ལོ་དྲུག་ཅུའི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་རེད།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གཏམ་བརྒྱད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་ཉེ་རབས་ཚུན་གྱི་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་འགྲུབ་མ་ཐུབ་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་ཐུབ་དོན་ནི། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་པ་དང་ཆབས་ཅིག་ལག་ལེན་ནང་མར་ཁེ་སི་རིང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་གོང་འཕེལ་བཏང་བས་ཡིན”ཞེས་བསྟན་གནང་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60སོང་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་ཐོག་ནས་མར་ཁེ་སི་རིང་ལུགས་ལ་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་ལྡན་ལུགས་མངོན་ཡོད།

ལོ60ཡི་གོང་། མའོ་ཙེ་ཏུང་གི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་དེ་སྤྱི་ཚོགས་རྙིང་པ་གཏོར་ནས་སྤྱི་ཚོགས་གསར་པ་བསྐྲུན་ཡོད། ཏང་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རིགས་པའི་གཞུང་ལུགས་སྤྱད་དེ་བློ་ཐག་ཆོད་པོས་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་དང་བོད་དམག་མི་དགོས་པ་བཟོས་པ་དང་ཆབས་ཅིག་བོད་ལྗོངས་མི་དམངས་ཀྱི་མགོ་ཐོག་ནས་གནོན་པའི“དབང་ཆ”འཕྲོག་པ་རེད། དཔལ་འབྱོར་གྱི་རྨང་གཞིས་སྟེང་གི་བཀོད་པ་གཏན་འཁེལ་བྱེད་པའི་རིགས་པའི་གཞུང་ལུགས་སྤྱད་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་དཔལ་འབྱོར་དབང་བའི་ལམ་ལུགས་མེད་པར་བཟོས་ནས་ཐོན་སྐྱེད་རྒྱུ་ཆ་མི་དམངས་ལ་སྤྲད་པས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་མི་ལུས་རང་དབང་ཐོབ་སྟེ་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་པ་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སྤྱི་ཚོགས་ཀྱི་འདུ་ཤེས་ཀྱིས་སྤྱི་ཚོགས་གནས་པར་ལྡོག་པའི་ནུས་པ་ལྡན་པའི་རྩ་བའི་རིག་པ་སྤྱད་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་འདུ་ཤེས་འཛིན་སྟངས་མེད་པར་བཟོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་བཏོད་དེ་རྒྱ་ཆེའི་ཞིང་བྲན་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་དང་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་རྙིང་པ་མེད་པར་བཟོ་བའི་ནང་ཞུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ“སྲིད་དབང”འཕྲོག་པ་རེད།

མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་མཁན་ཡིན་པའི་རྩ་བའི་རིག་པ་སྤྱད་དེ་མང་ཚོགས་དམངས་གཙོའི་བཅོས་སྒྱུར་དང་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བའི་ནང་ཞུགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་བྱ་གཞག་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་རྒྱལ་ཁབ་དང་བོད་ཀྱི་རིམ་ཁག་ས་གནས་ཀྱི་ལས་དོན་དོ་དམ་ནང་ཞུགས་པས་རྒྱལ་ཁབ་ཀྱི་བདག་པོ་དང་བོད་ཀྱི་བདག་པོར་གྱུར་ཡོད་ལ། ཡར་ལངས་ཞིང་བྲན་མང་པོ་ཞིག་དང་ཁོང་ཚོའི་རྗེས་རབས་པ་ད་དུང་འགོ་ཁྲིད་ཀྱི་ལས་གནས་ཐོག་སླེབས་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་སྤྱད་དེ་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་། མཐོ་རིམ་རྒྱལ་གཅེས་ཡར་ཐོན་མི་སྣ་འགུག་ཐབས་དང་མཐུན་སྒྲིལ་བྱེད་པ། དམངས་གཙོའི་བཅོས་སྒྱུར་གྱི་བརྒྱུད་རིམ་ནང་ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་དང་མི་ཞུགས་མཁན་གྱི་ཞིང་བྲན་བདག་པོ་དབྱེ་བ་འབྱེད་པ། ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་ཞིང་བྲན་བདག་པོའི་ཐོན་སྐྱེད་རྒྱུ་ཆ་གཞུང་བཞེས་གཏོང་བ། ངོ་ལོག་ཟིང་འཁྲུག་ནང་མི་ཞུགས་མཁན་གྱི་ཞིང་བྲན་བདག་པོའི་ཐོན་སྐྱེད་རྒྱུ་ཆ་བླུ་ཉོ་བྱེད་པ་བཅས་བྱས་ཡོད། ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱད་དེ་ཆོས་དད་རང་མོས་ལ་བརྩི་འཇོག་དང་གྲུབ་མཐའ་ཁག་དབར་འདྲ་མཉམ་མཐའ་འཁྱོངས་བྱས་ནས་ཆོས་སྲིད་ལོགས་དབྱེ་བྱས་ཏེ་ཆོས་ལུགས་ལ་ལྡན་པའི་ཐོག་མའི་རྣམ་པ་སླར་གསོ་བྱས་ཡོད། མི་རིགས་ཀྱི་རིགས་པའི་གཞུང་ལུགས་སྤྱད་དེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་ཀྱི་འབྲེལ་བ་གསར་པ་བཏོད་ཡོད། མའོ་ཙེ་ཏུང་དགོངས་པའི་མཛུབ་ཁྲིད་འོག་བོད་ལ་ལོ་རྒྱུས་ཐོག་ཆེས་རྒྱ་ཁྱབ་དང་། ཆེས་གཏིང་ཟབ། ཆེས་རླབས་ཆེན་བཅས་ཀྱི་སྤྱི་ཚོགས་འཕོ་འགྱུར་བྱུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཆེད་རྒྱ་ཆེ་བའི་འགྲོ་ལམ་བཏོད་ཡོད་ལ། རྨང་གཞིའང་བརྟན་པོ་བཏིང་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ལྗོངས་དུས་རབས་གསར་པར་སླེབས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བྱུང་ཡོད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“ངེས་པར་དུ་དྲུག”གི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་པ། དེ་ཐོག་ནས་རང་རེའི་ཏང་གིས་བོད་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག