རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་གསར་འགོད་པའི་ཚོགས་འདུ་བསྡུས་ནས་གླ་གཏོང་རླངས་འཁོར་བཅོས་སྒྱུར་དང་འཕེལ་རྒྱས་སྐོར་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚེས་བཅུ་བཞི་ཉིན་གསར་འགོད་པའི་ཚོགས་འདུ་བསྡུས་ནས། གླ་གཏོང་རླངས་འཁོར་བཅོས་སྒྱུར་དང་འཕེལ་རྒྱས་སྐོར་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་དབྱང་ཁྲོན་ཐང་གིས་བསྟན་དོན། གླ་གཏོང་རླངས་འཁོར་བཅོས་སྒྱུར་དང་དྲ་ཐོག་ནས་རླངས་འཁོར་འབོད་པའི་འབྲེལ་ཡོད་ཡིག་ཆ་ཁྱབ་སྒྲོག་བྱེད་པའི་བསམ་འཆར་བསྡུ་ལེན་བྱས་རྗེས་འཐུས་ཚང་དང་བཟོ་བཅོས་བྱེད་བཞིན་པའི་སྒང་ཡིན་པ་དང་མྱུར་དུ་ལག་བསྟར་བྱེད་རྒྱུ་རེད་ཟེར།

པུའུ་ཀྲང་དབྱང་ཁྲོན་ཐང་གིས་སྲོལ་རྒྱུན་གྱི་གླ་གཏོང་རླངས་འཁོར་གྱི་ཚོང་གཉེར་དབང་ཆ་དང་། སྐྱེལ་འདྲེན་རིན་གོང་ལམ་ལུགས། སྐྱེལ་འདྲེན་རྣམ་པའི་སྙོམས་སྒྲིག་དང་ཚོད་འཛིན་སོགས་ཐད་ཀྱི་བཅོས་སྒྱུར་བྱས་པ་བརྒྱུད་དེ། རླངས་འཁོར་ཁ་ལོ་བའི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་ཟེར།

སྒེར་ཁྱིམ་གྱི་རླངས་འཁོར་དྲ་ཐོག་ནས་འབོད་པའི་སྟེགས་བུར་ཞུགས་པ་དེ་བཅའ་ཁྲིམས་དང་འགལ་ཡོད་མེད་ཀྱི་དྲི་བར་དམིགས་ནས་དབྱང་ཁྲོན་ཐང་གིས་བསྟན་དོན། བྱ་སྤྱོད་དེ་དག་ད་ལྟའི་བཅའ་ཁྲིམས་ཁྲིམས་སྲོལ་དང་མི་མཐུན་ནའང་། བཅོས་སྒྱུར་བྱས་པ་ལས་ཞབས་ཞུའི་རྣམ་པ་དེ་དག་ལ་ཁྲིམས་དང་མཐུན་པའི་ཐབས་ལམ་ཞིག་གསར་སྐྲུན་བྱེད་ཐུབ་ངེས་ཡིན་ཟེར།

ཁོས་བཤད་རྒྱུར། སྒེར་གྱི་རླངས་འཁོར་དེ་དག་དྲ་ཐོག་ནས་འབོད་པའི་སྟེགས་བུར་ཞུགས་པ་དེ། གོ་རིམ་ངེས་ཅན་ཞིག་ནས་ཚད་དང་མཐུན་པའི་ཚོང་གཉེར་སྐྱེལ་འདྲེན་རླངས་འཁོར་ཏུ་གཏན་ལ་ཕབ་རྗེས། ད་གཟོད་ཚོང་གཉེར་རང་བཞིན་གྱི་སྐྱེལ་འདྲེན་ཞབས་ཞུ་འདོན་སྤྲོད་བྱས་ཆོག་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།