ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོ་ཞིག་གི་ཕྱི་སྦྱོང་སློབ་མས་ཡུན་ནན་བདེ་ཆེན་དུ་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ཉམས་སུ་མྱོང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ནས24ཉིན་བར། “ཀྲུང་གོའི་མཚར་སྡུག་ངོམས·2018ལོའི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མས་ཀྲུང་གོའི་ནུབ་རྒྱུད་དུ་བསྐྱོད་པ”ཞེས་པའི་བྱེད་སྒོའི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མ21ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏུ་བསྐྱོད་དེ་བོད་རིགས་ས་ཁུལ་གྱི་རིག་གནས་ཉམས་ལེན་དང་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ཉམས་སུ་མྱོང་བཞིན་ཡོད།

“ང་གནམ་གྲུ་ནས་བབས་རྗེས་ཁུན་མིན་དུ་བརྒྱབ་པའི་པར་དང་པོ་ནི་སྤྲིན་པ་ཡིན། ཡུན་ནན་གྱི་སྔོ་ཤིང་དྭངས་པའི་ནམ་མཁའ་དང་སྤྲིན་དཀར་ཚོམ་བུས་ང་ལ་བག་ཆགས་ཧ་ཅང་བཟང་པོ་བཞག་བྱུང་། མྱོང་ཚོར་འདི་ལྟ་བུ་སེམས་ཀྱི་ཉི་ཟླ་བར་རྦད་དེ་བྱུང”ཞེས་བྷང་ག་ལའི་ཕྱི་སྦྱོང་སློབ་མ་ཧན་སེན་གྱིས་བཤད།

སེམས་ཀྱི་ཉི་ཟླར་ཧན་སེན་དང་ཁོང་གི་གྲོགས་པོ་ཚོས་མཉམ་དུ་རྡོ་མཁར་གནའ་གྲོང་དང་། སྲོང་བཙན་གླིང་དགོན་པ། བདེ་ཆེན་ཀྲོའུ་བཙུགས་ནས་ལོ་60འཁོར་བའི་རྟེན་རྫས་བཤམས་མཛོད་ཁང་བཅས་སུ་ལྟ་སྐོར་བྱས་ཤིང་། དེ་གར་ཡོད་པའི་བྱ་དངོས་ཡོད་དོ་ཅོག་གིས་ཁོང་ཚོ་ཡ་མཚན་དང་མཛེས་སྡུག་གི་འཇིག་རྟེན་ཞིག་ཏུ་འཁྲིད།

“ངས་སེམས་ཀྱི་ཉི་ཟླར་རིག་གནས་ཀྱི་རྣམ་པ་ཟབ་མོ་ཚོར་བྱུང་ལ། ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་གཞུང་དུ་རླངས་འཁོར་མང་པོ་དང་སྣོད་བཅུད་ཁོར་ཡུག་བཟང་པོའང་མཐོང་བྱུང་། ནགས་ཕག་མཚོ་དྭངས་ཤིང་གཙང་བ་ནི་དངོས་གནས་སེམས་ལ་གཡོ་འགུལ་ཐེབས་འོས་པ་ཞིག་འདུག”ཅེས་ཧན་སེན་གྱིས་བཤད།

རྒྱ་ཆེ་བའི་གཞུང་ལམ་བརྒྱུད་ལྟ་སྐོར་ཚོགས་པ་མུ་མཐུད་མདུན་དུ་ཤར་རེར་བསྐྱོད་ཅིང་། ནགས་ཚལ་གྱི་ཁྲོད་ནས་གྲལ་སྟར་འགྲིག་པའི་དེང་རབས་ཀྱི་གྲོང་ཚོ་མིག་མདུན་དུ་མངོན། ཕྱི་སྦྱོང་སློབ་མ་ཚོས་ད་དུང་ཉི་ཤར་ཤང་དུ་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“ཉི་ཤར་རྫ་ནག”བཟོ་རྩལ་ལ་ལྟ་བར་ཕྱིན་པ་རེད།

