ལོ་དྲུག་ཅུའི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལས་བྱུང་བ་ཞིག་རེད།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གཏམ་དགུ་པ།    

ལོ60ཡི་གོང་ཀྲུང་གོ་གུང་ཁྲན་ཏང་གིས་ཞིང་བྲན་ཁྲི་ཚོ་བརྒྱའི་སྣེ་ཁྲིད་དེ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་མུན་ནག་དང་རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མགོ་རྟིང་སློག་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་རྐྱང་བཙུགས་པས། སྤྱི་ཚོགས་ལམ་ལུགས་ལ་རླབས་ཆེའི་འཕོ་འགྱུར་བྱུང་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་ལྡན་པ་ནི་ང་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས་འཕེལ་རྒྱས་དང་ཡར་ཐོན་ཟམ་མི་ཆད་པ་བྱུང་བའི་རྩ་བའི་འགན་ལེན་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་མི་དམངས་ཀྱི་བྱེད་པོའི་གནས་བབ་འགན་ལེན་ཏན་ཏིག་བྱས་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བ་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱ་རྒྱུ་དང་། སྲུང་སྐྱོང་ཡག་པོ་བྱ་རྒྱུ། འཕེལ་རྒྱས་ཡག་པོ་གཏོང་རྒྱུ་བཅས་མཐའ་འཁྱོངས་བྱས་ཡོད། ལམ་ལུགས་དེས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ“སྐད་ཆ་ཤོད་ཤེས་པའི་དུད་འགྲོ”དང“འགྲོ་ཤེས་པའི་ལག་ཆ”ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ངལ་རྩོལ་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། སྤྱི་ཚོགས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་ཆེན་པོ་བྱུང་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གང་ལེགས་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐུབ་ཡོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གི་བོད་རྙིང་པར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པ་དང་དཔལ་འབྱོར་རྦད་དེ་ཉམས་རྒུད་དུ་འགྲོ་བའི་གནས་སུ་གྱར་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དབང་ལམ་ལུགས་མཐའ་འཁྱོངས་དང་། མིས་མི་ལ་བཤུ་གཞོག་གཏོང་བའི་ལམ་ལུགས་མེད་པར་བཟོ་རྒྱུ་མཐའ་འཁྱོངས་བྱས་ཏེ་གང་ནུས་དེ་སྒྲུབ་དང་རྩོལ་བསྟུན་ཐོབ་སྤྲོད་ཀྱི་རྩ་དོན་ལ་གཞིགས་པ་དང་། ལྷག་པར་དུ་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་གཏོད་བྱས་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ40ལྷག་ཙམ་རིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆུ་ཚད་རིམ་བཞིན་རྒྱལ་ཡོངས་ཀྱི་གོམ་སྟབས་ཀྱི་རྗེས་བསྙེགས་པ་དང་། དཔལ་འབྱོར་གྱི་སྤྱི་འབོར་མཆོང་སྐྱོད་ཧ་ཅང་ཆེན་པོ་བྱུང་བ། དཔལ་འབྱོར་གྲུབ་ཆར་རྩ་བ་ནས་འགྱུར་ལྡོག་བྱུང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། 2018ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1477.63ཟིན་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་བསྡུར་ཚད42.5%དང48.7%སོ་སོར་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར33797ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11450ཟིན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་པའི་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ཟམ་མི་ཆད་པར་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་དང་སྐུལ་འདེད་ཏན་ཏིག་བཏང་བ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་ཡོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གི་བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་ཁོ་པ་ཚོའི་གདུག་རྩུབ་ཆེ་བའི་དབང་སྒྱུར་ལ་སྲུང་སྐྱོང་བྱེད་ཆེད། ཆབ་སྲིད་ཐད་མི་ལ་རབ་འབྲིང་ཐ་གསུམ་དང་རིམ་པ་དགུར་དབྱེ་བ་དང་། དཔལ་འབྱོར་ཐད་གདུག་རྩུབ་ཆེ་བའི་བཤུ་གཞོག་གཏོང་བ། བསམ་བློའི་ཐད་ལྷ་དབང་ལ་བརྟེན་ནས་རྒྱ་ཆེའི་ཞིང་བྲན་ལ་ཚོད་འཛིན་བྱེད་པས། དྲང་སྙོམས་དང་དྲང་བདེན་ཟེར་བ་ཡེ་ནས་གླེང་ཐབས་བྲལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་ཆབ་སྲིད་ཐད་ཐོག་མཐའ་བར་གསུམ་དུ་བཅའ་ཁྲིམས་ཀྱི་མདུན་དུ་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ལྡན་པས་མི་ལུས་རང་དབང་དང་མི་གཤིས་དང་ལ་རྒྱ་སོགས་དབང་ཆ་ཁག་ཚང་མར་བཅའ་ཁྲིམས་ཀྱི་འདྲ་མཉམ་འགན་ལེན་ཐོབ་ཡོད། དཔལ་འབྱོར་ཐད་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་བ་དང་། 1980ལོ་ནས2018ལོ་བར་ཀྲུང་དབྱང་གིས་བོད་ལ་ནོར་སྲིད་ཀྱི་ཁ་གསབ་བསྡོམས་སྒོར་དུང་ཕྱུར12377.3སྤྲད་པ་དེས་བོད་ཀྱི་ས་གནས་ནོར་སྲིད་ཀྱི་གཏོང་སྒོའི་བསྡོམས་འབོར་གྱི91%བཟུང་ནས་དམངས་འཚོ་ལེགས་སུ་ནུས་ལྡན་ཕྱིན་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པ་དང་། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ཡོད། ལམ་ལུགས་དེ་ནི་རྒྱ་ཁྱབ་དམངས་གཙོ་དང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་བྱས་པ་དང་། དམངས་གཙོའི་ཐབས་ཇུས་དང་ནུས་ཆེའི་ལག་བསྟར་གཅིག་གྱུར་བྱས་པ་ཞིག་ཡིན་པས། ཐོན་ཁུངས་བསྡུ་སྒྲིལ་ནུས་པ་དང་། སྤྱི་འདོམས་མཐུན་སྦྱོར་ནུས་པ། སྒྲིག་འཛུགས་སྐུལ་སློང་ནུས་པ། ཐབས་ཇུས་ལག་བསྟར་ནུས་པ། ཉེན་ཁར་ཁ་གཏད་འཇལ་ནུས་བཅས་ཧ་ཅང་ཆེན་པོ་ཡོད། བོད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཚང་མར་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ཏེ་རྒྱལ་ཡོངས་ཀྱི་སྟོབས་ཤུགས་སྤྱད་ནས་བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་དང་། གཟིགས་སྐྱོང་སྲིད་ཇུས་དང་མི་རྒྱུ་དངུལ་གསུམ་ཕོན་ཆེན་བཏང་ནས་བོད་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་བསྣན་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱས་ཡོད། ལམ་ལུགས་དེས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་ལམ་ལུགས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་རིགས་ཁག་དང་རིམ་གྲས་ཁག་གི་ཁེ་ཕན་ལ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ནས་ལྟ་རྟོག་བྱས་པ་དང་། ཞི་མཐུན་གྱི་ཆ་མང་དུ་གཏོང་གང་ཐུབ་དང་ཞི་མཐུན་མེད་པའི་ཆ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་གཅིག་སྡུད་གཅིག་གྱུར་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཟུང་འབྲེལ་དམ་ཟབ་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱིས་རང་ཁྱིམ་རང་བདག་དང་རང་མི་རིགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་མངོན་པ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་འཕེལ་རྒྱས་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།