ལེའུ་གཉིས་པ། རྨོ་མོ་ཚ་མོ་ཁེར་སྐྱེས་འདང་རྩིས་ཆེ།

       ཚོན་ལིན་ཚང་གི་དཔེ་ཁང་དུ་སླེབས། ཕྱི་ཉིན། ལིན་རུའུ་ཧའེ་བཙལ་ཏེ་ཐད་ཀར་གླེང་མོལ་བྱས། ལིན་རུའུ་ཧའེ་ཡི་སེམས་སུ་ཡུས་ཚོན་གྱིས་ཏའེ་ཡུས་ལ་སློབ་གསོ་གནང་པར་དྲིན་ཆེ་སྙམ་ཡོད་པས། རོགས་སྐྱོར་བྱེད་པར་ཧ་ཅང་དགའ་ཞིང་། འཕྲིན་ཡིག་ཅིག་བྲིས་ཏེ། ཡུས་ཚོན་གྱིས་འཕྲིན་ཡིག་དང་ཏའེ་ཡུས་ཁྲིད་དེ་རྒྱལ་ས་ཅིན་ཁྲིན་ལ་སླེབས་ཚེ། ནང་སྤུན་གྱིས་རོགས་བྱེད་དགོས་པར་བཅོམ་དམ་མཛད།

9814446_131146313000_2.jpg

    ཏའེ་ཡུས་ཡིས་མཆི་མ་འདོན་བཞིན་ཨ་ཕ་དང་གྱེས་ཏེ། གཡོག་མོ་འགའ་དང་མཉམ་དུ་གྲུ་གཟེངས་སུ་བསྡད་ནས་བུད་སོང་། ཡུས་ཚོན་གྲུ་གཟེངས་གཞན་ཞིག་ཏུ་བསྡད་དེ། བྱིས་གཡོག་གཉིས་ཁྲིད་དེ་རྗེས་སྙེག། ཅིན་ཁྲིན་ལ་སླེབས་རྗེས། ཡུས་ཚོན་གྱིས“རུས་གཅིག་ཚ་བོ” ཡི་མིང་བྱང་གྲ་སྒྲིག་བྱས་ཏེ།  རོང་ཚང་གཞིས་ཀར་སྐྱབས་བཅོལ་དུ་སོང་།  ཅཱ་ཀྲེན་གྱིས་སྲང་མོའི་ཁྱོ་གའི་ངོ་སྤྲོད་འཕྲིན་ཡིག་མཐོང་ཞིང་། ཡུས་ཚོན་གྱི་གཟུགས་གཏོས་ཆེ་ཞིང་སྨྲ་བརྗོད་ལ་མཁས་པ་མཐོང་ནས། ནུས་ཤུགས་ཡོད་ཚད་སྒོས་རོགས་སྐྱོར་བྱས། ཟླ་ངོ་གཉིས་ཙམ་གྱི་དུས་སུ་ཡུས་ཚོན་གྱི་གོ་གནས་སླར་གསོས་ཏེ། ཅིན་ལིན་དབྱིན་ཐན་མཁར་ལ་མངགས། ཡུས་ཚོན་ཅཱ་ཀྲེན་དང་གྱེས་ཏེ་གོ་གནས་སུ་ལས་སྒྲུབ་ཏུ་སོང་།
     ཉིན་དེར་ཏའེ་ཡུས་གྲུ་གཟེངས་ལས་བབ་སྟེ་གྲུ་ཁར་འབུད་སྐབས། རོང་ཚང་གཞིས་ཀའི་འགྱོ གས་བྱམས་སོགས་ཀྱིས་སྔ་མོ་ནས་གྲུ་ཁར་སྒུག་ཡོད་པས། ཁོ་མོ་འགྱོ གས་བྱམས་སུ་བསྡད་དེ་མཁར་ནང་གི་རོང་གོ་གཞིས་ཀར་སླེབས། འགྱོ གས་བྱམས་སྒོ་ཆེན་མདུན་ནས་མདའ་མཚམས་ཙམ་ལ་སོང་རྗེས་ཐང་དུ་བཞག་ཤིང་། ཏའེ་ཡུས་འགྱོ གས་བྱམས་ལས་བུད་དེ་མེ་ཏོག་གི་ཡོལ་བ་ཅན་གྱི་སྒོ་ནང་དུ་འཛུལ། ཀ་མ་རུའི་ཡོལ་སྒྲོམ་ཞིག་གི་མཐར་བསྐོར་ནས་སོང་ཞིང་། སྒོ་ཁང་ཁང་པ་གྱེན་གསུམ་ཅན་ཞིག་བརྒྱུད་རྗེས། ད་གཟོད་ཆེན་མོའི་ཁང་ཁྱིམ་དུ་སླེབས། རྡོ་སྐས་སྟེང་བསྡད་ཡོད་པའི་གཡོག་མོ་ཚོ་མྱུར་མོར་ཡང་ལངས་ཏེ། འཛུམ་དམུལ་དམུལ་གྱིས་བསུ་བར་ཐོན། མི་གསུམ་བཞིས་འགྲན་རྩོད་ངང་ཡོལ་བ་ཡར་གྱེགས་ནས།“ བུ་མོ་ལིན་སླེབས་སོང” ཞེས་བསྒྲགས།
