ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་ཏན་ཏིག་གིས་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་དོན་དུ་འཁྱོལ་བ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་ཆུའི་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ནན་ཏན་ངང་ཀྲུང་དབྱང་གི་ཆེས་ཏན་ཏིག་གིས་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་བསྟར་བྱེད་པའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱེད་པ་དང་།  བདེ་ཆེན་ཁུལ་གྱི་ཆུའི་ཐོན་ཁུངས་ཀྱི་ད་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས།  《བདེ་ཆེན་ཁུལ་ཆུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག》གཏན་འབེབས་དང་དངོས་སུ་བཏོན་ཏེ།  རང་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་ལས་ཀ་ལ་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་བྱས་པ་རེད།

གཅིག་ནི་ཆུ་ལེན་ཆོག་པ་དང་ཆུའི་ཐོན་ཁུངས་ཀྱི་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་ལམ་ལུགས་ཚད་ལྡན་དུ་གཏོང་བ།   ཆུ་ལེན་དུས་ཐོ་འགོད་དགོས་པ་དང་ཆུ་སྤྱོད་ན་དངུལ་སྤྲོད་དགོས་པའི་རྩ་དོན་ལྟར།   གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་ཆུ་ཤུགས་གློག་འདོན་ས་ཚིགས་སོགས་ཐད་ཀར་ཆུ་བོ་དང་གཙང་པོ་ནས་ཆུ་ལེན་མཁན་ལ་ཏན་ཏིག་གིས་ཆུ་ལེན་ཆོག་པའི་ལམ་ལུགས་ལག་བསྟར་བྱས།  མིག་སྔའི་བར་དུ་ཁུལ་ཡོངས་སུ་ཆུ་ལེན་ཆོག་པའི་ལག་ཁྱེར113ཡོད་དེ་ལེན་ཆོག་པའི་ཆུའི་ཚད་ནི་སྨི་གྲུ་བཞི་ལྷམ་མ་དུང་ཕྱུར146.01ཡོད།  ཆུ་ལེན་མཁན་ལ་ཆུའི་ཐོན་ཁུངས་ཀྱི་རིན་ལེན་པ་དང་ཉེ་བའི་ལོ་འགར།  ལོ་ལྟར་རིམ་པ་ཁག་གི་ཆུའི་སྲིད་འཛིན་སྡེ་ཚན་གྱི་ཆུའི་ཐོན་ཁུངས་ཀྱི་རིན་སྒོར་ཁྲི3000ལྷག་ལེན་པ་རེད།

གཉིས་ནི་ཆུ་བོར་ཞུགས་པའི་བཙོག་འབུད་མདོ་ཁ་ལ་ལྟ་སྐུལ་དང་དོ་དམ་ཚད་ལྡན་དུ་གཏོང་བ།   ཁུལ་ཡོངས་སུ་ཚད་གཞི་ཡན་གྱི་ཆུ་བོར་ཞུགས་པའི་བཙོག་འབུད་མདོ་ཁ་6ཡོད་པ་དང་།   《ཡུན་ནན་ཞིང་ཆེན་ཆུ་བོར་ཞུགས་པའི་བཙོག་འབུད་མདོ་ཁའི་ལྟ་སྐུལ་དང་དོ་དམ་བྱ་ཐབས》ལ་གཞིགས་ནས། ཆུ་བོར་ཞུགས་པའི་བཙོག་འབུད་མདོ་ཁའི་དོ་དམ་ཡིག་ཚགས་དང་བསྡོམས་རྩིས་ལམ་ལུགས་བཙུགས་པ་དང་།  ཆུ་བོར་ཞུགས་པའི་བཙོག་འབུད་མདོ་ཁའི་ཞུ་ཡིག་དང་ཞིབ་བཤེར་ཆོག་མཆན།  ཐོ་འགོད་ཀྱི་འབྲེལ་ཡོད་ཡིག་ཆ་དང་དུས་རྒྱུན་གྱི་ལྟ་སྐུལ་དང་ཞིབ་བཤེར་གནས་ཚུལ་ལ་ཡིག་སྒྲིལ་བཟོ་བ་དང་ཡིག་ཚགས་སུ་འཇུག་པ།  ཆུ་བོར་ཞུགས་པའི་བཙོག་འབུད་མདོ་ཁའི་དོ་དམ་སྒྲིག་གཞི་བཙུགས་ནས་ཆུའི་འབག་བཙོག་གི་དོན་རྐྱེན་བྱུང་བར་སྔོན་འགོག་བྱས་པ།

གསུམ་ནི་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱི་སྐྱེ་ཁམས་བཞུར་ཚད་ཀྱི་ལྟ་སྐུལ་དོ་དམ་ལས་ཀ་བྱེད་ཤུགས་ཆེར་གཏོང་བ།  ཁུལ་ཡོངས་ཀྱི་ཆུ་ཤུགས་གློག་འདོན་ས་ཚིགས་ལ་སྐྱེ་ཁམས་བཞུར་ཚད་ཀྱི་སྒྲིག་བཀོད་དང་ལྟ་ཞིབ་སྒྲིག་བཀོད་འཛུགས་སྐྲུན་གྱི་བླང་བྱ་ནན་པོ་བཏོན་ཏེ།  ཆུ་བོའི་སྐྱེ་ཁམས་བཞུར་ཚད་འགན་ལེན་བྱས་ནས།  ཚད་ཆེ་ཤོས་ཀྱིས་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་མང་ཚོགས་ཀྱི་ཁེ་ཕན་ལ་བཟོ་པའི་གནོད་པ་ཉུང་དུ་གཏོང་བ་དང་།  ཆུ་བོའི་བདེ་ཐང་ཚེ་སྲོག་སྲུང་སྐྱོང་བྱས་པ།

བཞི་ནི་འཐུང་ཆུའི་ཆུ་ཁུངས་ས་ཆའི་སྲུང་སྐྱོང་ལས་ཀ་བྱེད་ཤུགས་ཆེར་གཏོང་བ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྲམ་སྣ་ཆུ་མཛོད་དང་ཁམས་གསར་ཆུ་མཛོད།  འཇོལ་རྫོང་གི་ཆུ་སྐོར་ལུང་ཆུ་སོགས་གྲོང་ཁྱེར་དང་གྲོང་ཁུལ་གྱི་འཐུང་ཆུའི་ཆུ་ཁུངས་ས་ཆ་ལ་སྲུང་སྐྱོང་ཁུལ་བགོར་བ་དང་།  འཐུང་ཆུའི་ཆུ་ཁུངས་ས་ཆའི་མཚོན་རྟགས་འཛུགས་སྐྲུན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།