བོད་ཀྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་དར་རྒྱས་གོང་འཕེལ་ཕྱིན་ནས2018ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1477.6ཟིན་པ་དེ1959ལོ་ལས་ལྡབ191འཕར་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་དངོས་འབྲེལ་བསྐྱོད་ཡོད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་རྣམ་བཤད་གལ་ཆེན་བཏོན་ནས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞིའི་གཙོ་གནད་གསལ་སྟོན་དང་། ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ”མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི“བརྟན་ལྷིང་ཐད་རང་འགུལ་དུ་འགྱུར་བའི”འདུན་པ་དེ་བས་ཤུགས་ཆེར་ཕྱིན་ཡོད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་ལས་འགན་གཙོ་བོ་བཏོན་ནས་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་ཆེད་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་པ་དང་སྦྲགས“བློ་བརྟན་འགྱུར་མེད་ལྔ”དང“འགན་ལེན་ལྔ”ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འགྱུར་མེད་ཀྱི་དད་སེམས་སུ་གྱུར་ཡོད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞི་བཏོན་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བོད་ལྗོངས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲག་རྒྱུན་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པ་བཅས་བྱས་པས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་བཏོན་ནས་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་ཆེད་ཚད་འཇལ་གྱི་ཚད་གཞི་མཁོ་འདོན་བྱེད་པ་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། རྨང་གཞི་བརྟན་གཏོང་བཅས་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་སྤྱིའི་དམ་འཛིན་བྱེད་གཞིར་གྱུར་ཡོད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་བཏོན་ནས་བློ་བརྟན་འགྱུར་མེད་ངང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་པས2018ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་སྒོར33797དང་སྒོར11450ཟིན་པ་དང་ཆབས་ཅིག་ད་ལྟའི་འཚོ་བའི་གནས་ཚུལ་ལ་མང་ཚོགས་བློ་ཡིད་ཚིམ་ཚད97%ལྷག་ཙམ་ཟིན་ཡོད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་བཏོན་ནས“སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་ཏན་ཏིག་ངང་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་པས་མིག་སྔར་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི41.22ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི34.35%བཟུང་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཐེར་འདོན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་དར་ཆ་གསལ་སྟོན་གྱིས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱས་ཡོད། བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལེགས་པར་སྒྲུབ་པའི་ཆོས་ཉིད་གསལ་འགྲེལ་གཏིང་ཟབ་བྱས་ཏེ་བོད་བརྒྱུད་ནང་བསྟན་ལ་དོ་དམ་བྱེད་པའི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་ཁྲིད་ཧུར་ཐག་བྱས་པས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད། ཏང་གིས་བོད་དུ་སྲིད་སྐྱོང་བའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་ཏང་གི་འགོ་ཁྲིད་ནི་བོད་ཀྱི་ལས་དོན་མཐའ་དག་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་གསལ་པོར་སྟོན་པ་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་གྱི་རྩ་འཛུགས་བཅས་འཛུགས་སྐྱོང་ནུས་ལྡན་བྱེད་པ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྲ་ཞིང་བརྟན་པ་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་མཆིས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།