      ཏའེ་ཡུས་ཁྱིམ་ལ་སླེབས་རྗེས། མི་གཉིས་ཀྱིས་སྐྲ་ལོ་དུང་ལས་དཀར་བའི་བགྲེས་མོ་ཞིག་སྐྱོར་ཏེ་བསུ་བར་སླེབས་པ་མཐོང་ཞིང་། རྨོ་མོ་ཡིན་པ་ངོས་ཟིན་ཏེ་ཕྱག་འཚལ་རྩིས་བྱེད་སྐབས། རྨོ་མོས་འཐམས་ནས།“སྙིང་གི་དུམ་བུ”ཞེས་འབོད་ཀྱིན་སྐད་ཆེན་པོས་བཤུམས། ཏའེ་ཡུས་ཀྱིས་ཀྱང་མཚམས་མ་ཆད་པར་ངུས། ཚང་མས་མཆི་མ་འདོན་བཞིན་ཁ་ཏ་བྱས་ཏེ། ད་གཟོད་ངུ་མཚམས་བཅད་ཅིང་། ཏའེ་ཡུས་ཀྱིས་ཀྱང་དེར་བརྟེན་བསྙེན་བཀུར་གྱི་གུས་ཕྱག་ཕུལ། ཅཱ་རྨོ་མོས་ཏའེ་ཡུས་ལ“འདི་ནི་ཁྱོད་ཀྱི་ཞང་མོ་ཆེ་བ། འདི་ནི་ཁྱོད་ཀྱི་ཞང་མོ་གཉིས་པ། འདི་ནི་ཁྱོད་ཀྱི་འདས་ཟིན་པའི་ཀྲུའུ་ཕུ་བོའི་ཆུང་མ་ཀྲུའུ་སྲུ་མོ་རེད”ཅེས་རེ་རེ་བཞིན་མཚམས་སྦྱོར་བྱས། ཏའེ་ཡུས་ཀྱིས་ཀྱང་རེ་རེ་བཞིན་གུས་ཕྱག་ཕུལ། ཅཱ་རྨོ་བོས་ད་དུང“བུ་མོ་ཚོ་བོས་ཤོག དེ་རང་ཐག་རིང་གི་མགྲོན་པོ་སླེབས་ཡོད་པས། སློབ་གྲྭར་འགྲོ་མི་དགོས”ཞེས་གཏམ། དེ་མ་ཐག་མ་མ་གསུམ་དང་གཡོག་མོ་ལྔ་དྲུག་ལྷག་གིས་བུ་མོ་གསུམ་གྱི་མཐའ་བསྐོར་ནས་སླེབས། ཏའེ་ཡུས་ཡར་ལངས་ཏེ་གུས་ཕྱག་ཕུལ་ཏེ་རེ་རེ་བཞིན་ཕན་ཚུན་ལ་ངོས་བཟུང་།

83333826f6e412be0ca636fa36c36809.jpg      ཚང་མས་ཏའེ་ཡུས་ལོ་ན་ཕྲའང་། འགྲོ་འདུག་སྨྲ་བརྗོད་སོགས་ལ་ཁྱད་ཆོས་ལྡན་ཞིང་། ལུས་ཟུངས་ཞན་ལ་གྱོ ན་པ་ཅུང་མི་རན་མོད། མཛེས་ཉམས་ཁྱད་པར་ཅན་ཞིག་ཡོད་མཐོང་དུས། ཁོ་མོར་རླུང་ཤུགས་ཞན་པའི་ནད་ཡོད་པ་ཤེས་ཏེ། རྒྱུན་དུ་སྨན་ཅི་ཞིག་འཐུང་པ་དང་། ནད་གསོ་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་སོགས་དྲིས། ཁ་བརྡ་སྣ་ཚོགས་བྱེད་བཞིན་པའི་སྐབས། ལྷས་ར་ནས་ལྷང་ལྷང་གི་དགོས་སྒྲ་བསྒྲགས་པ་དང་། མི་ཞིག་གིས“ང་རང་འཕྱི་སོང་། ཐག་རིང་གི་མགྲོན་པོའང་བསུ་མ་ཐུབ”ཅེས་སྨྲས་པ་ཐོས། ཏའེ་ཡུས་ཀྱི་བསམ་པར། གནས་འདིར་མི་ཚང་མས་དབུགས་ཆེན་པོའང་འབྱིན་མི་ཕོད་མོད། རང་མགོ་རང་རྒྱལ་ཅན་གྱི་མི་འདི་སུ་ཡིན་ནམ་སྙམ།  སྐབས་དེར་མནའ་མ་དང་གཡོག་མོསྐོར་ཞིག་གིས་ནམ་མཁའི་ལྷ་མོ་ལས་མཛེས་ཤིང་རྒྱན་ཆ་སྣ་ཚོགས་སྤྲས་པའི་མཛེས་མ་ཞིག་གི་མཐའ་བསྐོར་ནང་ལ་སླེབས་པ་མཐོང་། ཅཱ་རྨོ་མོས་དགོད་ཀྱིན“ཁོ་མོ་ནི་གཞིས་ཀ་འདིའི་མིང་གྲགས་ཆེ་བའི་གཏུམ་སྤྱོད་མ་ཡིན། ནན་ཅིན་པའི་ངག་ཐོག་གི‘ལ་ཅོ’ཟེར་བ་དེ་ཡིན། ཁྱོད་ཀྱིས་ཁོ་མོར‘ཧྥིན་ལ་ཅོ’ཞེས་བོས་ཆོག་ཅེས་བསྙད།  སྲང་མོ་ཚང་མས་ཏའེ་ཡུས་ལ“འདི་སྲུ་མོ་ལན་ཡིན”ཞེས་མཚམས་སྦྱར། ཏའེ་ཡུས་ཀྱི་ཡིད་ལ་ཨ་མས་ཨ་ཞང་ཆེ་པ་ནི་ཅཱ་ཧྲིའི་བུ་ཅཱ་ལན་ཡིན་པ་དང་། ཅཱ་ལན་གྱིས་ཞང་མོ་གཉིས་པ་ཝང་བཟའི་ཚ་མོ་བག་མར་བསུས་ཡོད་ལ་། མིང་ལ་ཝང་ཞི་ཧྥིན་ཟེར་པ་དྲན་པས།  མྱུར་མོར་འཛུམ་བསྟན་ཞིང་གུས་ཕྱག་ཕུལ་ཏེ“སྲུ་མོ”ཞེས་བོས།
