པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་སྒྲིག་གཞི་ཚོད་ལྟ་ལས་ཀ་བདེ་བླག་ངང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།  ཀྲི་གུང་ཏང་ཀྲུང་དབྱང་བརྟག་ཞིབ་ཚོ་ཆུང་གིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་།  ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན།  རྒྱལ་ཁབ་དར་འཕེལ་སྒྱུར་བཅོས་ཨུ་ལྷན་གྱིས2016ལོའི་ཟླ10པར《སེམས་ཀྱི་ཉི་ཟླ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་བྱེད་ཁུལ་གྱི་ཚོད་ལྟ་ལག་བསྟར་བྱ་ཐབས》ཞིབ་མཆན་གནང་བ་ནས་བཟུང་། ཡུན་ནན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་གི་ཡང་དག་པའི་མཛུབ་སྟོན་འོག བདེ་ཆེན་ཁུལ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ལས་ཀའི་སྐུལ་སྤེལ་འགོ་ཁྲིད་ཚོ་ཆུང་གིས་བྱེད་ཐབས་སྣ་མང་སྤྱོད་ཡོད་པ་དང་ཚོད་ལྟ་ལས་ཀ་དེ་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།

2009ལོར་རྒྱལ་ཁབ་ནགས་ལས་ཅུས་ཁུན་མིང་རྩད་ཞིབ་ཇུས་འགོད་གླིང་གིས་《པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》སྒྲིག་སྟེ།  ཞིང་ཆེན་རིམ་པའི་ཆེད་མཁས་པས་ཞིབ་དཔྱད་བརྒྱུད་པ་དང་ཞིང་ཆེན་སྲིད་གཞུང་གིས་ལག་བསྟར་ཆོག་མཆན་གནང་ནས།  ཀྲུང་གོའི་སྐམ་ས་ཆེན་པོའི་ཐོག་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ཨང་དང་པོར་གྱུར།  2013ལོའི་ཟླ11པའི་ཚེས13ཉིན་དུ་ཁུལ་མི་དམངས་སྲིད་གཞུང་གིས་《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་དོ་དམ་སྲོལ་ཡིག》 དངོས་སུ་འདོན་པ།  《འཆར་འགོད》དང་《སྲོལ་ཡིག》གཉིས་བཏོན་པ་ནས་བཟུང་། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དང་དོ་དམ་སོགས་ཀྱི་ཐད་ལ་མཛུབ་སྟོན་གྱི་ནུས་པ་ཆེན་པོ་བཏོན་པ་དང་།  རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དང་དར་འཕེལ་ལ་དགེ་མཚན་ལྡན་པའི་རྟོག་ཞིབ་བྱས་པ་རེད།

2016ལོར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་བྱེད་ཁུལ་བཅུའི་ནང་གི་ཡ་གྱལ་གཅིག་ཏུ་བྱས་པ་ནས་བཟུང་།   པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་བྱེད་ཁུལ་འཛུགས་སྐྲུན་གྱིས་ཐོག་མཐའ་བར་གསུམ་དུ་“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་།  ནན་ཏན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་“རི་ལྗང་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག   ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ཀྱི་ནུས་ཤུགས་སྲུང་སྐྱོང་བྱེད་པ་དང་འདྲ”ཞེས་པའི་དཔལ་འབྱོར་དར་འཕེལ་གྱི་བསམ་བློ་གསར་པ་སློབ་སྦྱོང་རྒྱུན་འཁྱོངས་བྱེད་པ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨང་དང་པོར་བཞག་པའི་རྨང་གཞིའི་སྟེང་དུ་སྲིད་གཞུང་དང་ཁེ་ལས།  སྡེ་ཁུལ་བཅས་ཀྱིས་མཉམ་འཇོག་མཉམ་སྐྲུན་མཉམ་རོལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་གསར་སྤེལ་དཔེ་དབྱིབས་འབུར་དུ་ཐོན།  ཁུལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོང་བྱེད་པའི་རྨང་གཞིའི་སྟེང་དུ་ཧུར་བརྩོན་གྱིས་ཚོད་ལྟ་ལས་ཀ་ལ་སྐུལ་སྤེལ་གཏོང་བ་རེད།

ད་ལོའི་ཟླ4པའི་བར་དུ།  སྔ་ཡོད་ཀྱི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་བལ་ཐག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་གཉིས་ཀྱིས་སྡེབ་སྒྲིག་ལས་ཀ་གྲུབ་ཡོད་པ་དང་།  པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་གཙོ་བོའི་དོ་དམ་ལས་ཁུངས་རགས་ཙམ་ཆགས་ཡོད།  པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནང་ཁོངས་ཀྱི་ཐོན་ཁུངས་ལ་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་པའི་ཆེད་དུ།  ད་ལོའི་ཟླ10པར་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གི་ཡིག་ཆ་ལ་གཞིགས་ནས།  ཁུལ་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་དེ་དང་མཐུན་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་།  མིག་སྔར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་བདག་དབང་གཏན་འཁེལ་ཐོ་འགོད་ལས་ཀ་ལ་བདེ་བླག་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་རེད། །              

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།