བོད་ལྗོངས་འཕེལ་རྒྱས་ཁྲོད་ཀྱི“མེས་རྒྱལ་གྱི་སྟོབས་ཤུགས”གླེང་བ།

ལྷབ་ལྷུབ་ཏུ་འབབ་པའི་གངས་ཀྱི་ཁྲོད་ཝང་ཆོན་ཆོན་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ལྷ་ཉིང་ལྕགས་ལམ་རྟེན་གཞི་ནས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་ལས་ཡུལ་དུ་བསྐྱོད་དེ་ལས་དོན་ཁག་ལ་ཞིབ་བཤེར་ཞིབ་ཕྲ་བྱས་རྗེས་བཟོ་པ་ཚོས་ལྕགས་ལམ་འདིང་བའི་ལས་བྲེལ་རྣམ་པ་པར་བླངས།

ཞིབ་བཤེར་འདི་འདྲ་ཉིན་གཉིས་གསུམ་ལ་ཐེངས་རེ་བྱེད་དགོས་ཤིང་། ཝང་ཆོན་ཆོན་ནི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལྷ་ཉིང་ལྕགས་ལམ་ལས་གྲྭ་བཀོད་འདོམས་པུའི་བཀོད་འདོམས་དཔོན་ཡིན་པ་དང་ཁོང་གི་རུ་ཁག་དེས་ལྕགས་ལམ་འདིང་བའི་འགན་འཁུར་གྱི་ཡོད།

ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་པ་དང་། ལྷ་ས་གྲོང་ཁྱེར་ནས་ཉིང་ཁྲི་གྲོང་ཁྱེར་བར་འདིང་བའི་ལྕགས་ལམ་གྱི་རིང་ཚད་ལ་སྤྱི་ལེ་435ལྷག་ཙམ་ཡོད་ལ། ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།

ལོ་44ལ་སླེབས་པའི་ཝང་ཆོན་ཆོན་ནི་བོད་ཀྱི་ལྕགས་ལམ་གྱི་འཛུགས་སྐྲུན་པ་དང་དཔང་པོ་ཞིག་རེད། ལོ་15ཡི་གོང་ཁོང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མྱོང་ཡོད།

སྐབས་དེ་དུས་ལོ་29ལ་སླེབས་པའི་ཝང་ཆོན་ཆོན་གྱིས་རང་འགུལ་ངང་རེ་ཞུ་ཕུལ་རྗེས། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་པ་མ་ཟད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་ཚོགས་པའི་ཀུང་སི་གསུམ་པའི་མཚོ་བོད་ལྕགས་ལམ་རྣམ་གྲངས་པུའུ་བཞི་པའི་ཏང་ཨུད་ཧྲུའུ་ཅི་བྱས། “མཚོ་བོད་ལྕགས་ལམ་ནི་འགྲན་སློང་དང་དོན་སྙིང་ལྡན་ལ་རླབས་ཆེའི་ལས་གྲྭ་ཞིག་རེད”ཅེས་ཝང་ཆོན་ཆོན་གྱིས་བཤད།

དེ་སྔ་ས་མཐོའི་གནམ་གཤིས་མ་འཕྲོད་པའི་དབང་གིས་ཁོང་སྨན་ཁང་དུ་ཐེངས་གཉིས་ལུས་མྱོང་ཡོད། འོན་ཀྱང་དཀའ་ཚེགས་ཀྱི་ཁོར་ཡུག་ལ་དཔའ་མ་ཞུམ་པར། ཁོང་གིས་རུ་སྣེ་ཁྲིད་དེ་ངོ་མཚར་རེ་རེ་བཞིན་བཏོད་ཡོད།