     ཞི་ཧྥུན་གྱིས་ཏའེ་ཡུས་ཀྱི་ལག་མགོར་འཇུས་ཏེ་ཞིབ་མོར་བལྟས་རྗེས། ཕྱོགས་གཅིག་ནས་ཏའེ་ཡུས་ལ་མོ་སྒོ་ཡོད་ཅེས་བསྟད་ཅིང་། ཕྱོགས་གཅིག་ནས་གཡོག་མོ་རྒན་པ་ཚོར་དངོས་རྫས་ཁྱིམ་དུ་སྐྱེལ་ནས་ཁང་པ་གཙང་སྤྲ་བྱེད་དགོས་ཞེས་བཀའ་གདམས་རྗེས། ཏའེ་ཡུས་དང་མཉམ་དུ་སླེབས་པའི་འཁོར་གཡོག་ཚང་མ་ངལ་གསོ་བར་མངགས།
    ཏའེ་ཡུས་རོང་ཚང་གཞིས་ཀར་སླེབས།
    ཝང་ལྕམ་མོ་དུས་རྒྱུན་ཆེན་མོའི་ཁང་ཁྱིམ་དུ་མི་སྡོད་པར། ཤར་ལྷས་ཀྱི་གློ་ཁང་གྱེན་གསུམ་ཅན་ཞིག་ཏུ་བསྡད་ཡོད། ཏའེ་ཡུས་མ་མ་ཚོ་དང་མཉམ་དུ་ནང་དུ་སོང་དུས། དངོས་རྫས་སྣ་ཚོགས་ཅ་ནོམ་ཞིང་བརྗིད་ཆགས་པ་མཐོང་། ཅུང་མ་འགོར་བར། གཡོག་མོ་ཞིག་ཡོང་ནས།“ལྕམ་མོས་བུ་མོ་ལིན་སླེབས་པར་སྒུག་ཡོད”ཅེས་བཤད། ཏའེ་ཡུས་མ་མ་ཚོ་དང་མཉམ་དུ་ཤར་ལྷས་ཀྱི་ཁང་པ་གྱེན་གསུམ་ཅན་གྱི་ཆེན་མོའི་ཁང་ཆུང་དུ་སླེབས། ཁང་པའི་བཀོལ་སྒྲིག་ཅུང་བབ་ཆགས་ཡིན། ཏའེ་ཡུས་ཝང་ལྕམ་མོའི་འགྲམ་དུ་མར་བསྡད། ཝང་ལྕམ་མོས“ ཁྱོད་ཀྱི་ཨ་ཞང་དེ་རིང་སྨྱུང་གནས་ལ་སོང་བས། རྗེས་ཕྱོགས་ནས་ངོ་ཐུག་རྒྱུ་བྱ། ཁྱོད་ཀྱི་སྲིང་མོ་གསུམ་པོ་ཧ་ཅང་བཟང་པས། རྗེས་ཕྱོགས་སུ་ལྷན་གཅིག་ཏུ་དཔེ་ཆ་བཏོན་ནས་ཡི་གེ་བསླབ་པ། ཁབ་སྒུད་ཀྱི་འཚེམ་སློང་པ། ཡང་ན་མཚམས་རེར་ཀུ་ར་རྩེ་པ་གང་ཡིན་ཡང་། ཁྱོད་ལ་བསྟུན་སྲིད། འོན་ཀྱང་ང་ལ་ཡིད་ཆེས་མེད་པའི་དོན་ཞིག་ཡོད་པ་ནི་གདོན་ཕྲུག་དེ་རེད། ཁོ་ནི་ཁྱིམ་འདིའི‘ཕུང་རྒན’དེ་ཡིན། ཁོ་དེ་རང་ད་དུང་ལྷ་ཁང་དུ་འགྲོ་ན་འདོད་ཡོད། མཚན་མོ་ཕྱི་སླེབས་ཚེ། ཁྱོད་ཀྱིས་ཤེས་སྲིད”ཅེས་བསྙད།
    ཏའེ་ཡུས་ཀྱིས་རེ་རེ་བཞིན་ཡ་ལན་འདེབས་སྐབས། གཡོག་མོ་ཞིག་ཚུར་འོང་ནས།“ རྨོ་མོས་དགོང་ཇ་འཐུང་བར་འབོད་ཀྱིན་ཡོད”ཅེས་བཤད།  ཝང་ལྕམ་མོས་ཏའེ་ཡུས་ཁྲིད་ནས་ཅཱ་རྨོ་མོའི་ཕྱི་ལྷས་བརྒྱུད་དེ་ཁང་པའི་ནང་སླེབས་དུས། མི་མང་པོ་སྲི་ཞུ་སྒྲུབ་བཞིན་ཡོད། ཝང་ལྕམ་མོ་སླེབས་པ་མཐོང་སྟེ། ཞབས་སྟེགས་བཀོད་སྒྲིག་བྱས། ཅཱ་ཀྲུའུ་ཡི་མོ་ཧྲེངས་ལིས་ཝན་གྱིས་ཟ་མ་ཁྱེར་ཡོང་ལ་། ཞི་ཧྥུན་གྱིས་ཐུར་མ་བཀོད་སྒྲིག་བྱས། ཝང་ལྕམ་མོས་ཐུག་ཁུ་ཁྱེར་ཡོང་། ཅཱ་རྨོ་མོ་གཅིག་པུ་མདུན་ཕྱོགས་ཀྱི་ཁྲི་སྟེགས་སུ་བཞུགས་ཡོད། གཡས་གཡོན་དུ་འདུག་སྟེགས་སྟོང་པ་བཞི་ཡོད། ཞི་ཧྥུན་གྱིས་ཏའེ་ཡུས་ཚུར་འཐེན་ནས་གཡོན་ཕྱོགས་ཀྱི་སྟེགས་བུ་དང་པོའི་སྟེང་སྡོད་དུ་བཅུག  ཟ་མ་ཟོས་རྗེས། ཏའེ་ཡུས་ཀྱིས་ཁ་བཤལ་པ་དང་ལག་པ་དཀྲུས། ཅཱ་རྨོ་མོས་ཝང་ལྕམ་མོ་དང་ལིས་ཝན།ཞི་ཧྥུན་སོགས་གྱེས་སུ་བཅུག་ཅིང་། ཏའེ་ཡུས་དང་ཞལ་བརྡ་མཛད།
