ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ཐབས་མང་མཉམ་སྤྱོད་ཀྱིས་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ལས་ཞུགས་ནི་སྲོག་རྩ་ལྟ་བུ་ཡིན་པས་ལྟེ་བར་འཛིན་པ་དང་སློབ་བསྡུ་དང་ལས་ཞུགས་ཀྱི་ལས་དོན་ཏན་ཏིག་སྤེལ་བའི་དམིགས་ཚད་མཐའ་འཁྱོངས་བྱས་ནས། སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་ཆེད་བྱེད་ཐབས་མང་པོའི་སྒོ་ནས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྤེལ་བ་རེད།

ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་གཞོགས་འདེགས་ཀྱིས་ཁེ་ལས་མང་པོ་སྒྲིག་འཛུགས་བྱས་ཏེ། སློབ་གྲྭར་རྟོག་ཞིབ་བྱེད་པར་ཡོང་བ་མ་ཟད། སློབ་གྲྭས་སྣེ་ཁྲིད་དེ་ཁེ་ལས་མང་པོ་སྒྲིག་འཛུགས་བྱས་ནས་སློབ་གྲྭར་ཤེས་ལྡན་པ་བསྡུ་བའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཆེ་གྲས་ཀྱང་འཚོགས་པ་རེད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་རང་འགུལ་ངང་ཁྲོམ་རར་བརྟག་ཞིབ་ཧུར་ཐག་བྱས་ཏེ། ཤེས་ལྡན་པ་མཁོ་བའི་ལྷ་སའི་ཁྲོམ་རའི་གནས་ཚུལ་གཞིར་བཟུང་། སློབ་བསྡུ་དང་ཆེད་ལས་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་། རང་འགུལ་ངང་ཁེ་ལས་མང་པོ་སློབ་གྲྭར་ལྟ་སྐོར་དང་བརྟག་ཞིབ་བྱེད་པར་གདན་དྲངས་ནས“སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་མངགས་ཐོའི་གསོ་སྐྱོང”གི་སློབ་གཉེར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ། ལས་བཟོ་དང་དགེ་རྒན་དང་། ཁེ་ལས་ཀྱི་ལེགས་ཆ་ཕན་ཚུན་གསབ་རེས་ཀྱིས་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཡོད། མིག་སྔར། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་། ལྷ་ས་གྲོང་ཁྱེར་སེམས་སྐྱིད་ཀུང་སི། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སི། ཤམ་བྷ་ལ་གསོལ་མགྲོན་ཁང་ཆེ་མོ། སྒྲོལ་མ་སྨན་ཁང་། ལྷ་ས་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་ཆེ་མོ་སོགས་ལས་ཁུངས་དང་ཁེ་ལས། དེ་བཞིན་བྱ་གཞག་ཚན་པ148དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་མ་ཟད། ཆེད་ལས་རྩལ་ནུས་ཤེས་ལྡན་པའི་མངགས་ཐོའི་གསོ་སྐྱོང་རྟེན་གཞི78བཙུགས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།