སྔར་སོང་གི་ལས་དོན་སྐོར་གླེང་སྐབས། ཁོང་གི་མིག་ལ་མཆི་ཞག་འཁོར་བཞིན་མཁའ་ལམ་ཤར་གཏོང་ཐུབ་སྐབས་སེམས་ཀྱི་རྡོག་ཁྲེས་བབས་ནས་དགའ་ངུ་ཤོར་བྱུང་ཞེས་བཤད། 2018ལོའི་ཟླ་5པར། ཁོང་སླར་ཡང་བོད་དུ་ཡོང་ནས་ལྷ་ཉིང་ལྕགས་ལམ་འདིང་བའི་འགན་འཁྲི་ལྕི་པོ་དང་དུ་བླངས། ཁོང་གིས“ཁྲོན་བོད་ལྕགས་ལམ་བསྐྲུན་ཚར་རྗེས། ངའི་ལས་འགན་འགྲུབ་པ་རེད”ཅེས་བཤད།

མིག་སྔར་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་གཙོ་བོ་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་རྩ་བའི་ཆ་ནས་གྲུབ་ཅིང་། 2018ལོའི་ལོ་མཇུག་བར། བོད་ཀྱི་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། 2006ལོར། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ། 2014ལོར། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ། ད་ཆ་བོད་དུ་ཤར་གཏོང་ཐུབ་པའི་གནམ་ཐང་5དང་རྒྱལ་ཕྱི་རྒྱལ་ནང་དུ་ཤར་གཏོང་ཐུབ་པའི་མཁའ་ལམ་92ཡོད།

དབྱར་མཚོ་རྒྱས་པར་ལྟར་འཕེལ་རྒྱས་ཕྱིན་པའི་འགྲིམ་འགྲུལ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ལོ་དྲུག་ཅུའི་འོད་སྟོང་འབར་བའི་གྲུབ་འབྲས་འདི་དག་ཀྲུང་དབྱང་སྲིད་གཞུང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་བཅས་དང་ཁ་འབྲལ་ཐབས་མེད།

ཀྲུང་དབྱང་གིས་བོད་ལ་བཏང་བའི་ནོར་སྲིད་ལ་ཆ་མཚོན་ན། 1980ལོ་ནས་2018ལོ་བར། ཀྲུང་དབྱང་གིས་བོད་ཀྱི་ནོར་སྲིད་ཐད་ཁ་གསབ་དངུལ་སྒོར་དུང་ཕྱུར་12377.3བཏང་བ་དེས་བོད་ཀྱི་ས་གནས་ནོར་སྲིད་བསྡོམས་འབོར་གྱི་གཏོང་སྒོའི་91%བཟུང་ཡོད།

སློབ་གསོའི་ལས་གནས་ཐོག་ལེགས་སྐྱེས་ལོ་28འབུལ་མྱོང་བའི་བོད་ཡིག་དགེ་རྒན་ཕུར་སྒྲོན་གྱིས་ཀྱང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་ཕྱིན་པར་དཔང་པོ་བྱས།

ཁོང་ད་ལྟ་དགེ་རྒན་བྱེད་སའི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་ནི་བཅིངས་འགྲོལ་བཏང་ནས་ཡུན་རིང་མ་སོང་བར་བཙུགས་པ་ཞིག་ཡིན་ཞིང་། ལོ་60ཡི་རིང་། སློབ་གྲྭར་དེ་སྔ་སྟབས་བདེའི་ཁང་པ་ཐོག་གཅིག་མ་ཁ་ཤས་ལས་མེད་པ་ནས་ད་ཆ་ས་ཁྱོན་སྨི་ངོས་གྲུ་ཁྲི་2ཙམ་ཡོད་པའི་ཐོག་བརྩེགས་སློབ་ཁང་ཡོད་པ་དང་། ཐོག་མའི་སློབ་མ་400ཙམ་ནས་ད་ཆའི་སློབ་མ་2499བར་མང་དུ་སོང་བ། དེ་སྔའི་དགེ་རྒན་དང་ལས་བཟོ་40ནས་ད་ཆའི་168བར་མང་དུ་སོང་བ་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད།

