བདེ་ཆེན་ཁུལ་གྱི་གྲོང་སྡེ73ལ་སྐྱེ་ཁམས་དཔལ་ཡོན་གྲོང་སྡེ་ཞེས་པའི་མིང་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བདེ་ཆེན་ཁུལ་གྱི་འབོར་ཐེངས་གསུམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་སྡེའི་མིང་བཀོད་པའི་སྐོར་གྱི་གཏན་འབེབས》དཔར་འགྲེམས་བྱས་ཤིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་སྡེ་སོགས་སྲིད་འཛིན་གྲོང་སྡེ73ལ་བདེ་ཆེན་ཁུལ་གྱི་འབུར་ཐེངས་གསུམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་སྡེའི་མིང་བཀོད་པ་རེད།དེའི་ནང་དུ།འབའ་ལུང་རྫོང་ལ་གྲོང་སྡེ57ཡོད་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་གྲོང་སྡེ13ཡོད་པ།འཇོལ་རྫོང་ལ་གྲོང་སྡེ3ཡོད་པ་རེད།

《གཏན་འབེབས》ཐོག་བླང་བྱ་བཏོན་དོན།མིང་བཀོད་ཐོབ་པའི་གྲོང་སྡེ་ཡིས་རྩ་ཆེའི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་ཡག་པོ་བྱེད་དགོས་པ་དང་།ཕྱོགས་ཡོངས་ནས་གྲོང་སྡེའི་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་ཁོར་ཡུག་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་མུ་མཐུད་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་།ནུས་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་པར་བྱས་རྗེས་འཇོག་དགོས།

དུས་ཡུན་རིང་པོའི་ཚུན་དུ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཞེངས་པ་དང་ཏན་ཏིག་གིས་“སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྤེལ་བའི”འཐབ་ཇུས་ལག་བསྟར་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་ཤང་(གྲོང་རྡལ)དང་སྐྱེ་ཁམས་དཔལ་ཡོན་གྲོང་སྡེའི་འཛུགས་སྐྲུན་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་དོན་དུ་བྱས་པ་དང་།དེ་བཞིན་གྲོང་སྡེ་གསར་པའི་འཛུགས་སྐྲུན་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་དངོས་ཡོད་དང་ཟུར་འབྲེལ་བྱས་ནས།ཤུགས་ཆེས་སྐྱེ་ཁམས་ཞིང་ལས་དང་སྐྱེ་ཁམས་ནགས་ལས།སྐྱེ་ཁམས་གྲོང་རྡལ།སྐྱེ་ཁམས་རིག་གནས།སྐྱེ་ཁམས་ཡུལ་སྐོར།སྐྱེ་ཁམས་ཁྱིམ་གཞིས་བཅས་འཛུགས་སྐྲུན་བྱས་ནས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་ལ་སྐུལ་འདེད་བཏང་བས།ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་ཀ་གོམ་བརྟན་ངང་སྐུལ་འདེད་བཏང་བ་དང་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།དེས་ས་ཁོངས་ཀྱི་གྲོང་གསེབ་ཁོར་ཡུག་སྲུང་སྐྱོང་དང་།གྲོང་གསེབ་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཡོང་བར་དཔེ་སྟོན་ཕན་ནུས་ལེགས་པོ་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།