     ཞལ་བརྡའི་སྒང་དུ། ཕྱི་རོལ་ནས་གོམ་སྒྲ་ཞིག་གྲགས་པ་ཐོས། གཡོག་མོ་ཡོང་ནས།“པའོ་ཡུས་སླེབས་བྱུང”ཞེས་བཤད། ཏའེ་ཡུས་ཀྱིས་པའོ་ཡུས་ནི་ཅི་འདྲའི་སྙོན་ཅན་ཞིག་ཡིན་ནམ་སྙམ་ཏེ་བསམ་བློ་གཏོང་སྐབས། པའོ་ཡུས་ནང་དུ་འཛུལ་ཡོང་། ཁོང་ནི་སྐྱེས་གཟུགས་མཛེས་ཤིང་གྱོ ན་ཆས་གཟབ་པོའི་སྐུ་སྲས་ཤིག་ཡིན། སྐེ་ན་གསེར་毒་ཞིག་དང་། ཁ་དོག་སྣ་ལྔའི་དགུ་མདུད་ཅིག མཛེས་སྡུག་ལྡན་པའི་གཡང་ཊི་ཞིག་བཅས་བཏགས་ཡོད།  ཁོ་མོས་ཅུང་ཞིབ་མོར་ལྟ་སྐབས། མཚར་སྣང་ཆེན་པོ་སྐྱེས། སེམས་སུ་ངོ་མ་ཡ་མཚན་ཆེ། ཅི་འདྲའི་ངོ་ཤེས་ཞིག་ཡིན་ལ། སྔོན་ཆད་གང་ཞིག་ན་ཐུག་མྱངས་པ་དང་མཚུངས་པའི་ཚོར་བ་ཞིག་སྐྱེས། པའོ་ཡུས་ཀྱིས་ཅཱ་རྨོ་མོར་གུས་ཕྱག་ཕུལ་རྗེས།  ཁ་ཕྱིར་འཁོར་ནས་བུད་སོང་། ཡང་བསྐྱར་ནང་དུ་སླེབས་སྐབས། རྒྱུན་ལྡན་གྱི་གྱོ ན་ཆས་སུ་བརྗེས་ཡོད། ཅཱ་རྨོ་མོས་དགོད་ཀྱིན“མགྲོན་པོར་མ་ཐུག་གོང་གྱོ ན་ཆས་ཐུད་ལ། ད་རུང་སྲང་མོར་ཐུག་ཏུ་མི་འགྲོ”ཞེས་འཁངས། པའོ་ཡུས་ཚུར་འོང་ནས་གུས་ཕྱག་ཕུལ་ཏེ། ཏའེ་ཡུས་ལ་བདེ་འདྲི་ཞུས་རྗེས། ཕྱིར་སྟེགས་བུའི་སྟེང་བསྡད་དེ། དགོད་ཀྱིན“ངས་སྔོན་ཆད་སྲང་མོ་འདི་མཐོང་མྱངས”ཞེས་བཤད། ཅཱ་རྨོ་མོས་དགོད་ཀྱིན“བླུན་བཤད་ཅི་ཞིག་རྒྱག་གིན་ཡོད། ཁྱོད་ཀྱིས་ནམ་ཚོད་ཁོ་མོ་མཐོང་མྱངས”ཞེས་དྲིས།  པའོ་ཡུས་ཀྱིས“མཐོང་མ་མྱོང་ན་ཡང་། ངོ་ཤེས་པའི་ཚོར་སྣང་ཞིག་ཡོད་པས། སྔ་མོ་ནས་ངོ་ཤེས་པ་དང་མཚུངས་ལ། ཡུན་རིང་པོར་གྱེས་རྗེས་སླར་འཛོམས་པ་དང་ཡང་མཚུངས”ཞེས་ལན་བཏབ།
      པའོ་ཡུས་ཏའེ་ཡུས་ཀྱི་འགྲམ་དུ་མར་བསྡད་དེ། ཁོ་མོར་དཔེ་ཆ་གང་དག་ཀློག་པ་དང་། མིང་ལ་ཅི་ཟེར་པ་སོགས་དྲིས། ཏའེ་ཡུས་ཀྱིས་རེ་རེ་བཞིན་ལན་བཏབ། པའོ་ཡུས་ཀྱིས་ཏའེ་ཡུས་ལ“གཡང་ཊི་ཡོད་དམ”ཞེས་དྲིས། ཏའེ་ཡུས་ཀྱིས“གཡང་ཊི་ནི་དངོས་པོ་རྩ་ཆེན་ཡིན་པས། མི་ཚང་མར་ཡོད་ག་ལ་སྲིད”ཅེས་ལན་བཏབ། པའོ་ཡུས་དེ་མ་ཐག་སྨྱོས་པ་ལྟར་གྱུར་ནས། གཡང་ཊི་བཏོག་ནས་ཤུགས་ཡོད་ཚད་ཀྱིས་ཐང་ལ་བརྒྱབ་ཏེ།“ཅི་ཞིག་དངོས་པོ་རྩ་ཆེན། ད་དུང་དེ་ལ་དྲན་ཤེས་ཡོད་ཟེར། ང་ལའང་གདོན་དངོས་འདི་མི་དགོས”ཞེས་སྡིགས་མོ་བྱས། མི་ཚང་མར་སྐྲག་སྣང་སྐྱེས་ཏེ་ཟང་ཟིང་ངང་གཡང་ཊི་བཏུ་བར་རྒྱུགས། ཅཱ་རྨོ་མོས་བྲེལ་མྱུར་ངང་ཁོ་པང་དུ་བཟུང་ནས།“ཁྱོད་རང་ཁྲོས་ཏེ་གཞན་པར་དམོད་རྡུང་བྱེད་སླ་མོད། རང་གི་སྲོག་རྩ་ཐང་ལ་རྒྱག་ཕོད་དམ”ཞེས་ཞལ་ཏ་མཛད། པའོ་ཡུས་ཀྱིས་ངུ་བཞིན”ཁྱིམ་གྱི་གཅེན་གཅུང་ཚང་མར་མེད། ང་ཁོ་ནར་ཡོད། ལྷ་མོ་དང་འདྲ་བའི་སྲིང་མོ་འདིར་ཡང་མེད་པས། དངོས་པོ་བཟང་པོ་ཞིག་མིན་པ་ཤེས་ཐུབ”ཅེས་བཤད།
