ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་ཁོངས་སུ་འགྲིམ་འགྲུལ་ཆག་སྒོ་ཞིག་བྱུང་སྟེ་མི10གྲོངས་པ་དང་མི38ལ་རྨས་སྐྱོན་ཕོག་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

123.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བརྡ་ཁྱབ་བཏང་བར་གཞིགས་ན། སྤྱི་ཟླ3ཚེས2ཉིན་གྱི་ཆུ་ཚོད23དང་སྐར་མ33སྐབས། ལིན་ཚང་གྲོང་ཁྱེར་ནས་ཁུན་མིང་གྲོང་ཁྱེར་ཕྱོགས་སུ་བསྐྱོད་པའི་རླངས་འཁོར་གྱི་འཁོར་རྟགས་ཁྲོནL50862ཡིན་པའི་ལྕགས་ཁོག་ཨར་འདམ་སྐྱེལ་འདྲེན་ལྗིད་ཐེག་རླངས་འཁོར་ཞིག་(རླངས་འཁོར་དུ་མི2ཡོད་པ)དང་ཀེང་མ་ནས་ཁུན་མིང་གྲོང་ཁྱེར་ཕྱོགས་སུ་བསྐྱོད་པའི་རླངས་འཁོར་གྱི་འཁོར་རྟགས་ཡུནS18558ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་(རླངས་འཁོར་དུ་མི47བསྡད་ཆོག་པ་དང་། དོན་དངོས་སུའང་མི47བསྡད་ཡོད་ཅིང་། ཁ་ལོ་བ་གཉིས་ཀྱང་ཚུད་པ)གཉིས་ཞང་ལིན་གཞུང་ལམ་གྱི་མ་ཨན་རི་བོའི་ཕུག་ལམ་ཉེ་འགྲམ་དུ་ཟུར་རྡེབ་བྱུང་བས། འགྲུལ་སྐྱེལ་རླངས་འཁོར་ལམ་འགྲམ་དུ་ལོག་པ་དང་། ལྕགས་ཁོག་ལྗིད་ཐེག་རླངས་འཁོར་མགོ་རྟིང་ལོག་ནས་ལམ་འོག་ཏུ་ལྷུངས་པས། མི9དོན་རྐྱེན་བྱུང་སྐབས་རང་སར་གྲོངས་པ་དང་། མི1ལ་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་བྱུང་བར་གྲོངས་པ། མི38ལ་ཚད་མི་འདྲ་བའི་རྨས་སྐྱོན་ཕོག་པ་རེད།

བརྡ་ཁྱབ་ཏུ་ལིན་ཚང་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་འགྲིམ་འགྲུལ་ཆག་སྒོ་བྱུང་རྗེས་མྱུར་དུ་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱས་ནས་གྲོང་ཁྱེར་དང་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པ་དང་། མེ་གསོད་མེ་འགོག120མྱུར་སྐྱོབ། བདེ་འཇགས་ལྟ་སྐུལ། འཕྲོད་བསྟེན། འགྲིམ་འགྲུལ་བཅས་སྡེ་ཁག་གི་མི་སྣ་ཡུལ་དངོས་སུ་བསྐྱོད་དེ་མྱུར་སྐྱོབ་ལས་དོན་སྤེལ་ཡོད་ཅེས་བརྗོད་པ་རེད།

མིག་སྔར་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། འགྲིམ་འགྲུལ་ཆག་སྒོ་འབྱུང་རྐྱེན་བརྟག་དཔྱད་དང་སྐྱོན་མཇུག་ལེགས་བསྡུས་ཐག་གཅོད་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།