེངས་དང་དགེ་འདུན་ལ་བསྙེན་བཀུར་བ་སོགས་མཛད་དོ།།དེ་ནས་དགུང་ལོ་གྱ་བཞི་པ་སྤྱི་ལོ་1474ཤིང་ཕོ་རྟའི་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་སྐྱ་རེངས་ཤར་བའི་ཚེ་སྐུ་མྱ་ངན་ལས་འདས་སོ།།

རྗེ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོའི་དགོན་འདི་བཏབ་རྗེས།ཕྱིས་སུ་ལོ་ལྟར་དབྱར་མཇུག་ཀྵེ་ཏྲ་པའི་དུས་གཏོར་གཟིགས་མོ་ཆེའི་འཆམ་གཟིགས་ཀྱི་དུས་ཆེན་རྒྱས་པ་ཞིག་གནང་སྲོལ་སྟར་ཆགས་ཡོད་པ་དེར།ཕྱོགས་བཞི་ནས་སྐྱེ་བོ་ཁྲི་ཕྲག་བརྒལ་བ་འདུས་ཏེ་འཆམ་གཟིགས་དང་།བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་འཁྲབ་སྟོན་བྱེད་པ་རྒྱུན་ཆགས་སུ་གནས།བཀྲ་ཤིས་ལྷུན་པོའི་དགེ་འདུན་གྱི་ཞལ་གྲངས་ནི།དགེ་འདུན་གྲུབ་ཀྱི་སྐབས།ཐོག་མར་བརྒྱ་དང་བཅུ་སྐོར་ནས་ཆིག་སྟོང་དྲུག་བརྒྱ་ཙམ་བར་འཕེལ་རྒྱས་བྱུང་ཞིང་།དེ་རྗེས་ཡོངས་གྲགས་ལ་བཀྲ་ཤིས་ལྷུན་པོ་སུམ་སྟོང་བརྒྱད་བརྒྱ་ཞེས་བརྗོད་རུང་།འཕེལ་རྒྱས་ཆེ་སྐབས་ཞལ་གྲངས་ལྔ་སྟོང་ལ་ཉེ་བ་བྱུང་ཡོད[10]

བཀྲ་ཤིས་ལྷུན་པོ་ནི་གཙང་ཕྱོགས་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཨང་དང་པོ་དང་།སྐད་གྲགས་ཆེ་ཤོས་ཤིག་ཡིན་ལ།དགོན་གནས་འདི་ནས་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་པ་རྣམས་ཀྱིས་བོད་ཀྱི་རིག་གནས་གོང་འཕེལ་གཏོང་བར་བསུབ་ཏུ་མེད་པའི་མཛད་རྗེས་བཞག་ཡོད།ལྷག་པར་གདན་ས་འདི་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་ནས་བཟུང་པཎ་ཆེན་སྐུ་ཕྲེང་ན་རིམ་གྱིས་ཆོས་སྲིད་ལུགས་ཟུང་གི་འཕྲིན་ལས་སྐྱོང་ཡུལ་ཞིག་ཡིན་ལ།དགོན་པའི་ནང་བོད་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་རིག་རྫས་ཀྱང་མང་པོ་ཡོད།དཔེར་ན།པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མའི་དུས་བཞེངས་པའི་མཆོད་ཁང་དཀྱིལ་གྱི་རྒྱ་ནག་ལྷ་ཁང་ཞེས་བྱ་བའི་དབུས་སུ་སྤྱི་ལོ་1796ལོར་མན་ཇུ་གོང་མ་ཀྱཱ་ཆིང་གིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཕུལ་བ་གོང་མ་ཆན་ལུང་རབ་བྱུང་གི་ཆ་བྱད་ཅན་གྱི་བྲིས་སྐུ་དང་།མཐའ་སྐོར་དུ་པཎ་ཆེན་གྱི་འཁྲུངས་རབས་བཅུ་གསུམ་གྱིས་བསྐོར་བའི་བྲིས་ཐང་རྟེན་ཁྲི་ཤེལ་བཅས་བཞུགས་པ་དང་།དེའི་མདུན་དུ་སྤྱི་ལོ་1851ལོར་མན་ཇུ་གོང་མ་ཞན་ཧྥིན་གྱིས་པཎ་ཆེན་རིན་པོ་ཆེར་ཕུལ་བ་རྒྱ་ཡིག་འབུར་བརྐོས་ཀྱི་བྱང་བུ་བཞུགས་སྒམ་རྒྱ་ཕིབས་དང་བཅས་པ་ཆུང་ངུ་ཞིག་དང་།དེའི་མདུན་དུ་གཡང་ཊིའི་ལྷུང་བཟེད་ལ་སངས་རྒྱས་རབས་བདུན་བརྐོས་མ་མཐིལ་ལ་གོང་མ་ཆན་ལུང་གི་ཕྱག་བསྟར་མའི་ཕྱག་བྲིས་ཡོད་པ་གཅིག་ཀྱང་བཞུགས།རྒྱ་ནག་ལྷ་ཁང་གི་གཟིམ་སྦུག་ནང་པཎ་ཆེན་རིན་པོ་ཆེ་དང་།མན་ཇུ་གོང་མའི་བཀས་མངགས་པའི་བོད་སྡོད་ཨམ་བན་ལྷན་འཛོམ་གནང་སྐབས་ཀྱི་བཞུགས་ཁྲི་ཡང་ཡོད།དེ་མིན་རྒྱ་ཡིག་གི་བཀའ་འགྱུར་དང་།རྒྱ་བྲིས་ཀྱི་ཐང་ག་མང་པོ།དེ་མིན་རྒྱ་ནང་ནས་ཐོན་པའི་རིན་པོ་ཆེའི་མཆོད་ཆས་སྣ་ཚོགས་ཡོད་པ་བཅས་ཀྱིས་མན་ཇུ་གོང་མས་བོད་ཀྱི་ལས་དོན་ལ་གཟིགས་སྐྱོང་དང་།རྒྱ་བོད་མི་རིགས་གཉིས་ཉ་ཆུ་ལྟ་བུའི་འབྲེལ་བ་ཡོད་པ་མཚོན་པའོ།།