    ཅཱ་རྨོ་མོས་མི་མངགས་ཏེ་པའོ་ཡུས་དང་ཏའེ་ཡུས་ཀྱི་འདུག་གནས་དང་རྒྱུན་འགྲོག་མ་མ་དང་གཡོག་མོ་སོགས་བཀོད་སྒྲིག་བྱས། ཝང་མོ་མོ་དང་ནེ་ཙོ་ཁ་གཉིས་ཀྱིས་ཡོལ་བའི་ནང་རོལ་དུ་ཏའེ་ཡུས་ཀྱི་འདུག་རོགས་བྱས་ཤིང་། ལིས་མོ་མོ་དང་གཡོག་མོ་ཆེ་བ་གཉིས་ཀྱིས་ཡོལ་བའི་ཕྱི་རོལ་གྱི་མལ་ཁྲི་ཆེན་པོའི་སྟེང་པའོ་ཡུས་ཀྱི་འདུག་རོགས་བྱས།
    ཞི་རིན་མ་གཞི་ཅཱ་རྨོ་མོའི་སྐུ་གཡོག་ཡིན་ལ། མིང་ལ་ཀྲིན་ཀྲུའུ་ཟེར། ཅཱ་རྨོ་མོས་ཁོ་མའི་བསམ་པ་བཟང་ཞིང་རྣམ་དག་ཡིན་པ་མཁྱེན་པས། རང་གི་སྙིང་གི་ནོར་བུ་ལྟ་བུའི་གཅེས་ཕྲུག་ཚ་བོར་ཞབས་ཞུ་སྒྲུབ་ཏུ་མངགས་ཡོད། པའོ་ཡུས་ཀྱིས་ཁོ་མོའི་རུས་ངོ་མ་ནི་ཧྭ་ཡིན་པ་ཤེས་ལ། གནའ་མིའི་སྙན་ངག་ཏུའང“མེ་ཏོག་དྲི་བཟང་གིས་ཡིད་དབང་འཕྲོགས”ཞེས་པའི་བཤད་སྲོལ་ཡོད་པས། ཅཱ་རྨོ་མོར་ཨུ་ཚུགས་བྱས་ཏེ། ཁོ་མོར་ཞི་རིན་ཞེས་མིང་དུ་བསྒྱུར། པའོ་ཡུས་དང་ལིས་མོ་མོ་གཉིས་གཉིད་རྗེས། ཁོ་མོས་ཏའེ་ཡུས་དང་ནེ་ཙོ་ཁ་གཉིས་ཀྱིས་ད་དུང་ངལ་མ་གསོས་པ་མཐོང་ནས། རྒྱན་ཆ་ཕུད་དེ་ནང་དུ་སོང་སྟེ། དགོད་ཀྱིན“བུ་མོས་ད་དུང་ངལ་མི་གསོ་དོན་ཅི་ཡིན”ཞེས་དྲིས། ནེ་ཙོ་ཁ་ཡིས“སྐུ་སྲས་ཀྱིས་གཡང་ཊི་ཐང་ལ་བརྒྱབ་པས། ཁོ་མོས་མཆི་མ་བཏོན་ཞིང། ངས་དཀའ་ཚེགས་བརྒྱུད་དེ་ད་གཟོད་སེམས་ཇེ་ལྷོད་དུ་སོང་ཡོད“ཞེས་བཤད། ཞི་རིན་གྱིས“བུ་མོ་ལགས། དེ་ལྟར་གཏན་ནས་བྱེད་མི་འོས། རྗེས་ཕྱོགས་སུ་ད་དུང་དེ་ལས་ཡ་མཚར་པའི་དགོད་གཏམ་འབྱུང་སྲིད་པས། དོན་དག་དེར་སེམས་སྐྱོ་ན། སྐྱོ་སྣང་གཞན་འབྱུང་མི་སྲིད”ཅེས་བཤད།ཏའེ་ཡུས་ཀྱིས“ངས་ཡིད་ལ་བཟུང་ཟིན”ཞེས་ལན་བཏབ།
     ཕྱི་ཉིན་ཞོགས་པར། ཏའེ་ཡུས་ཀྱིས་ཅཱ་རྨོ་མོར་གུས་ཕྱག་ཕུལ་རྗེས། ཝང་ལྕམ་མོའི་འདུག་སར་སོང་དུས། ཝང་ལྕམ་མོ་དང་ཞི་ཧྥུན་གཉིས་ཀྱིས་ཅིན་ལིན་ནས་བསྐུར་ཡོངས་པའི་འཕྲིན་ཡིག་ལ་ལྟ་བ་སྒང་ལ་ཁེལ། འཕྲིན་ཡིག་ནང་ཅིན་ལིན་གྱི་ཞའོ་ཚང་ཨ་ནེའི་བུ་ཞའོ་ཕན་གྱིས་མི་བསད་པའི་གྱོ ད་གཞི་གླེང་ཡོད། ཏའེ་ཡུས་སོགས་ཀྱིས་སྐད་ཆ་གསབ་པར་སྟབས་མ་བདེ་པས། ཧྲེངས་མོ་སྲུ་མོ་ལིས་ཝན་གྱི་འདུག་ཁང་དུ་སོང་།
      ཅཱ་ཡུས་ཚོན་དབྱིན་ཐན་གཞུང་གི་གོ་གནས་སུ་སླེབས་མ་ཐག་མི་སྲོག་བཅད་པའི་གྱོ ད་དོན་ཞིག་དང་འཕྲད། ཅིན་ལིན་ཞའོ་ཚང་གི་སྲས་ཀྱིས་མིའི་སྲོག་བཅད་རྗེས། དུས་ཡུན་རིང་པོར་ཕྱི་རོལ་ཏུ་སྐུང་བྱོལ་བྱས། ཡུས་ཚོན་གྱིས་ཞུ་གཏུག་མཁན་བོས་ཏེ་རྩད་བཅད་རྗེས། གཞུང་ལས་པར་ཉེས་ཅན་གྱི་ཁྱིམ་མི་འཛིན་བཟུང་བྱེད་པར་བཀའ་ཕབ་རྩིས་བྱེད་སྐབས།  གྱོ ད་དོན་ཁྲིམས་ཅོག་གི་ཉེ་སར་ལངས་པའི་ལས་གཡོག་ཅིག་གི་ཁུག་མ་ལས“དཔོན་སྲུང་བྱང་རྟགས”ཞིག་བླངས། ཡུས་ཚོན་གྱིས་ཚུར་བླངས་ཏེ་ཞིབ་མོར་ལྟ་དུས། རྡོག་ཤགས་རྐང་བཞི་མ་ཞིག་རེད།
