མདུན་ཤོག- གསར་འགྱུར།- བོད་ཁུལ་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་གནོད་སྐྱོན་སྔོན་འགོག་བྱེད་པའི་སྐོར་གྱི་དྲིལ་བསྒྲགས་བྱ་བ་བཀོད་སྒྲིག་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཀྲུང་གོ་བོད་ཀྱི་དྲ་བ།  2010-05-12 11:09

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས10ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པ་བརྒྱུད།  བདེ་ཆེན་ཁུལ་དམངས་སྲིད་ཅུའུ་ཡིས་སྣེ་ཁྲིད་འོག བདེ་ཆེན་ཁུལ་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཅུའུ་དང་བདེ་ཆེན་ཁུལ་འཛུགས་སྐྲུན་ཅུའུ།  བདེ་ཆེན་ཁུལ་འགྲིམ་འགྲུལ་ཅུའུ་སོགས་ལས་ཁུངས20ལྷག་གིས་རྒྱལ་ཡོངས་ཀྱི་གནོད་སྐྱོན་སྔོན་འགོག་ཉིན་མོ་དང་གནོད་སྐྱོན་སྔོན་འགོག་ཐད་ཀྱི་དྲིལ་བསྒྲགས་གཟའ་འཁོར་རྩ་འཛུགས་དང་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས།  
  ད་ལོའི་ཟླ5བའི་ཚེས12ཉིན་ནི་རང་རྒྱལ་གྱི“རྒྱལ་ཡོངས་ཀྱི་གནོད་སྐྱོན་སྔོན་འགོག་ཉིན་མོ་”ཐེངས་གཉིས་པ་ཡིན།  ད་ལོའི“རྒྱལ་ཡོངས་ཀྱི་གནོད་སྐྱོན་སྔོན་འགོག་ཉིན་མོའི”བྱ་གཞག་སོ་སོ་ལེགས་པོ་སྒྲུབ་ཏེ།  སྔར་ལས་ལྷག་པར་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་གནོད་སྐྱོན་སྔོན་འགོག་བྱེད་པའི་འདུ་ཤེས་མཐོར་འདེགས་བྱེད་པ་དང་།  སྤྱི་ཚོགས་ཡོངས་ཀྱི་གནོད་སྐྱོན་སྔོན་འགོག་བྱེད་པའི་ནུས་ཤུགས་ཇེ་མཐོར་གཏོང་ཆེད།  ད་ལོར་བདེ་ཆེན་ཁུལ་གྱིས་ཕྱོགས་ལྔ་ནས་ཟླ5བའི་ཚེས12ཉིན་གྱི་རྒྱལ་ཡོངས་ཀྱི་གནོད་སྐྱོན་སྔོན་འགོག་ཉིན་མོ་དང་གནོད་སྐྱོན་ཇི་ལྟར་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་གཟའ་འཁོར་སྤེལ་རྒྱུ་རེད།  གཅིག  གསར་འགྱུར་སྨྱད་བྱད་སྡེ་ཁག་གདན་ཞུ་ཞུས་ཏེ་གནོད་སྐྱོན་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ་རྒྱུ་དང་།  གཉིས། གནོད་སྐྱོན་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་བྱ་འགུལ་སློབ་གྲྭ་སོ་སོ་ནས་སྤེལ་རྒྱུ་ཡིན་པ།  གསུམ། ཤང་དང་གྲོང་རྡལ་ནས་གནོད་སྐྱོན་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ།  བཞི། གྲོང་རྡལ་དང་ཤང་རིམ་པའི་གཞི་རིམ་འདུས་སྡོད་ཁུལ་དུ་ཉེན་ཁ་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་རྒྱུ་ཡིན་པ།  ལྔ། ཀྲུང་གོ་འགུལ་སྤོ་ཀུང་ཟི་དང་ཀྲུང་གོ་གློག་འཕྲིན་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་བདེ་ཆེན་ཁུལ་ཡོངས་སུ་གནོད་སྐྱོན་སྔོན་འགོག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་བའི་ནང་དོན་ཚང་མ་བརྡ་འཕྲིན་གྱི་ལམ་ནས་དྲིལ་བསྒྲགས་བྱེད་རྒྱུ་བཅས་ཡིན།  །