ལོ་དྲུག་ཅུའི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ཡང་དག་པའི་འགྲོ་ལམ་ལས་བྱུང་བ་ཞིག་རེད།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གཏམ་བདུན་པ།    

འགྲོ་ལམ་དེ་མདུན་ལམ་དང་ལས་དབང་གཉིས་ཀ་དང་འབྲེལ་བ་དམ་ཟབ་ཡོད། ལོ་དྲུག་ཅུའི་གོང་གི་བོད་ལ་འགྲོ་ལམ་གཉིས་ཀྱི་གདམ་ག་འཕྲད་ཡོད་དེ། གཅིག་ནི་མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་འོག་གི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འགྲོ་ལམ་དང་། གཅིག་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རེད། ཞི་བས་བཅིངས་འགྲོལ་བཏང་རྗེས། བོད་ཀྱི་མི་དམངས་ཀྱིས་ལོ་བརྒྱད་ལྟ་ཞིབ་བྱས་པ་དང་ལོ་བརྒྱད་བསྡུར་བ་བྱས་མཐར་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བདམས་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལས་བོད་ལྗོངས་མི་དམངས་འོད་སྟོང་འཕྲོ་བའི་ལམ་བུའི་ཐོག་བསྐྱོད་ཡོད། འགྲོ་ལམ་འདིའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དབང་སྒྱུར་ལས་བསྒྲལ་ནས་མངའ་བདག་ཆེན་པོ་གསུམ་གྱིས་འཕྲོག་པའི་ཞིང་བྲན་གྱི་དབང་ཆ་མཐའ་དག་བླངས་པ་དང་ཞིང་བྲན་གསོད་གསོན་འཕྲོག་སྟེར་གྱི་དབང་ཆ་དང་དེ་བཞིན་ཞིང་བྲན་གྱི་མི་ལུས་ཚོད་འཛིན་དང་བྲན་བཀོལ་གྱི་སྒེར་གཅོད་དམིགས་བསལ་དབང་ཆའི་ལམ་ལུགས་སྟངས་འཛིན་བྱས་ཡོད། དེ་དང་ཆབས་ཅིག་བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། མི་དམངས་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་བཙུགས་ནས་མི་དམངས་དམངས་གཙོའི་དེང་རབས་སྤྱི་ཚོགས་སུ་བསྐྱོད་པས་མི་རིགས་ཁག་གི་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་རེ་འདུན་རྦད་དེ་གྲུབ་ཡོད་ལ། རྩ་ཁྲིམས་དང་དམངས་གཙོ་ཆབ་སྲིད་ལམ་ལུགས་ཀྱིས་དཀྲིས་པའི་འདྲ་མཉམ་རང་དབང་གི་དབང་ཆ་ལོངས་སྤྱོད་གང་ལེགས་ཐུབ་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལས་བོད་ལྗོངས་མི་དམངས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཡོད། འགྲོ་ལམ་འདིའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཡ་ང་སྙིང་རྗེ་མེད་པའི་དཔལ་འབྱོར་གྱི་གཉའ་གནོན་ལས་ཐར་ཐབས་བྱས་ནས་མངའ་བདག་ཆེན་པོ་གསུམ་གྱིས་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ཧ་ལམ་ཡོངས་རྫོགས་བདག་གིར་བཟུང་བ་དང་། ཞིང་བྲན་ལ་གདུག་རྩུབ་ཀྱི་ཁྲལ་རིགས་སྣ་ཚོགས་འཇལ་དུ་བཅུག་པའི་བཤུ་གཞོག་ལམ་ལུགས་མེད་པར་མཐར་ཕྱིན་བཟོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་བཙུགས་པ་དང་འབྲེལ། ཞིང་བྲན་བདག་པོ་ས་ཞིང་དབང་བའི་ལམ་ལུགས་དེ་ཞིང་པར་ས་ཞིང་དབང་བའི་ལམ་ལུགས་སུ་བསྒྱུར་ཡོད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཉིད་ཀྱི་ཐོན་སྐྱེད་རྒྱུ་ཆ་ཡོད་པ་དང་། ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ། དུས་ཡུན་རིང་པོ་འགོག་གནོན་ཐེབས་པའི་མི་རིགས་ཁག་གི་མི་དམངས་ཀྱི་ངལ་རྩོལ་གྱི་ཧུར་སེམས་དང་གསར་གཏོད་ཀྱི་སྤྲོ་སེམས་རབ་ཏུ་རྒྱས་པ་བཅས་བྱུང་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་ཡོད་པས་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལས་བོད་ལྗོངས་མི་དམངས་ཤེས་དཔལ་གྱི་ལམ་བུར་བསྐྱོད་ཡོད། འགྲོ་ལམ་འདིའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཆོས་ལུགས་ཀྱི་འཆིང་རྒྱའི་ལྕགས་སྒྲོག་ལྕི་པོ་ལས་ཐར་ཐབས་བྱས་ནས་མངའ་བདག་ཆེན་པོ་གསུམ་གྱིས་ཆོས་ལུགས་སྤྱད་དེ“བདེ་བ་ཅན་གྱི་ཞིང་ཁམས”དང“བདེ་སྐྱིད་ཀྱི་ཚེ་ཕྱི་མ”འུད་སྒྲོག་དང་། བསམ་པ་དང་རིག་གནས་འཚོ་བ་སྒེར་སྡེམ་བྱས་པའི་ལྷ་དབང་ལམ་ལུགས་རྦད་དེ་མེད་པར་བཟོས་ནས་བྲན་དུ་བཀོལ་ཡུལ་གྱི་ལས་དབང་གི་ཁ་ལོ་བསྒྱུར་བ་དང་ཆབས་ཅིག དེང་རབས་ཤེས་དཔལ་གྱི་འཚོ་བ་ལོངས་སུ་སྤྱོད་ཐབས་བྲལ་བའི་གནས་ཚུལ་ལ་འགྱུར་ལྡོག་བཏང་ཡོད། བོད་ཀྱིས་ཚན་རིག་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཤུགས་ཆེན་བཏང་བས་མི་རིགས་ཁག་གི་མི་དམངས་ལ་སློབ་གསོ་དང་ལེན་གྱི་དབང་ཆ་འགན་ལེན་གང་ལེགས་ཐུབ་པ་དང་། རང་ངོས་ཀྱི་བྱང་ཚད་དང་ངལ་རྩོལ་རྩལ་ནུས་མཐོ་རུ་ཕྱིན་པ། རང་རྟོགས་ངང་ཚན་རིག་གོང་དུ་བཀུར་བ་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལ་ངོ་རྒོལ་བྱེད་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་ཕྱིན་པ་བཅས་བྱུང་ནས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བའི་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁོ་ནས་མ་གཏོགས་བོད་ལྗོངས་སྐྱོབ་མི་ཐུབ་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད། འགྲོ་ལམ་གཉིས་ཀྱི་འཐབ་རྩོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་སྟོབས་ཤུགས་ལྷག་འཕྲོ་སླར་གསོའི་འགྲོ་ལམ་ལས་རྣམ་པར་རྒྱལ་ཡོད། ཏཱ་ལའི་རུ་ཚོགས་ཀྱིས་ཆབ་སྲིད་ཀྱི་བླ་མའི་དབང་ཆ་འདོར་མི་འདོད་པར་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱ་རྒྱུའི་རེ་ངན་བཅངས་ཏེ་ལོ་རྒྱུས་ཀྱི་འཁོར་ལོ་ལྡོག་ཕྱོགས་སུ་གཏོང་བ་དང་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རྦད་དེ་རྒྱབ་འགལ་བྱས་པས་འགྲོ་ལམ་གང་ཡང་མེད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཁོ་ནས་མ་གཏོགས་བོད་ལྗོངས་འཕེལ་རྒྱས་གཏོང་མི་ཐུབ་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་པ་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ལྟ་རེས་སྐྱོང་རེས་དང་དྲིན་ཚོར་ངང་མདུན་དུ་སྐྱོད་པ། བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་གོང་འཕེལ་དང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཞི་མཐུན། སྣོད་བཅུད་བཟང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།