 ཅཱ་ཚང་རྫིག་པོ་མིན་ཏེ་གཡང་ཊིའི་གཞིས་ཀའི་སྒོ་ཁར་གསེར་རྟ་འགྱིང་། །
 ཕོ་བྲང་ཨ་ཧྥང(1)དཔག་ཚད་སུམ་བརྒྱ་ལྡན་ཡང་ཅིན་ལིན་མཁར་གྱི་ཧྲི(2)ཚང་ག་ལ་ཤོང་། །
 ཤར་མཚོར་གཡང་ཊིའི་གཟིམ་ཁྲི་དཀོན་པས་ཀླུ་རྒྱལ་ཅིན་ལིན་ཝང(3)ལགས་བསུ་པར་སླེབས། །
 ལོ་ལེགས་བྱུང་དུས་ཁ་བ་ཆེ(4)ལ་མུ་ཏིག་ས་དང་གསེར་ནི་ལྕགས་ལྟར་སྤྱོད། ། 
    ལས་གཡོག་གིས“གཞིས་ཆེན་འདི་བཞི་བར་ཕན་ཚུན་ལ་གཉེན་ཉེ་འབྲེལ་བ་ཡོད་པས། གཅིག་དར་ན་ཚང་མ་དར་ལ། གཅིག་རྒུད་ན་ཚང་མ་རྒུད་སྲིད། མི་གསོད་མཁན་གྱི་ཞའོ་ཚང་ནི‘ལོ་ལེགས་བྱུང་དུས་ཁ་བ་ཆེ’ཞེས་པའི‘ཞའོ’རེད། ཁོ་ཚོར་མི་རབས་མང་པོར་སྦྲེལ་པའི་གྲོགས་པོ་ཧ་ཅང་མང་། སྐུ་ངོ་ཁྱེད་ཀྱིས་སུ་འཛིན་རྩིས་ཡིན”ཞེས་དྲིས།  ཡུས་ཚོན་གྱིས་བྲེལ་མྱུར་ངང་གྱོ ད་དོན་འདི་ཅི་ལྟར་ཐག་བཅད་ན་བཟང་ཞེས་དྲིས། ལས་གཡོག་གིས་ཁོང་ལ་གྱོ ད་གཞིའི་འབྱུང་རྩ་གླེང་། མ་གཞིར་བསད་པའི་ཧྥུན་ཡོན་གྱིས་བསླུ་འཚོང་མཁན་ཞིག་གི་ལག་ནས་བུ་མོ་ཞིག་ཉོས་ཏེ་ཆུན་མ་བྱས། བསླུ་འཚོང་མཁན་དེས་ཧྥུན་ཚང་གི་དངུལ་བླངས་རྗེས། ཡང་བསྐྱར་བུ་མོ་དེ་ལྐོག་ཏུ་ཞའོ་ཚང་ལ་བཙོངས། ཁྱིམ་ཚང་གཉིས་ཀས་བུ་མོ་འདོད་པས། ཞའོ་སྐུ་སྲས་ཀྱིས་ཧྥུན་སྐུ་སྲས་ལ་བརྡུངས་ཏེ་ཤ་ཉོག་རུས་ཉོག་ཏུ་བཏང་ཤིང་། རང་ཁྱིམ་ལ་བསྐྱལ་ནས་ཉིན་གསུམ་གྱི་རྗེས་སུ་ཤི། ལས་གཡོག་གིས“འདི་དག་ད་དུང་མི་བཤད། སྐུ་ངོ་ཁྱེད་ཀྱི་བུ་མོ་དེ་སུ་ཡིན་པ་ཨེ་ཤེས”ཞེས་དྲིས། ཡུས་ཚོན་གྱིས“ངས་ཅིའི་ཕྱིར་ཤེས་སམ”ཞེས་ལན་བཏབ། ལས་གཡོག་གིས“ཁོ་མོ་ནི་སྐུ་ངོའི་དྲིན་ཆེན་ཀླེན་ཚང་ནས་སྔོན་ཆད་བོར་སོང་པའི་བུ་མོ་དབྱིན་ལེན་རེད”ཅེས་ལན་བཏབ། ཡུས་ཚོན་གློ་བུར་དུ་ཧ་ལས་ཏེ“མ་གཞིར་ཁོ་མོ་ཡིན་ནམ”ཞེས་བཤད།
      ཡུས་ཚོན་གྱིས་གྱོ ད་གཞི་འདི་ཅི་ལྟར་ཐག་བཅད་ན་བཟང་ཞེས་ཡང་ཡང་དྲིས། ལས་གཡོག་གིས“སྐུ་ངོ་ཁྱེད་རང་ཅིའི་ཕྱིར་མགོ་འཐོམས་སོང་། སྐུ་ངོ་ཁྱེད་ལ་གོ་གནས་སླར་ཐོབ་པའང་ཅཱ་ཚང་གི་དབང་སྟོབས་ལ་རག་ལས་ཤིང་། ཞའོ་སྐུ་སྲས་ཀྱང་ཅཱ་ཚང་གི་གཉེན་ཉེ་ཡིན་པས། སྐུ་ངོ་ཁྱེད་ཀྱིས་ཆུའི་རྒྱུད་ཕྱོགས་ལ་བལྟས་ནས་གྲུ་གཏོང་ཐབས་སྤྱད་དེ། ཀུན་མཐུན་ཞིག་བྱས་ན། རྗེས་ཕྱོགས་སུ་ཅཱ་དང་ཝང་སྐུ་ངོར་ཡང་ཐུག་སླ་བ་ཡིན”ཞེས་བཤད། ཡུས་ཚོན་གྱིས་ལས་གཡོག་གི་ངག་ལ་མཉན་ཏེ། ཉེ་སྐྱོར་ཁྲིམས་འགལ་ངང་རང་འདོད་ལྟར་ཁྲིམས་ཐག་བཅད། ཁྲིམས་ཐག་བཅད་རྗེས། ཡུས་ཚོན་གྱིས་མྱུར་མོར་ཅཱ་ཀྲེན་དང་ཅིན་སྒར་གྱི་དཔུང་སྤྱི་ཝང་ཙི་ཐུན་ལ་འཕྲིན་ཡིག་བསྐུར་ནས།“ཚ་བོས་གྱོ ད་དོན་ཐག་བཅད་པས། ཐུགས་ཁུར་གནང་མི་དགོས”ཞེས་ཞུས།
