ཀྲུང་གོ་བོད་ཀྱི་དྲ་བ།

འཇོལ་རྫོང་གིས་བྱེད་ཐབས་གསུམ་སྤྱད་ནས་གལ་ཆེའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སྔོན་མར་འཇོལ་རྫོང་གིས་མགོ་མཇུག་བར་གསུམ་དུ་ལས་གཞི་འཛུགས་སྐྲུན་དེ་མཐོ་བརྒལ་འཕེལ་རྒྱས་ལ་སྙེགས་པའི་ཤུགས་འདོན་ས་གཙོ་བོ་བྱས་ཤིང་། སྔོན་ལ་འཆར་འགོད་དང་ཤུགས་འདོན་གནད་ཁེལ་བྱས་ནས། འཛུགས་སྐྲུན་དང་ཞབས་ཞུ། གསོག་འཇོག་གསུམ་དམིགས་སུ་དམ་འཛིན་གྱིས་གལ་ཆེའི་ལས་གཞིར་ཤུགས་ཆེན་པོས་སྐུལ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་བ་རེད། 

འཛུགས་སྐྲུན་དམ་འཛིན་གྱི་ཐད་ནས་འགན་འཁྲི་ལྟ་སྐུལ་གྱི་སྒྲིག་གཞི་ལག་ལྟར་བྱས་ཏེ། སྔར་ལས་ལྷག་པར་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ལས་གཞི་འཛུགས་སྐྲུན་བྱེད་པའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་སུ་བཏང་ལ། ཕྱོགས་ཡོངས་ནས་ལས་གཞི་དོན་འཁྱོལ་གྱི་རྩིས་ཁྲ་ཅན་དོ་དམ་བྱས་པས། དོན་དངོས་ཐོག་གཞུག་འདེད་ལྟ་སྐུལ་ལ་ཤུགས་སྣོད་བྱས་པ་རེད། ལོ་ཡོངས་ལ་གལ་ཆེའི་ལས་གཞི71འགོ་བརྩམས་ཤིང་། ལས་གཞི15ལེགས་འགྲུབ་བྱུང་བ་རེད། 

ཞབས་ཞུ་དམ་འཛིན་གྱི་ཐད་ནས་འཛུགས་སྐྲུན་དངུལ་གཏོང་ལས་གཞི་དྲ་ཐོག་ནས་ཞིབ་མཆན་འགོད་པའི་ལྟ་སྐུལ་སྟེགས་བུ་བཙུགས་པས། སྔར་ལས་ལྷག་པར་ལས་གཞི་སྔོན་ལ་ཞིབ་མཆན་འགོད་པའི་གོ་རིམ་ཚད་ལྡན་དུ་བཏང་ཞིང་། གལ་ཆེའི་ལས་གཞིར་ལྗང་མདོག་གི་ལམ་བུ་ཞིག་གཏོད་པ་རེད། ཕྱོགས་ཡོངས་ནས་ལས་གཞི་འཛུགས་སྐྲུན་གྱི་རྩིས་ཁྲའི་དོ་དམ་དོན་འཁྱོལ་ཐུབ་ལ། ཁྲིམས་ལྟར་ལས་གཞི་འཛུགས་སྐྲུན་ལ་ཤུགས་རྐྱེན་ཐེབས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་། 

 གསོག་འཇོག་དམ་འཛིན་གྱི་ཐད་ནས་གཟབ་ནན་གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་སྲིད་གཞུང་བཅས་ཀྱི་མ་དངུལ་བཏང་བའི་ཁ་ཕྱོགས་ལ་ཞིབ་འཇུག་བྱས་ནས། རྒྱལ་ཁབ་ཀྱིས་ཞིང་ཆེན་བཞིའི་བོད་ཁུལ་འཕེལ་རྒྱས་ཀྱི་བསམ་འཆར་དང་། ས་ཁུལ་གསུམ་དང་ཁུལ་གསུམ་གྱི་འཆར་འགོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རྨང་གཞི་བརྟན་པ་དང་ཕན་ཡུན་རིང་བ། དམངས་ཕན་བཅས་ཡིན་པའི་གལ་ཆེའི་ལས་གཞི136འཛུགས་སྐྲུན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།