 བདུན་པ།གསུང་རྩོམ་གནང་བ་དང་རྗེས་འཇུག་སློབ་མའི་སྐོར།

དེ་ལྟར་རྒྱལ་བ་དགེ་འདུན་གྲུབ་པའི་སྐུ་ཚེ་གང་བོར་གནང་བའི་གསུང་རྩོམ་གྱི་སྐོར་ལ།ཤིང་པར་མདའ་ཚད་མའི་གླེགས་བམ་ཁྱོན་བསྡོམས་པོད་ལྔ་བཞུགས།གླེགས་བམ་ཀ་པ་ལ།དམ་པའི་ཆོས་འདུལ་བའི་གླེང་གཞི་དང་རྟོགས་པ་བརྗོད་པ་ལུང་སྡེ་བཞི་ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད་ལ་ཤིང་པར་ཤོག་གྲངས་ལྔ་བརྒྱ་ལྷག་དང་།གླེགས་བམ་ཁ་པ་ལ།དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་པོའི་དོན་ལེགས་པར་བཤད་པ་རིན་པོ་ཆེ་ཕྲེང་བ་ལ་ཤོག་གྲངས་བཞི་བརྒྱ་བདུན་ཅུ་ལྷག་དང་།གླེགས་བམ་ག་པ་ལ།སོ་ཐར་གྱི་མདོའི་རྣམ་བཤད་དང་།མཛོད་ཊིཀདབུ་མ་འཇུག་པ།དབུ་མ་རྩ་ཤེས་འགྲེལ་བ་བཅས་ལ་བསྡོམས་ཤོག་ངོས་སུམ་བརྒྱ་བརྒྱད་ཅུ་ལྷག་དང་།གླེགས་བམ་ང་པ་ལ།ཚད་མའི་བསྟན་བཅོས་རིགས་རྒྱན་དང་།རྣམ་འགྲེལ་རང་དོན་ལེའུ་དང་།ཚད་མ་གྲུབ་པའི་ལེའུ།མངོན་སུམ་ལེའུ།གཞན་དོན་ལེའུ་རྣམ་བཤད་བཅས་ལ་བསྡོམས་ཤོག་གྲངས་བཞི་བརྒྱ་ཙམ་དང་།གླེགས་བམ་ཅ་པ་ལ།ཐུབ་པའི་བསྟོད་པ་དང་།རྗེ་རང་ཉིད་ཀྱི་རྣམ་ཐར་སོགས་ཐོར་བུའི་སྐོར་ལ་བསྡོམས་ཤོག་གྲངས་སུམ་བརྒྱ་ལྷག་བཞུགས།