    ཧྥུན་ཡོན་གསོད་མཁན་ཞའོ་ཕན་ནི་ཡིག་རྒྱུན་ཅན་གྱི་ཁྱིམ་ཚང་དུ་སྐྱེས་མོད། ན་ཆུང་དུས་སུ་ཨ་ཕ་ཚེ་ལས་འདས་ཤིང་། མ་ཡུགས་ཀྱིས་གཅེས་ལང་དུ་བཏང་ནས་གང་འདོད་བྱེད་དུ་བཅུག་པས། ནར་སོན་ཡང་དོན་བཟང་གཅིག་ཀྱང་འགྲུབ་མེད་པར། ཉིན་ལྟར་བྱ་ཕོའི་རྡུང་གཏུག་དང་རྟ་རྒྱུགས། མཛེས་སྡུག་ཡུལ་གྲུར་གཡེང་པ་སོགས་ཀྱི་འཚོ་བ་རོལ་ནས་བསྡད། མ་ཡུགས་ཝང་བཟའ་ནི་ཅིན་སྒར་དམག་སྤྱི་ཝང་ཙི་ཐུན་གྱི་སྲང་མོ་ཡིན་ལ། ཅཱ་ཀྲེན་གྱི་ལྕམ་མོ་ཝང་བཟའ་དང་ཡང་མ་གཅིག་གཅེན་གཅུང་ཡིན། སྐབས་དེར་དགུང་ལོ་བཞི་ཅུར་སླེབས་ཡོད། ཞའོ་ཕན་ལས་གཞན་ད་དུང་བུ་མོ་ཞིག་ཀྱང་ཡོད། གཅེས་མིང་ལ་པའོ་ཁྲ་ཟེར། ཞའོ་ཕན་ལས་ལོ་གཉིས་ཀྱི་ཆུང་། ལྷན་སྐྱེས་སུ་མཛེས་སྡུག་ལྡན་ཞིང་ཞི་ཞིང་དུལ་ལ། ལྷག་པར་ཉེ་བར་རྒྱལ་པོས་སྙན་ངག་དང་གུས་སྲོལ་ལ་རྩིས་ཆེན་མཛད་ཅིང་། ནུས་ལྡན་མི་སྣ་འཚོལ་བསྡུ་མཛད་ལ།ཁྱིམ་ཚང་གྲགས་ཅན་གྱི་བུ་མོ་ཚོར་ཡང་ཕོ་བྲང་དུ་མིང་བྱང་བཀོད་སྐལ་གནངས་སྟེ། སྲས་མོ་དང་རྒྱལ་སྲས་སོགས་ཀྱི་དཔེ་ཆ་ཀློག་རོགས་བྱེད་དུ་བཅུག་པས་ཐོས་པས། ཝང་བཟས་ཀྱང་བུ་མོ་རྒྱལ་ས་ཅིན་ཁྲིན་ལ་སྐྱེལ་ནས་འདེམས་མི་བྱེད་དུ་བཅུག་ན་འདོད་ཡོད། ཞའོ་ཕན་གྱིས་ཀྱང་གོ་སྐབས་བཟང་པོར་བསྟུན་ནས་རྒྱལ་ས་ཅིན་ཁྲིན་ལ་སྤྲོ་གསེང་དུ་འགྲོ་སྙམ་ཡོད་ལ། སྐབས་དེ་དག་དག་ལ་དབྱིན་ལན་དང་འཕྲད་པས་ཉོ་བའི་སེམས་ཐག་བཅད་ཅིང་། གཡོག་པོ་ཧའོ་ནུབ(གཡོག་པོ་སྟོབས་ཅན)མངགས་ཏེ་ཧྥུན་ཡོན་བསད། ཁོང་གིས་སྲོག་གཅོད་གྱོ ད་དོན་དེ་རྩིས་མེད་དུ་བཏང་སྟེ། ལམ་ཆས་དང་གྲོན་དངོས་སྒྲིག་གསོག་བྱས་ཏེ། ཨ་མ་དང་སྲིང་མོ་དང་བཅས་མཉམ་དུ་རྒྱལ་ས་ཅིན་ཁྲིན་ལ་སླེབས།
      ཉིན་དེར།  རྒྱལ་ས་ཅིན་ཁྲིན་ལ་ཐོན་ལ་ཉེ་དུས། ཝང་ཙི་ཐུན་ཡང་ཞིང་ཆེན་དགུའི་སྤྱི་དཔོན་དུ་གོ་གནས་འཕར་ཞིང་། རྒྱལ་པོའི་བཀའ་ལྟར་མཐའ་མཚམས་སུ་གཟིགས་སྐོར་དུ་སོང་པ་ཐོས་ཏེ། ཞའོ་ཕན་གྱི་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས། ཞང་པོ་རྒྱལ་ས་ཅིན་ཁྲིན་དུ་མི་བཞུགས་ལ། གཅུན་མཁན་ཡང་མེད་པས། རང་གཤིས་ལྟར་རང་མོས་གང་འདོད་ཅིག་སྒྲུབ་ཆོག་སྙམ་ཡོད། འོན་ཀྱང་ཨ་མས་སྲང་མོ་ཁྲིད་ནས་རོང་གོ་གཞིས་ཀའི་ཨ་ནེ་ཚང་དུ་འདུག་རྒྱུར་སེམས་ཐག་བཅད་ཡོད་པས། ཁོ་ཚོའི་རྗེས་སྙེག་ནས་མི་འགྲོ་ཀ་མེད་དུ་གྱུར།