ནང་སའི་བོད་ལྗོངས་འཛིན་གྲྭ་དང་སློབ་གསོའི་བོད་སྐྱོར་གྱིས་བོད་ལ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་ལ་ནུས་པ་གལ་ཆེན་བཏོན་ཡོད། རྒན་ཕུར་སྒྲོན་ལགས་ཀྱིས་འཁྲིད་མྱོང་བའི་སློབ་ཐོན་སློབ་མ་ཁག་གསུམ་ཙམ་ད་ཆ་སྦྱངས་འབྲས་ཐོན་ནས་ཕ་ཡུལ་དུ་ཕྱིར་ལོག་བྱས་རྗེས་ལས་རིགས་ཁག་ཏུ་རང་ཉིད་ཀྱི་སྟོབས་ཤུགས་དང་ལེགས་སྐྱེས་འབུལ་བཞིན་ཡོད།

2017ལོར་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་པེ་ཅིང་གི་བོད་སྐྱོར་དགེ་རྒན་དྲུག་འབྱོར་རྗེས། སློབ་གྲྭ་དང་ནང་སའི་དབར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་སྔར་བས་ཐེབས་ཡོད།

བོད་རྙིང་པར་སློབ་གསོ་དང་ལེན་བྱེད་མཁན་མང་ཆེ་བ་སྐུ་དྲག་གི་ཕྲུ་གུ་ཤ་སྟག་ཡིན་པ་དང་། མི་འབོར་གྱི་95%བཟུང་བའི་ཞིང་བྲན་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་མེད། མིག་སྔར། བོད་ཀྱིས་ཕྱོགས་ཡོངས་ནས་སློབ་གསོའི“འགན་ལེན་གསུམ”(ལྟོ་དང་། ཉལ་ཁང་། སློབ་ཡོན་བཅས་འགན་ལེན་བྱེད་པ)གྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། 2018ལོ་བར། བོད་དུ་དར་མའི་ཡིག་རྨོངས་བ་0.52%བར་ཆག་ཡོད།

ལམ་ཤར་གཏོང་མི་ཐུབ་པ་དང་སློབ་གྲྭ་བསྐྱོད་མི་ཐུབ་པའི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ནས་སྡོད་ཁང་སྐྱོ་ཁུལ་ནས་སྤོ་བ་དང་དབུལ་པོའི་གནས་ལས་ཐར་ཐབས་བྱས་ཡོད། མིག་སྔར། བོད་ཀྱི་མི་འབོར་དབུལ་པོ་ཁྲི་15བར་ཆག་པས་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་རེ་ཡོད་པ་རེད།

ལོ་30ལ་སླེབས་པའི་རྡོ་རྗེ་འགྱུར་མེད་ནི་དེ་སྔ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་བྱང་གསུམ་ཤང་ཕྱ་གཡག་གྲོང་ཚོ་ནས་ཡིན་ཞིང་། 2018ལོའི་ཟླ་11པར། ས་གནས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་རྗེས། རྡོ་རྗེ་འགྱུར་མེད་ཀྱི་ནང་མི་ལྔ་པོ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོར་སྤོས་ཤིང་། ད་ཆ་ཁོང་ཚོ་སྲིད་གཞུང་གིས་རིན་མེད་ངང་སྤྲད་པའི་ཐོག་གཉིས་མའི་ཁང་པར་སྡོད་ཀྱི་ཡོད་པ་དང་བཟའ་ཟླར་ཡང་ལས་ཀ་ཡོད་པ་དང་ཟླ་རེར་གླ་ཆ་སྒོར་3600ཡོད་ལ། ཕྲུ་གྲུ་གཉིས་ཀྱང་རང་ཁྱིམ་གྱི་སྒོ་རྩར་ཡོད་པའི་བུ་བཅོལ་ཁང་ལ་གཏོང་གི་ཡོད།

“ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གིས་གནང་བ་ཞིག་རེད། ང་ཚོའི་འཚོ་བ་ད་དུང་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་རྡོ་རྗེ་འགྱུར་མེད་ཀྱིས་བཤད། གྲོང་ཚོ་གསར་པར་སྤོས་རྗེས། སྲིད་གཞུང་གིས་ཁོང་ཚོའི་ཁྱིམ་ལ་ས་ཞིང་མུའུ་6བགོས་པས་ཁོང་གི་སེམས་དེ་བས་ལྷོད་དུ་བབས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།