རྗེས་འཇུག་སློབ་མའི་སྐོར་”[11]ལ་མང་དུ་ཡོད་ནའང་གཙོ་ཆེ་ཤོས་ནི།སྲས་ཀྱི་ཐུ་བོ་འདུལ་འཛིན་སེམས་དཔའ་ཆེན་པོ།གཞན་ཡང་འདུལ་འཛིན་དཔལ་ལྡན་བཟང་པོ།སློབ་དཔོན་བཟང་པོ་བཀྲ་ཤིས།ཀུན་དགའ་བདེ་ལེགས།བསྟན་པའི་ཉི་མ་སྨོན་ལམ་དཔལ།མཁན་ཆེན་བཟོད་པ་དཔལ་གྲུབ།ཡི་དམ་གྱིས་ལུང་བསྟན་སློབ་མ་དཔལ་ལྡན་ཚུལ་ཁྲིམས།སློབ་དཔོན་འཕགས་པ་འཆར་ཀབྱ་བཏང་མཁས་པ་ནོར་བཟང་རྒྱ་མཚོ།དཀའ་བཅུ་འཛིན་པ་དབང་ཕྱུག་དཔལ།དཀའ་བཞི་པ་དོན་ཆོས།བཤེས་གཉེན་གྲགས་པ་བསམ་གྲུབ་སོགས་མཐའ་ཡས་པ་ཞིག་བྱུང་ངོ་།།
 [1]ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་བོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་འཕྲེང་བ་ཞེས་པའི་ཤོག་ངོས་ལྔ་པར་གསལ། ཤཱཀྱའི་དགེ་སློང་ཡེ་ཤེས་རྩེ་མོས་མཛད།ལྷ་སའི་ཤིང་པར་མ།

[2]རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་ཀྱི་ཤོག་ངོས་གཉིས་པར་གསལ།དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས་མཛད།ལྷ་སའི་ཤིང་པར་མ།

[3]ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་བོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་འཕྲེང་བ་ཞེས་པའི་ཤོག་ངོས་བཅོ་ལྔ་པར་གསལ། ཤཱཀྱའི་དགེ་སློང་ཡེ་ཤེས་རྩེ་མོས་མཛད།ལྷ་སའི་ཤིང་པར་མ།

[4]ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་བོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་འཕྲེང་བ་ཞེས་པའི་ཤོག་ངོས་ཉེར་དགུ་པར་གསལ།  ཤཱཀྱའི་དགེ་སློང་ཡེ་ཤེས་རྩེ་མོས་མཛད།ལྷ་སའི་ཤིང་པར་མ།

[5]ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཤོག་ངོས་བདུན་བརྒྱ་ང་གཉིས་པར་གསལ།1990ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། 

[6]དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ཞེས་པའི་ཤོག་ངོས་ཉེར་གཅིག་པར་གསལ།1992ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན།
[7]གྲྭ་ས་ཆེན་པོ་བཞི་དང་རྒྱུད་སྟོད་སྨད་ཆགས་ཚུལ་པད་དཀར་འཕྲེང་བ་ཞེས་པའི་ཤོག་ངོས་གྱ་དགུ་པར་གསལ།ཕུར་ལྕོག་ངག་དབང་བྱམས་པས་བརྩམས།1989ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། 

[8]ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་བོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་འཕྲེང་བ་ཞེས་པའི་ཤོག་ངོས་ཞེ་དགུ་པར་གསལ།ཤཱཀྱའི་དགེ་སློང་ཡེ་ཤེས་རྩེ་མོས་མཛད།ལྷ་སའི་ཤིང་པར་མ།

[9]རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་ཀྱི་ཤོག་ངོས་བཞི་པར་གསལ།དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས་མཛད།ལྷ་སའི་ཤིང་པར་མ།

[10]བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བའི་ཤོག་ངོས་བཞི་བརྒྱ་བརྒྱད་པར་གསལ།1990ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན།

[11]རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་ཀྱི་ཤོག་ངོས་བཅུ་དགུ་པར་གསལ།དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས་མཛད།ལྷ་སའི་ཤིང་པར་མ།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།