       ཝང་ལྕམ་མོའི་ཞའོ་ཕན་གྱི་གྱོ ད་དོན་དེ་ཅཱ་ཡུས་ཚོན་གྱིས་མཐུ་ནུས་ལ་བརྟེན་ནས་ཞི་བས་ཐག་བཅད་པས། སེམས་ལྷོད་མ་ཐག་ཡིན་ལ། ཕུ་བོའང་མཐའ་མཚམས་སུ་འགྲོ་དགོས་པས། རང་ཡུལ་ནས་རང་དང་འགྲོ་འོང་བྱེད་མཁན་ཞིག་ཀྱང་མེད་སྙམ་སྟེ་སེམས་སྡུག་བྱེད་ཀྱིན་ཡོད་སྐབས།  ཁྱིམ་མིས“ཨ་ནེ་ཚང་གི་ཁྱིམ་མི་ཚང་མ་སླེབས་ཞེས”སྙན་ཞུས། ཝང་ལྕམ་མོས་དགའ་སྤྲོ་ཆེན་པོས་མྱུར་མོར་བསུ་བ་མཛད་ཅིང་། ཞའོ་ཨ་ནེ་ཚང་གི་བཟའ་མི་ཚང་མ་ཁྱིམ་དུ་གདན་དྲངས། གཅེན་གཅུང་གཉིས་མཉམ་འཛོམས་བྱུང་པས། ཕན་ཚུན་བར་གྱེས་གཏམ་དང་སེམས་ཁྲེལ་བརྗོད་སྲིད་པ་ནི་བཤད་མི་དགོས་པ་ཞིག་ཡིན།
     ཞའོ་ཕན་གྱིས་ཅཱ་ཀྲེན་དང་ཅཱ་ལེན་ལ་གུས་ཕྱག་ཕུལ་རྗེས། ཅཱ་ཧྲི་དང་ཅཱ་ཀྲིན་གཉིས་དང་ཐུག་ཕྲད་བྱས། ཅཱ་ཀྲེན་གྱིས་མི་མངགས་ནས། ཞའོ་ཚང་གི་བཟའ་མི་ལིས་ཞང་ཁང་ཁྱིམདུ་སྡོད་དུ་འཇུག་དགོས་པའི་གཏམ་བསྙད། ལིས་ཞང་ཁང་ཁྱིམ་ནི་སྔོན་ཆད་རོང་གོའི་སྐུ་ངོའི་རྒན་གསོ་བཞུགས་གནས་ཡིན་ལ། ཁྱོན་ཆུང་ཞིང་བཀོད་ལེགས་ལ། ཁང་མིག་བཅུ་ལྷག་ཡོད་ཅིང་། སྲང་ལམ་ཆེན་པོའི་ཕྱོགས་གཏད་པའི་སྒོ་ཆེན་ཞིག་ཡོད་ལ། ལྷོ་ནུབ་མཚམས་སུ་གློ་སྒོ་གཉིས་ཀྱང་ཡོད། སྒོ་དེ་གཉིས་ཝང་ལྕམ་མོའི་ཤར་ལྷས་དང་མཐུད་ཡོད། ཉིན་རེའི་དགོང་ཇའི་རྗེས་དང་མཚན་མོར། ཞའོ་ཨ་ནེ་དེར་སླེབས་ནས། པའོ་ཁྲ་དང་ཏའེ་ཡུས། དབྱིན་ཁྲོན་སོགས་མིང་སྲང་དང་མཉམ་དུ་དཔེ་ཆ་ལྟ་བ་དང་མིག་མངས་རྩེད་པ། ཡང་ན་འཚེམ་དྲུབ་གཉེར་པས། འཚོ་བར་སྤྲོ་སྐྱིད་ཆེན་པོ་ལྡན། །
(1)ཕོ་བྲང་ཨ་ཧྥང་ནི་ཆིན་རྒྱལ་རབས་ཀྱི་ཕོ་བྲང་ཡིན་ལ། སྤྱི་ལོ་སྔོན་གྱི་ལོ212 ལོ་ནས་བཟུང་བརྩིགས་འགོ་བརྩམས།  ཕོ་བྲང་གི་ཤུལ་དེ་ད་ལྟའི་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ནུབ་ཁུལ་གྱི་སྤྱི་ལི15མཚམས་ན་ཡོད།
(2)ཧྲི་ལ་ནང་དོན་གཉིས་ཡོད། ནང་དོན་དང་པོ་ནི་གཞིས་ཆེན་དམར་པོའི་རྨི་ལམ་དུ་བྱུང་པའི་གཞིས་ཆེན་བཞིའི་ཡ་གྱལ་ཧྲི་ཚང་ལ་གོ་བ་དང་། ནང་དོན་གཉིས་པ་ནི་དཔོན་ཐོབ་ཤིག་ལ་གོ་བ།
(3)ཝང་ཟེར་བར་ཡང་ཕྱོགས་གཅིག་ནས་གཞིས་ཆེན་བཞིའི་ཡ་གྱལ་ཝང་ཚང་ལ་གོ་ལ། ཕྱོགས་གཅིག་ནས་གནའ་རབས་ས་ཁུལ་གྱི་མངའ་བདག་ལ་གོ།
(4)ཁ་བ་ཆེ་ཞེས་ཁ་བ་ཞེས་ནི་རྒྱ་ཡིག་ཏུ་གཞིས་ཆེན་བཞིའི་ཞའོ་ཞེས་པར་སྒྲ་མཚུངས་པས། ཤུགས་ནས་ཞའོ་ཚང་བསྟན་པ་ཡིན།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།