རྫ་ནག་བཟོ་ཁང་དུ་ཨེ་ཅེབ་ཀྱི་ཕྱི་སྦྱོང་སློབ་མ་ཝང་ཤའོ་ཡིས་རང་ཉིད་ཀྱིས་བཟོས་པའི་རྫ་ནག་ཐོག་གཟབ་གཟབ་སིག་སིག་ངང་རྒྱ་ཡིག་དང་། ཨ་རབ་ཡི་གེ དབྱིན་ཡིག་བཅས་བྲིས་ཤིང་། ཝང་ཤའོ་ཡིས་སྤུས་ཀ་དག་པའི་སྒྱུ་རྩལ་བརྩམས་ཆོས་དེས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་བྱུང་ནས་དབུལ་སྒྲོལ་ཡོང་རྒྱུར་རོགས་རམ་ཐུབ་པ་ཤེས་རྗེས། ཉི་ཤར་རྫ་ནག་ལ་དགའ་བའི་སེམས་པ་གནོན་ཐབས་བྲལ། ཁོ་མོས“ངས་བརྩམས་ཆོས་འདི་ཉོ་འདོད་འདུག འདི་དངོས་གནས་ངོ་མཚར་ཞིག་རེད”ཅེས་བཤད། ཝང་ཤའོ་རང་ཉིད་ཀྱིས་བཟོས་པའི་རྫ་ནག་དེ་ཡུལ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་སོ་བཏང་རྗེས་ཁོ་མོར་བསྐུར་རྒྱུའི་ཁ་ཆད་བྱས།

དེང་གི་ཆར། བདེ་ཆེན་ཀྲོའུ་དེ་ཡོངས་ཀྱི་ཤང་གྲོང་29ཚང་མར་སྣུམ་ནག་ལམ་དང་། འགྲུལ་སྐྱེལ་རླངས་འཁོར། སྦྲག་སྐྱེལ་བཅས་ཤར་གཏོང་ཡིན་པས། དེ་སྔ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་དང་། ཧན་སེན་གྱིས་ལམ་བར་དུ“སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་ཡོད་དོ་ཅོག”བར་མཚམས་མེད་པར་པར་དུ་བླངས། ཧྥ་རན་སེ་དང་། པར་ཙིར། མོ་ཞི་ཁོ་བཅས་ཀྱི་ཕྱི་སྦྱོང་སློབ་མས་ཡུན་ནན་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཚང་མ་ལམ་བར་ནས་མྱོང་ཚོར་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཀྲུང་གོའི་མཚར་སྡུག་ངོམས·2018ལོའི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མས་ཀྲུང་གོའི་ནུབ་རྒྱུད་དུ་བསྐྱོད་པ”ཞེས་པའི་ལྟ་སྐོར་བྱེད་སྒོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། སློབ་གསོ་པུའུ་དང་། ཡུན་ནན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་གཉེར་རོགས་བྱས་པ། གླིང་ཆེན་ལྔའི་བརྒྱུད་སྤེལ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། ཀྲུང་གོ་མི་དམངས་སློབ་ཆེན་དང་། པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན། པེ་ཅིང་སྐད་ཡིག་སློབ་ཆེན་བཅས་ནས་ཡོང་བའི་ཕྱི་སྦྱོང་སློབ་མ43གྱིས་སི་ཁྲོན་དང་ཡུན་ནན་གྱི་བོད་རིགས་ས་ཁུལ་དུ་བསྐྱོད་དེ་པར་རིས་དང་། བརྙན་པར། ཡི་གེ་སོགས་ཐབས་ལམ་བརྒྱུད་འཛམ་གླིང་ལ་ཁོང་ཚོས་མཐོང་ཐོས་མྱོང་གསུམ་བྱུང་བའི་ཀྲུང་གོའི་ནུབ་རྒྱུད་བསྟན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།