ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་​བདེ་ཆེན་ཁུལ་སོགས་ས་ཁུལ་གྱིས་ནགས་ལས་སྣོད་བཅུད་དབུལ་སྐྱོར་ལ་སྐུལ་འདེད་བཏང་སྟེ་དུད་ཚང་དབུལ་པོར“ལྗང་མདོག་དངུལ་ཁང”བཙུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཡུན་ནན་གྱི་རྫོང་དབུལ་པོའི་དུད་ཚང་དབུལ་པོར་དཔལ་འབྱོར་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི510ཡོད་པར་ཆ་སྙོམས་དུད་ཚང་རེར་མུའུ4.3ཟིན་གྱི་ཡོད། ཡུན་ནན་གྱི་སྟར་ཁ་དང་། ལུའུ་ཏན་གྱི་གཡེར་མ། རྒྱལ་མོ་རྔུལ་ཆུའི་ཀ་ཀོ་ལ་སོགས་ནི་དུད་ཚང་དབུལ་པོར་འབབ་འཕར་ཡོང་བའི“ལྗང་མདོག་དངུལ་ཁང”ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། ཡུན་ནན་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ཏེ་ལས་རིགས་ཀྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གྱིས་ནགས་ལས་དབུལ་སྐྱོར་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་བཅས་ས་ཁུལ་དབུལ་པོར་གཟིགས་སྐྱོང་བྱས་ཏེ་སྣོད་བཅུད་བཅོས་སྐྱོང་དང་། སྣོད་བཅུད་སྲུང་སྐྱོང་། སྣོད་བཅུད་ཐོན་ལས་དབུལ་སྐྱོར་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ན་ནིང་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་ས་ཁུལ་དབུལ་པོའི་ནགས་ལས་ཐད་མ་དངུལ་སྒོར་དུང་ཕྱུར84.31བཏང་བའི་ནང་ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྒོར་དུང་ཕྱུར40.31བཏང་ཡོད་པ་རེད།

ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་རེན་ཀྲེ་ཀྲུང་གིས་ཡུན་ནན་གྱིས་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་དང་རི་ཞིང་སྣོད་བཅུད་བཅོས་སྐྱོང་སོགས་སྣོད་བཅུད་འདུ་འགོད་ལག་བསྟར་བྱེད་སྐབས་ས་ཁུལ་དབུལ་པོར་སྔོན་ལ་གཟིགས་སྐྱོང་བྱས་ནས་ས་ཁུལ་དབུལ་པོའི་སྣོད་བཅུད་སླར་གསོ་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མི་འབོར་དབུལ་པོ་དེའི་ནང་ཞུགས་ཚད་དང་ཕན་པ་ཐོབ་ཚད་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

ལྗང་མདོག་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱ་རྒྱུའི་ཐད་ཡུན་ནན་གྱིས་དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཤིང་རིགས་སྣུམ་རྒྱུ་དང་། ནགས་ཁྲོད་དཔལ་འབྱོར། སྣོད་བཅུད་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས་སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཡོད།

2018ལོའི་ལོ་མཇུག་བར། ཡུན་ནན་ཞིང་ཆེན་ཡོངས་ཀྱི་དུད་ཚང་དབུལ་པོས་རིམ་རྩིས་བྱས་ན་རྨོ་བསྐྱུར་ནགས་གསོ་མུའུ་ཁྲི145.8བྱས་པར་ཁ་གསབ་སྤྲོད་པའི་དུས་ཚོད་ནང་དུད་ཚང་རེར་ཆ་སྙོམས་ཁ་གསབ་སྒོར7600ལྷག་ཙམ་སྤྲད་ཡོད། མང་ཚོགས་དབུལ་པོ་ཁྲི་8.27སྣོད་བཅུད་ནགས་སྲུང་བའི་ལས་གནས་ཐོག་བསྐྱོད་པའི་ནང་མི་ཁྲི2.28ཤིན་ཏུ་དབུལ་བའི“ཁུལ་གསུམ་དང་ཁུལ་གསུམ”གྱི་ཁོངས་སུ་གཏོགས་པའི་རྒྱལ་མོ་རྔུལ་ཆུ་ཁུལ་དང་བདེ་ཆེན་ཁུལ་གྱི་དུད་ཚང་དབུལ་པོ་ནས་ཡིན་པ་དང་། ཁུལ་གཉིས་ཀྱི་མི་འབོར་དབུལ་པོ་ཁྲི་8.41ལ་འབབ་འཕར་དབུལ་སྒྲོལ་བརྟན་པོའི་ངང་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དེས་ཁུལ་གཉིས་ཀྱི་མི་འབོར་དབུལ་པོའི་བསྡོམས་འབོར་གྱི35%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།